རྔ་བ་རྒྱལ་ཁམས་པ།
མཚོ་སྐྱེས་བླ་མའི་གསང་གསུམ་བཀོད་པ་ལས།།
གྲུབ་གཉིས་ལང་ཚོ་དཔྱིད་དུ་རྫོགས་པའི་ཞིང་།།
ཡོལ་མོ་ཞེས་བྱ་དཔལ་གྱི་རི་བོའི་མགུལ།།
མཁྱེན་བརྩེའི་བདག་ཉིད་སངས་རྒྱས་རྡོར་རྗེ་བཞུགས།།
རྡོ་རྗེའི་སྐུ་ལ་འཕོ་འགྱུར་མི་མངའ་ཡང་།།
ཚུལ་མཐོང་སྣང་ངོར་བགྲང་བྱ་ལྕི་མོའི་ཁུར།།
འཛིན་པའི་གསང་གསུམ་རྒྱན་གྱི་འཁོར་ལོའི་སྟོབས།།
མ་ཉམས་སྐྱེ་རྒུའི་དཔལ་དུ་བཞུགས་ལགས་སམ།།
འདི་ན་སེམས་ཉིད་དྭངས་མའི་མཁའ་ཀློང་དུ།།
མཆོག་སྐུའི་སྣང་བརྙན་སྒོམ་པའི་རྣལ་འབྱོར་གྱིས།།
སྐྱེ་མེད་ཆོས་སྐུའི་གདངས་ལ་ལྟ་སྙམ་བློས།།
ཉིན་མཚན་སྣང་བའི་ལམ་ཡང་དོག་པོར་བྱེད།།
ཁྱེད་ཞབས་བསོད་ནམས་ཐོད་པས་མ་རེག་ཀྱང་།།
ངོ་མཚར་རྨད་བྱུང་རྣམ་ཐར་ལྷ་ཡི་རྔ།།
རྣམ་སད་བུ་མོས་རྡུང་བའི་དབྱངས་སྙན་གྱིས།།
གུས་པའི་དད་སེམས་གསང་བ་རིང་ནས་དཀྲོགས།།
འོན་ཀྱང་སྒྱུད་ལུག་ལེ་ལོ་མཐུ་ཆེ་ཞིང་།།
གཞན་བསྟུན་རང་དབང་བྲལ་བའི་ལས་ངན་གཤིས།།
ཟློག་མེད་ལོ་ཟླའི་འཁོར་ལོ་རྒྱུ་བའི་ཤུགས།།
མྱུར་སྐྱོད་བར་སྣང་གློག་འགྱུའི་ངང་ཚུལ་འཛིན།།
ལས་སྨོན་དབང་གིས་སྔ་འགྱུར་ཁྱིམ་དུ་སྐྱེས།།
བསོད་ནམས་མཐུ་བཙན་ཕྱི་འགྱུར་ཆོས་སུ་ཞུགས།།
གསར་རྙིང་ཆོས་ཚུལ་བདུད་རྩིའི་ཆར་རྒྱུན་གྱིས།།
དགེ་བའི་ཞིང་ས་བརླན་པ་ཐེངས་འགའ་བྱུང་།།
བཀའ་གཏེར་དག་སྣང་སྔ་འགྱུར་བརྒྱུད་པའི་ཆོས།།
ཀློང་འཇིགས་དགོངས་མཐིལ་སྙིང་ཐིག་བསྟན་པའི་སྲོག།
གྲུབ་དགོན་མཁན་ཆེན་སྡེ་སྣོད་འཛིན་པ་ལས།།
གང་སྐུའི་རྣམ་ཐར་ཐོས་པ་ཉུང་ཉུང་མིན།།
སྔོན་གྱི་བླ་མ་རྡོ་རྗེའི་མཚན་ཅན་ལས།།
སྔ་འགྱུར་སྤྱི་དང་ཡང་སྒོའི་ཀ་ཐོག་ལུགས།།
ཐུགས་དམ་སྙིང་བོར་ཟུངས་ཞེས་ཞལ་ཏའི་མཆིད།།
སྔགས་གཏེར་གསང་བའི་ཞལ་ལུང་རིང་ནས་ཐོས།།
ན་གཞོན་རྣམ་རིག་ཆོས་གྲྭའི་རིགས་ལམ་བརྒྱན།།
དར་མའི་དུས་ཚོད་སྒྲ་སྙན་རྩིས་ལ་བཏང་།།
ཐ་མའི་སེམས་རྟེན་གཏན་འདུན་སྒྲུབ་པའི་ལམ།།
བླ་མ་ཁྱེད་ཀྱི་བཀའ་དྲིན་ཐུགས་རྗེར་རེ།།
ཆོས་ལྡན་སྐྱེས་མཆོག་ཕལ་ཆེར་ཞིང་གཞན་གཞོལ།།
ཆོས་མིན་ཆོས་བརྫུའི་ཟོག་པོས་ས་སྟེང་གང་།།
ཆོས་ཀྱི་སྙིང་བོ་ནོར་དང་འགྲན་པའི་དུས།།
ངེས་དོན་ཆོས་ཀྱི་བླ་མ་སྙིང་ནས་དྲན།།
འགྲོ་ཀུན་སྐྱོབ་པའི་དམ་བཅའ་བཞེས་བཞིན་དུ།།
གསང་ཆེན་རྒྱུད་ཀྱི་དོན་དང་མི་འགལ་ཞེས།།
དམར་ཟས་དགེ་བར་རློམ་པའི་སྙིང་ཁམས་ཅན།།
བོད་བརྒྱུད་ཆོས་པའི་ནང་ན་ཤིན་ཏུ་མང་།།
སྲིད་ཞིའི་ཕུན་ཚོགས་བྱ་བ་གཏན་དུ་སྤངས།།
སྦས་ཡུལ་དབེན་ཁྲོད་ཚེ་དང་སྒྲུབ་པ་མཉམ།།
རྒྱུ་འབྲས་སླུ་མེད་སྐུ་ཚེ་དཀར་སྐྱོང་གིས།།
མཐའ་ཡས་འགྲོ་ལ་སྲོག་གི་སྐྱབས་སྦྱིན་གནང་།།
རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི།།
རྫོགས་ཆེན་སྙན་བརྒྱུད་རྡོ་རྗེའི་ཟམ་པ་ཞེས།།
ཚེ་གཅིག་འཚང་རྒྱ་ངེས་པའི་ཕ་ཕོག་ཀྱང་།།
ཁྱེད་ཐུགས་དགོངས་པའི་ཀློང་ན་བཞུགས་སམ་སྙམ།།
ཚུལ་མིན་བརླང་བོར་སྤྱོད་པའི་ངན་རྟོག་གིས།།
གངས་ལྗོངས་ཆོས་རིག་རྩ་ལག་འཇིག་ཉེ་ཡང་།།
ལེགས་པར་བསམས་ན་མགོན་ཁྱོད་ཞལ་འཚོ་བས།།
ཐུབ་བསྟན་རྩ་ལག་ད་དུང་གསོན་ཤུགས་རྒྱས།།
ཐོས་བསམ་བྱས་ཀྱང་ཉམས་ལེན་གནད་མ་ཤེས།།
གནས་ལུགས་བཙལ་ཀྱང་རྙེད་པ་འཛིན་པའི་ཆོས།།
ཆོས་འདོད་ཆོས་ཀྱིས་ཕོངས་པའི་ལས་ངན་བདག།
ཕྱོགས་མེད་ཐུགས་རྗེའི་ཀློང་ནས་རྗེས་སུ་ཟུངས།།
འདི་ན་ཉིན་མཚན་དུས་དྲུག་མགོན་པོ་ཁྱོད།།
མཚོ་སྐྱེས་བླ་མར་མོས་པའི་ཉམས་ལེན་གྱིས།།
མངོན་མཇལ་ཆོས་ཀྱི་བདུད་རྩིའི་སྐལ་བཟང་ལ།།
སྤྱོད་པའི་འདུན་པ་དམར་བོ་མེ་ལྟར་འབར།།
ས་མཐར་འཁྱམས་པའི་སྤྲང་ཕྲུག་ནམ་ཞིག་ཏུ།།
གློ་བུར་ཉིད་ཀྱི་དྲུང་དུ་ལྷགས་པའི་ཚེ།།
བོར་བའི་བུ་ལ་ཕ་ཡི་མཉེས་གཤིན་གྱིས།།
རྗེས་འཛིན་ཟབ་གསང་ཆོས་ཀྱིས་དབུགས་དབྱུང་མཛོད།།
སེམས་ཀྱི་རང་བཞིན་འོད་གསལ་གཉུག་མའི་ཞིང་།།
རང་རིག་སྐྱེས་མཆོག་ཆོས་སྐུ་ཀུན་ཏུ་བཟང་།།
མ་རིག་སེམས་ཀྱིས་བཀབ་པའི་སྦས་དོན་རྣམས།།
བཀྲོལ་བའི་མན་ངག་ཟམ་མོ་བདག་ལ་གནོངས།།
རྒྱལ་བའི་དགོངས་པ་ངེས་དོན་རྡོ་རྗེའི་སེམས།།
པད་འབྱུང་བི་མར་འཕོས་པ་ཨ་ཏིའི་དབྱིངས།།
ཀློང་འཇིགས་སྙིང་གི་ཐིག་ལེར་འཁྱིལ་བའི་ཆོས།།
༼དུམ་གཉིས་ཡ་བཞིའི༽དབང་གི་དངོས་གྲུབ་སྩོལ།།
ཀློང་ཆེན་རབ་འབྱམས་ཡེ་ཤེས་སྒྱུ་མའི་སྐུས།།
རིག་རྩལ་སྤར་འཛིན་ཁྲེགས་ཆོད་ཐོད་རྒལ་ལམ།།
འཇིགས་གླིང་ཞབས་ལ་གདམས་པའི་བླ་མེད་ཐབས།།
༼ཡེ་ཤེས་བླ་མའི༽གཟབ་ཁྲིད་ཐུགས་རྗེས་གཟིགས།།
མདོར་ན་འདི་ཕྱི་བར་དོའི་གནས་སྐབས་ཀུན།།
མགོན་ཁྱོད་གཏན་གྱི་སྐྱབས་སུ་བཀུར་ལགས་ན།།
ཚད་མེད་ཐུགས་རྗེ་ཆེན་པོས་རྗེས་བཟུང་སྟེ།།
སྒོ་གསུམ་དགེ་བའི་བྱིན་རླབས་བདག་ལ་སྩོལ།།
སླད་མར་བདག་སོགས་ལྟོས་བཅས་སྐྱེ་འགྲོ་རྣམས།།
ཇི་སྲིད་སྣང་བཞིའི་མཐའ་ལ་མ་སོན་པར།།
དེ་སྲིད་མགོན་ཁྱོད༧ཞབས་པད་ལྷུན་ཆགས་ཤིང་།།
ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྟག་ཏུ་སྐོར།།
དེ་སྐད་གསོལ་འདེབས་ཟོལ་མེད་སེམས་ཀྱི་གདངས།།
ཟློག་མེད་དུས་བབ་ཞུ་མཆིད་སྡེབ་སྦྱོར་ཕྲེང་།།
མཆོག་ཐུན་དངོས་གྲུབ་འདྲེན་པའི་ཕོ་ཉ་བ།།
ངེས་དོན་ཆོས་ཀྱི་རྒྱལ་བོའི་མདུན་སར་བསྲིངས།།
ཞེས་ཡུལ་མདོ་སྨད་ཀྱི་རྒྱལ་ཁམས་པ། ཆོས་འདོད་ཀྱང་ཆོས་ཀྱིས་ཕོངས་པའི་སྤྲང་བོ། བཀྲ་ཤིས་རྒྱ་མཚོར་འབོད་པས། སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་བཏབ་པ། དེ་བཞིན་དུ་འགྲུབ་པའི་སྐྱབས་འཇུག སྐུ་མཁྱེན། གསུང་མཁྱེན། ཐུགས་མཁྱེན། ༢༠༡༢ཟླ༨ཚེས༡༣ལ།
གྲུབ་པའི་སྐྱེས་མཆོག་སངས་རྒྱས་རྡོ་རྗེ་ཡི།
ཞབས་ཀྱི་པདྨོར་རྔ་པ་རྒྱལ་ཁམས་པས།
གསོལ་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས།
བཀྲ་ཤིས་རྒྱ་མཚོའི་དལ་འབྱོར་དོན་ལྟན་མཛོད།།
་
བཀྲོལ་བའི་མན་ངག་ཟམ་མོ་བདག་ལ་གནོངས།།
འཇིགས་གླིང་ཞབས་ལ་གདམས་པའི་བླ་མེད་ཐབས།།
་
འདིར་གནོངས་དང་འཇིགས་གླིང་གཉིས་ལ་བགྲོ་གླེང་བྱེད་་དགོས་པར་མཐོང་། ལས་ངན་བྱས་པས་སེམས་གནོངས། ཞེས་དང་། རྒན་པས་གཞོན་པ་ལ་གནོངས་མ་སྐྱེལ། སྔོན་གྱི་བོད་སྐད་དང་། དིང་དུས་སུ་ཡང་བོད་ཡུལ་མང་པོར་གནང་ཞེས་པ་སྩོལ་བའི་དོན་ལ་མི་འཇུག
གཉིས་པ། འཇིགས་གླིང་ཞེས་པ་འཇིགས་མེད་གླིང་པའི་བསྡུས་ཚིག་ཡིན་ནམ་བསམས། དེ་ལྟར་ཡིན་ན། འཇིགས་མེད་ལ་དགག་སྒྲ་ངེས་པར་དུ་ཡོད་དགོས། དེ་མིན་འཇིགས་མེད་གླིང་པ་མ་ཤེས་པ་ཞིག་གིས་འཇིགས་པའི་གླིང་ཡིན་པའི་གོ་བ་ལེན་པར་ཐེ་ཚོམ་མེད་དོ།།
མཁས་པ་ལ་དྭགས་པས་བསྡུས་ཚིག་གི་སྐོར་ལ་ལ་གསུངས་པ་དེ་ཐུགས་ཧ་ཅང་མད། དེང་སང་བོད་སྐད་ཀྱི་བསྡུས་ཚིག་འབྲི་སྟངས་ཐད་ལ་ནོར་འཁྲུལ་མང་པོ་ཤོར་གྱིན་འདུག དཔེར་ན། ཀུན་བཟང་འགྱུར་མེད་ལ་ཀུན་འགྱུར་དང་།་ཚེ་རིང་ནད་མེད་ལ་ཚེ་ནད། འཇིགས་མེད་གླིང་པ་ལ་འཇིགས་གླིང་སོགས་སུ་བསྡུས་ན་དོན་དེ་ལྡོག་ཕྱོགས་སུ་སྟོན་པར་འགྱུར་བས་ཧ་ཅང་མི་ལེགས། དེ་བཞིན་དུ་ཡུལ་གྱི་མིང་སོགས་ཀྱང་བསྡུས་ན་མ་འོངས་པར་གོ་བ་ལོག་པ་ལེན་ཉེན་ཆེ། དཔེར་ན། རྡ་རམ་ས་ལ་ལ་རྡ་ས་དང་།་ཨ་མེ་རི་ཁ་ལ་ཨ་རི། རྡོ་རཇ྄ེ་གདན་ལ་རྡོར་གདན་དུ་བསྡུ་སྲོལ་སོགས་གཏན་ནས་མི་ལེགས། དེ་བཞིན་དུ་མིང་གཞན་དང་ནོར་ཉེན་ཡོད་པ་ནི། དཔེར་ན། གངས་ཅན་སྐྱིད་གཤོང་ལ་གངས་སྐྱིད་དུ་བསྡུས་པ་དང་། ཚོགས་པ་སྐྱིད་སྡུག་ཅེས་པ་ལ་ཚོགས་སྐྱིད་དུ་བསྡུས་ན་བུད་མེད་རེའི་མིང་དུ་ནོར་ཉེན་ཆེ། དེ་ལྟར་བསྡུས་ཚིག་ཁག་ལ་མ་དག་རྒྱུན་འབྱམས་སུ་མི་གཏོང་བར་གཟབ་ནན་གྱིས་སྦྱར་དགོས་པ་གལ་ཆེན་དུ་མཐོང་།
རྔ་བ་རྒྱལ་ཁམས་པས་རྫོགས་ཆེན་གྱི་ཚིག་དོན་ཟབ་ཟབ་འཇིགས་འཇིགས་མང་པོ་སྦྱར་བའི་སྤྲིངས་ཡིག་ཅིག་བྱ་བྲལ་སངས་རྒྱས་རྡོ་རྗེ་ལ་བསྐུར་སྟངས་འདིར་བལྟས་ཚོད་ལ་རྒྱལ་ཁམས་པ་ཁོང་རང་རྫོགས་ཆེན་ལ་མ་རྨོངས་པའི་མཁས་ཁྱད་སྟོན་བཞིན་ཡོད་པ་འདྲ། གལ་སྲིད་ཁྱེད་ཀྱིས་བྱ་བྲལ་རིན་པོ་ཆེ་བསྟེན་ནས་ཁྲིད་ལུང་དངོས་སུ་ཞུས་ཀྱང་ཁྱེད་རང་གིས་འཕྲིན་ཡིག་ནང་དུ་བྲིས་ཡོད་པ་འདི་ཚོ་ལས་ལྷག་ཅིག་ཁོང་ལ་ཡང་བཤད་རྒྱུ་མེད་པ་ཐག་ཆོད། ཡང་མིན་ན་ཁྱེད་ཚང་གིས་བྱ་བྲལ་མཇལ་འདོད། སྣེ་ལེན་གཟབ་གཟབ་ཅིག་ཨེ་ཡོང་གི་རེ་བས་དང་པོ་འཕྲིན་ཡིག་ཟབ་ཟབ་འཇིགས་འཇིགས་འདི་ཕུལ་བ་ཡིན་ཤས་ཆེ། ཀུ་རེ་ཞུས་པ་ཡིན། དགོངས་ཡངས་གནང་རོགས།
གལ་སྲིད་ང་བྱ་བྲལ་རིན་པོ་ཆེ་ཡིན་ན་ངས་ཁྱེད་ལ་ལན་འདི་འདེབས་ས་རེད། དུམ་གཉིས་ཡ་བཞི་ཡེ་ཤེས་བླ་མ་ཟེར་ནས་ཆེ་ཆེ་གཉན་གཉན་ཚོར་རྔམ་ནས་མ་འོངས། མགོ་མ་ཚོས་གོང་ནས་ལྕེ་ལ་བསྙབས་ནས་ཕན་ཐོགས་ཀྱིན་མ་རེད། དང་པོ་ཁྱེད་རང་རྫོགས་ཆེན་གྱི་སྣོད་དུ་གྱུར་པ་ལ་སྔོན་འགྲོའི་རིམ་པས་རྒྱུད་སྦྱངས་དགོས། དེ་ཡང་། ཐུན་མོང་ལམ་སྟེགས་ཀྱི་རིམ་པས་རྒྱུད་སྦྱངས་བས་དད་པ་དང་སྙིང་རྗེ་འཕེལ། འདོད་ཆགས་དང་ཞེ་སྡང་འགྲིབ་པ་དངོས་ཉམས་རྨི་ལམ་དུ་བཅོས་མ་མ་ཡིན་པ་ཞིག་བྱུང་ན་ད་གཟོད་དབང་བསྐུར་ཞིང་ཁྲིད་འདེབས་ཆོག ཁྱེད་ཀྱི་དད་པ་དང་གཏོང་ཕོད་ལ་ཉམས་ཚད་ལེན་པའི་ཕྱིར་དུ་མ་མཐའ་ཡང་ཨ་མེ་རི་ཁའི་སྒོར་མོ་ཁྲི་བདུན་དང་པོར་འབུལ་དགོས། ཁྱེད་ར་ལ་མེད་ན་གཞན་ལ་སློང་དུ་སོང་། དེ་ནས་ལོ་གསུམ་ལ་ཡོལ་མོ་གངས་ཀྱི་ར་བའི་འདབས་སུ་ཟླ་རེར་བལ་སྒོར་གཅིག་སྟོང་རེས་འཚོ་རྟེན་བྱས་ནས་ལོ་གསུམ་གྱི་རིང་ལ་སྔོན་འགྲོར་འབད་པ་གྱིས། ཀུ་རེ་ཡིན། ཁྱེད་ཀྱི་འཕྲིན་ཡིག་འདི་སྙན་དྲགས་ནས་ཅིག་ཞུ་འདོད་སྐྱེས་ནས་ཀུ་རེ་ཞུས་པ་ཡིན།
བྱ་བྲལ་ཚང་གི་གསོལ་འདེབས་དེ་སྙན་ཐལ།ན གྲོགས་པོ་བཀྲ་ཤིས་རྒྱ་མཚོ། ཁྱོད་ནི་རྔ་ཡུལ་ཕྱུག་མོ་ནས་ཚར་ལང་བྱུང་ཡང་།གསོན་བསྲེག་གི་དེད་དཔོན་དང་ནང་འཛིང་གི་དམར་གསོད་འཁན་ཚོ་དང་གཏན་ནས་མི་འདྲ་བར་དད་གུས་དག་སྣང་གི་ཕྱུག་པའི་མི་ཡ་རབ་ཅིག་ཡིན་པར་ཤེས་ཡོད། དེ་ཡང་སྔ་འགྱུར་རྒྱལ་བའི་བསྟན་པ་མོས་པའི་གྲུབ་འབྲས་རེད། ངོ་མ་རྫོགས་ཆེན་ཚད་ལྡན་ཞུ་དགོས་ན་་དགེ་བླུག་སྡིག་པའི་ར་གྱོང་དང་ས་གྱོང་ཁྱི་ལུད་དར་གཡོགས་སོགས་ཡིན་འདོགས་མ་བྱེད་པར་ཁ་མིན་དོན་གྱིས་ཡང་གསང་རྫོགས་པ་ཆེན་པོའི་བླ་མ་ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་གསེར་གྱི་ཕ་བོང་སྒོ་འགྲིམ་ཡོང་དུས་མི་མཇལ་བ་གང་ཡིན་ནམ། གཙོ་བོ་ཁྱད་པར་རྫོགས་ཆེན་ཞེས་པའི་དོན་ཆེན་དེ་ཕྱི་རོལ་ཞིག་ནས་བསྩལ་རྒྱུ་ཡོད་པར་མི་སྣང་ངོ་། །
རྔ་པ་ལགས། མཛོད་ལས སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ལུང་དང་རྟོགས་པའི་བདག་ཉིད་དོ། དེ་འཛིན་བྱེད་པ་སྨྲ་བྱེད་པ་། སྒྲུབ་པར་བྱེད་པ་ཁོ་ན་ཡིན། ཞེས་དང ཚུལ་གནས་ཐོས་དང་བསམ་ལྡན་པས། སྒོམ་པ་ལ་ནི་རབ་ཏུ་སྦྱོར་། ཞེས་དང། དཔལ་ལྡན་དཔའ་བོ་ཡིས། ཐོས་ཉུང་དམུས་ལོང་སྒོམ་པའི་ཚུལ་མི་ཤེས། དེ་མེད་དེས་་ཀོ་ཅི་ཞིག་བསམ་པར་བྱ། ཞེས་སོགས་ཀྱིས་སྒོམ་ཉམས་ལེན་བྱེད་ཚུལ་གསལ་བར་གསུངས་པ་ལྟར་འབད་ན་གོལ་ས་ཆུང་ལ་ཁེ་ཆེའོ། གཞན་དུ་ན་ཡོད་སར་མ་འབད་པར་། མེད་སར་འབད་ན་མི་ཚེ་དོན་མེད་ལས་འདས་སོ།
http://www.globaltvt.org/?p=364
བྱ་བྲལ་འདི་འདྲ་ཞིག་པ་རེད་འདུག
གང་ཡང་སངས་རྒྱས་རང་སངས་རྒྱས།
སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱང༌།
སྐུ་ལུས་འདི་ནི་སྤོང་མཛད་ན།
སྐྱེ་བོ་ཕལ་པ་སྨོས་ཅི་དགོས། ༢༥ །།
སྤོབས་པས་བཤད་པ་ཕལ་ཆེར་བདེན་པ་རེད། སྤྱིར་བཏང་བྱ་བྲལ་རིན་པོ་ཆེ་ལས་བཀའ་ཆོས་ཞུ་རྒྱུ་ལས་སླ་བོ་ཞིག་གཏན་ནས་མ་རེད། ཕྲན་གྱིས་རིན་པོ་ཆེ་དང་འབྲེལ་ལམ་ཐང་འགར་འཛིན་ཐུབ་པ་བྱུང་། ང་ལ་ཁོང་གིས་བཀའ་སློབ་ཡག་པོ་གསུངས་བྱུང་། ཡིན་ནའང་ཛ་དྲག་དོན་རྐྱེན་ཞིག་གིས་དམིགས་ཡུལ་ཐོག་བསྐྱོད་པར་དཀའ་ངལ་དང་འཕྲད། ༧རིན་པོ་ཆེས་ཨ་སྒོར་གྱི་སྐོར་ཅིའང་གསུང་མ་བྱུང་སྟེ། བཀའ་ཆོས་ཞུ་བའི་མགོ་ཐབ་ཚང་ནས་འཛུགས་དགོས་པར་གསུངས་བྱུང་། ངའི་རྩོམ་ཡིག་ནང་གི་ཆོས་སྐད་རྫིག་པོ་དེ་ཚོ་ཚིག་ཙམ་རེད། གནད་དོན་དེ་སེམས་གཏིང་ནས་མྱོང་ཐུབ་ཀྱི་ཡོད་པ་མ་རེད། ཚིག་གིས་བཤད་པའི་རྒུན་འབྲུམ་གྱི་རོ་དང་། མངོན་སུམ་དུ་མྱོང་བའི་དེའི་བྲོ་བ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་རེད། རྟོགས་ལྡན་མྱོང་བཤད་དང་། མཁས་པའི་ཚིག་བཤད་གཉིས་ལས་ང་ནི་རྟོགས་ལྡན་མྱོང་བཤད་ལ་རྗེས་འདེད་གཏོང་མཁན་ཞིག་ཡིན། ཚེ་དང་སྒྲུབ་པ་མཉམ་པའི་བླ་རྒན་འདི་དག་ལ་ཕྱོགས་གང་ཐད་ནས་བལྟས་ཀྱང་བསྡུར་རྒྱུ་ཞིག་མི་འདུག ཁྱེད་ཕེབས་ནས་བཀའ་མོལ་གནང་བར་སེམས་དགའ་ཡོད།
པདྨ་ལགས། རང་སྲེག་གི་སྐོར་ནས་བཀའ་མོལ་དེ་འདྲ་མ་གནངས་ན་ལེགས་སྙམ། སྐྱོན་དུ་ལྟ་མཁན་ལ་རྒྱུན་མཚན་མང་བོ་ཡོད་པ་ལྟར། ཡོན་ཏན་དུ་མཐོང་མཁན་ལའང་རྒྱུ་མཚན་མང་བོ་ཡོད་པ་རེད། བྱ་འགུལ་དེ་ཚོ་ང་ཚོའི་བསམ་ཡུལ་ལས་འདས་པ་ཞིག་ཡིན་པས་བཏང་སྙོམས་སུ་བཞག་ན་མི་ལེགས་སམ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་བཀའ་དྲིན་ཆེན་པོ་རེད། མཁས་བཙུན་བཟང་གསུམ་འཛོམས་པའི་སྐྱེས་པུ་དམ་ཞིག་རེད། ཕྱི་གཙང་ནང་གཙང་གི་ཀུན་སྤྱོད་ལྡན་པ་རེད། ནམ་ཞིག་ཁོང་ལ་མཇལ་ཐུབ་པའི་རེ་སྨོན་བྱེད་བཞིན་ཡོད།
ལ་དྭགས་བློ་བཟང་འཇམ་དཔལ་ལགས། ཁྱེད་ཀྱིས་རྒྱུན་པར་བརྡ་དག་སྐོར་ནས་དགོངས་འཆར་དོན་ལྡན་མང་བོ་ཞིག་གནང་བཞིན་པར་བཀའ་དྲིན་ཆེ་བྱུང་ཞུ་བ་ཡིན། ཁྱེད་ཀྱི་དགོངས་འཆར་ཕལ་ཆེར་ལ་བསམ་གཞིག་གི་རིན་ཐང་འདུག་གོ།
རྔ་པ་འདི་བདག་ཉིད་སྒྲོགས་པ་ལ་ཕུལ་བྱུང་གི་བྱ་དགའ་ཞིག་ཐོབ་ངེས་སོ།
རྔ་བ་རྒྱལ་ཁམས་པས་ སྔ་འགྱུར་རྙིང་མའི་བླ་ཆེན་བྱ་བྲལ་སངས་རྒྱས་རྡོ་རྗེ་དགུང་གྲངས་བརྒྱ་དང་གསུམ་ལ་སླེབས་པའི་དུས་དང་བསྟུན་ནས་སྙན་ཚིག་འདི་ཕུལ་པས་ཡིད་ལ་དྭངས་པ་རྨད་དུ་བྱུང་པ་སྤྲད་སོང་། ཞུ་འདོད་པ་ཞིག་ནི་འཁྲུངས་ཡུལ་གཉགས་རོང་། ཆོས་སྒོར་ཞུགས་ས་ཀ་ཐོག་རེད། དབུས་ཕེབས་ནས་༧རྒྱལ་ཚབ་རྭ་སྒྲེང་གིས་ཞུས་པ་ལྟར་རྡོ་རྗེ་ཕུར་བ་འབུམ་ནག་གི་སྒོ་ནས་དབང་ལུང་ཁྲིད་གསུམ་གནང་ནས་བླ་སློབ་ཀྱི་དཀྱིལ་འཁོར་གཅིག་ཏུ་གྱུར། རྗེས་སུ ༧རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་སྟག་བྲག་དང་སྐུ་དྲག་རེ་ཟུང་གིས་དཔུང་པ་གཅིག་ཏུ་བསྒྲིལ་ནས་འཆི་ལམ་དུ་བསྐྱལ། དེ་ནས་བྱ་བྲལ་སངས་རྒྱས་རྡོ་རྗེ་ཡང་འབྲས་ལྗོངས་ཕྱོགས་སུ་བྲོས་བྱོལ་དུ་སོང་པ་རེད། དུས་དེ་ནས་བཟུང་ཁོང་བོད་རྒྱལ་ཁབ་མ་ཤོར་སྔོན་གྱི་བཙན་བྱོལ་པ་ཐོག་མ་ཞིག་རེད། རྒྱུ་མཚན་འདི་འདྲའི་རྐྱེན་གྱིས་སྲིད་དང་མ་འདྲེས་པའི་ཆོས་རྣལ་མ་ཟེར་བ་དེ་ཁོང་གི་བསླབ་བྱ་གཙོ་བོ་རེད། དཀར་ཟས་ནི་ཁོང་གི་རྒྱུན་ཟས་རེད། ཆོས་ལུགས་འཐེན་འཁྱེར་ནི་ཁོང་གིས་སུའི་རྒྱུད་ལ་བཞག་མྱོང་མེད། མི་སུ་དང་མཇལ་ན་རང་ཆེ་རང་མཐོང་གི་མཛད་པ་རྩ་བ་ནས་མེད་པ་ཞིག་ཡིན། ཕར་ཕྱག་ཞིག་ཕུལ་བ་ཡིན་ནའང་རྒད་པོ་ང་ལ་ཕྱག་མ་འཚལ་ཞེས་ཚུར་ནན་བསྐུལ་ཞུ། ངེས་པ་དོན་གྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་པ་རྣལ་མ་བསྙོན་དུ་མེད་པ་ཞིག་ཡིན། ཁོང་དང་མཇལ་ནས་སྐར་གཅིག་ཙམ་བསྡད་པ་ཡིན་ན་རང་བཞིན་གྱིས་བློ་ཐག་ཉེ་རུ་འགྲོ་བའི་ལྷན་སྐྱེས་ཀྱི་མཛའ་བཤེས་སྨྲ་མི་ཤེས་པ་ཞིག་ཡོད།
གོང་ན་མིང་བསྡུས་ཚིག་ལ་བསམ་ཚུལ་བརྗོད་འདུག ཧ་ཅང་གི་ཡག་པོ་རེད། སྤྱིར་སྔ་མོ་ཡིན་ན་བསྡུས་ཚིག་འདི་མ་གུས་པའི་འབྲི་སྲོལ་ཞིག་རེད། སྔོན་གྱི་རྩོད་ཡིག་ཁག་ན་མང་ཙམ་མཐོང་རྒྱུ་འདུག་མ་གཏོགས་རྒྱུན་ལྡན་གྱི་ཡིག་མཛོད་ཁག་ན་ཧ་ལམ་མཐོང་རྒྱུ་མེད། རྩོད་ཡིག་དང་ཡིག་འཁྱམས་བྲིས་པ་དག་ན་༼འཇིགས་གླིང་དང་ཀློང་ཆེན་རབ་འབྱམས་ལ་ཀློང་རབ་ཞེས་བྲིས་འདུག༽ དེང་སང་བསྡུས་ཚིག་བཀོལ་མཁན་མང་རུ་འགྲོ་བའི་སྲོལ་འདུག ལྷག་པར་བོད་གཞུང་གིས་སྤེལ་བའི་ཡིག་ཆའི་ནང་དུ་སྡུས་ཚིག་མང་དྲག་པས་དོན་སྟོན་མི་ཐུབ་པ་མང་པོ་རེད། དཔེར་ན་བསྡུས་ཚིག་༼དགའ་ལྡན་ཁྲི་བ་ལ་དགའ་ཁྲི་༽དང་༼རི་བོ་དགའ་ལྡན་པའམ་དགེ་ལྡན་པའི་ལུགས་ལ་དགེ་ལུགས༽་སུ་འགྱུར་བ་སོགས་ཤིན་ཏུ་མང་། ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་བཤད་ན་རི་བོ་དགའ་ལྡན་པ་མིང་ཆེ་ལ་དོན་ཡང་ལྡན། དགའ་ལྡན་ཕོ་བྲང་དང་དགའ་ལྡན་ཁྲི་བ་ལྟ་བུ་རེད། དགེ་ལུགས་ལབ་ན་དགའ་ལྡན་པ་ཅི་བཞིན་མིང་དོན་ཕུན་སུམ་ཚོགས་པ་ཞིག་སྟོན་རྒྱུ་མེད། འདི་འདྲའི་རིགས་མང་པོ་ཡོད་པས་ཡིག་མཁན་པ་དག་གིས་གཟབ་དགོས།
བྱ་བྲལ་སངས་རྒྱས་རྡོ་རྗེ་ཚང་ལ་ཐེངས་གཅིག་མཇལ་མྱོང་ལ་གུ་རུ་རིན་པོ་ཆེའི་ཚིག་བདུན་གསོལ་འདེབས་ཀྱི་ལྗགས་ལུང་ཞིག་ཞུས་པ་དགྱེས་བཞིན་གནང་སོང་། རང་རྩོམ་དེབ་ཅིག་སྤྱན་འབུལ་ཞུས་པར་རོབ་ཙམ་བཀླགས་ཏེ་གྲོང་ཚིག་གིས་ཁེངས་འདུག་གསུངས། ཉིན་གུང་བཞེས་ལག་ལྷན་དུ་ཞུས། ཆུ་ཚོད་གཉིས་གསུམ་ཞིག་ལྷན་དུ་བསྡད་དེ་སྐྱིད་པོ་བྱུང་།
གཟུགས་ཁམས་བདེ་མོ་བྱུང་ན། ཚེ་རིང་པོ་འབྱུང་བའི་རྟེན་འབྲེལ་ཕྱིར་བསྡུས་ཚིག་་འབྲི་བར་སྤང་དགོས་པ་བློ་ལ་འཁོར། གཟུགས་ཁམས་བདེ་མོ་མ་བྱུང་ན། ཚེ་རིང་པོ་འབྱུང་ན་ཡང་སྐྱིད་པོ་མེད། གཞན་དག་གིས་ཀྱིས་ཀྱང་དེ་ལྟར་མཛད་ཐུབ་ན། རྟེན་འབྲེལ་གྱི་ཁྱད་ཡོད། བསྡུས་ཚིག་རྒྱབ་མཁན་ཀུན་གྱིས་རང་རང་གི་ཚེ་ཐུང་གི་ཕོ་ཉ་འབོད་པར་ཐུགས་ལ་འཇོག་དགོས་སོ།
་
ཁོ་བོས་ལོ་མང་པོའི་སྔོན་དུ་འདི་ལྟར་བྲིས་ཏེ།
་
ཚིག་བཟང་བ་ན་དོན་ཡང་བཟང་།
ཚིག་ནི་དོན་གྱིས་སྐྱེལ་མ་ཡིན།།