ཁྲོ་གཏུམ།
སྐུའི་གྱ་སྟོན་ལ་རོལ་བའི་སེམས་འགྱུ་ཞིག
ང་ལ་ཉི་འོད་ར་འཕྲོད་བྱུང
ང་ལ་མུན་པའི་མཚང་བརྟོལ་སོང
དུས་རབས་གྱོན་པར་དགའ་བ་དག་གིས་ཁྱེད་ལ་ཉན་ཅིང
མི་རབས་གསར་བའི་འཚོལ་བསྙེགས་སུ་ཡང་ཁྱེད་རང་བཀླག་ཞོར
དུས་ཀྱི་དཀྱོག་མཚམས་སུ་ཕྱི་ནང་གསལ་བའི་ཞལ་མཛུམ་དཀར་པོ
ངའི་བློ་དང་རྒྱུ་མའི་བར་གྱི་ངལ་བ་སེལ་ལ
ངའི་སེམས་ཁ་འཆོལ་སྟངས་རེའི་དབུགས་ངལ་གཏོང་ས
མི་ཡུལ་གྱི་བླང་དོར་གསལ་བའི་ཞལ་གསུངས་དྲོན་མོ་སྟེ
སེམས་པའི་དམ་ལྷོད་བར་དུ་སྡོམ་ཚིག་རེ་འཁོར་ཡོད
བགྲང་བྱ་བཅུ་སྐོར་བརྒྱད་ཀྱི་རྗེས་ཤུལ་ཏུ
འཛུམ་མདངས་ཤིག་ཡོད
བསྐལ་བར་འཇིག་མི་སྲིད་པའི་འཛུམ་ཞིག་ཡོད
འཛམ་གླིང་འཛུམ་གྱིས་བསུ་བའི་སྐར་མ་འོད་ཆེན་ཞིག
དུས་རབས་ཀྱི་རུས་རྐང་ལ་ཟུག་ཅིང
མི་རིགས་དང་ཆོས་ལུགས་སྣ་ཚོགས་ཀྱི་ངག་སྒོ་ཕྱེ་བས
བཞད་མོའི་གདངས་རེ་རེས་མི་སེམས་གསོས་ཡོད
འཛུམ་མདངས་བསྟན་པ་ཙམ་གྱིས་བློ་སྒོ་བདེ་བར་བསྐོར་འདུག
ང་ཁོ་ནའི་གོ་དོན་ལ་འགྲེལ་སྟངས་ཤིག་གིས
གཞན་གཅོད་ཀྱི་ཚོར་བའི་མེ་ཕུང་གཉའ་ཆག་པར་གྱུར
འདི་ནི་ལོ་རྒྱུས་ཀྱི་ཆག་འཇིག་ནས་ཐོན་པའི་གནད་ཚིག་ཏུ་བབས
དུས་རབས་ཀྱི་སེམས་ཁམས་གསོ་ཚུལ་གཞན་ཞིག
བརྡ་འཕྲིན་གྱི་འཚང་ཁའི་ཁྲོད་དུ་གསལ་ལེར་མངོན་འདུག
༢༠༡༥།༠༦།༢༣ཉིན་བྲིས།