གནས་ཚུལ་གཏོང་མཁན། ས་དཀར་བཀྲ་ཤིས།
ཁ་སང་ཕྱི་ཟླ་༦ པའི་ཚེས་༣༠ སྟེ་གཟའ་མིག་དམར་ཉིན་གྱི་དགོང་དྲོ་ཆུ་ཚོད་༦ པའི་སྟེང་། སྤེལ་ལྗམ་རྒྱལ་ས་སྦར་སིལ་གྱི་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་། གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མན་Thomas Mann དང་། གྲོས་ཚོགས་འཐུས་མི་ས་བྷ་སོ་གྷོར་Csaba Sogor གཉིས་ཀྱིས་གཙོ་སྐྱོང་འོག་༼ཤེས་རབ་ཀྱི་ལམ༽ཞེས་པའི་༧གོང་ས་མཆོག་གི་སྐུའི་མཛད་འཕྲིན་གསལ་བའི་པར་རིས་ཁག་ཅིག་འགྲེམས་སྟོན་དང་ལྷན་སྐུའི་གྱ་སྟོན་སྲུང་བརྩི་གནང་བའི་མཛད་སྒོ་ཞིག་ཚུགས་སོང་ལ།
མཛད་སྒོའི་ཐོག་མར་དགེ་འདུན་པ་ཁག་ཅིག་གིས་དུས་ཀྱི་དཀྱིལ་འཁོར་བཞེངས་བ་དང་གསོལ་འདེབས་སྨོན་ཚིག་སོགས་སྐྱོར་བ་དང་། དེའི་རྗེས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཚན་ཆུང་གི་ཚོགས་གཙོ་Henri Malosse ལགས་གཙོས་སྐུ་ཞབས་ཐོ་མ་སི་མན་དང་གྲོས་ཚོགས་འཐུས་མི་ས་བྷ་སོ་གྷོར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་Matteo maccaci བཅས་ཀྱིས་བོད་དོན་རྒྱབ་སྐྱོར་ཀྱི་གཏམ་བཤད་གནང་བ་དང། སྦར་སིལ་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་འགྲུབ་ལགས་ནས་༧གོང་ས་མཆོག་གི་གསུང་འཕྲིན་སྒྲོགས་སྦྱངས་གནང་།
མཛད་སྒོའི་མཇུག་ཏུ་སྤེལ་ལྗམ་ནང་མ་སྟོད་གཞས་ཚོགས་པ་ནས་སྟོད་གཞས་ཤིག་གཟིགས་འབུལ་བྱས་སོང་ལ། མཛད་སྒོའི་སྟེང་ཡུ་རོབ་གྲོས་ཚོགས་འཐུས་མི་Lidia Geringer Oedenberg དང་Tunne Kelam བཅས་གྲོས་ཚོགས་འཐུས་མི་དང་ལས་བྱེད། བོད་དོན་རྒྱབ་སྐྱོར་བ། སྤེལ་ལྗམ་བོད་རིགས་ཚོགས་པ་གཙོས་ཚོགས་པ་ཁག་གི་རྒྱུན་ལས་བཅས་མི་ལྔ་བཅུ་ཙམ་འཛོམས་ཡོད་པ་དང་།
ཐེངས་འདིའི་ཡུ་རོབ་གྲོས་ཚོགས་ནང་༧གོང་ས་མཆོག་གི་སྐུའི་གྱ་སྟོན་སྲུང་བརྩི་མཛད་སྒོ་འདི་བཞིན་ཡུ་རོབ་གྲོས་ཚོགས་མི་མང་ཚོགས་པ་EPP(European people’s party) དང་། ཡུ་རོབ་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པ། སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་ཚོགས་པ་UNPO(Unrepresented nation and people’s organization)། སྦར་སིལ་བོད་ཀྱི་དོན་གཅོད་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ཐུན་མོང་གིས་གོ་སྒྲིག་བྱས་པ་ཞིག་ཆགས་ཡོད་འདུག
སྤེལ་ལྗམ་བོད་ཚོགས་དྲུང་གཞོན་ས་དཀར་བཀྲ་ཤིས་ནས།
ས་དཀར་བཀྲ་ཤིས་མཆོག་གིས་བྲིས་པ་བཀླགས་པས་ཡིད་དགའ་བ་བྱུང་། བརྗོད་བྱ་རྗོད་བྱེད་གཉིས་ཀ་ལེགས་པས་བོད་རིག་གཞུང་མི་ཉམས་པ་ལ་ཕན་པ་ཆེ། འོན་ཀྱང་། དགོང་དྲོ། ཐེངས། བཞེངས་བ། ཞེས་པ་གསུམ་སོགས་ནི་བོད་ཀྱི་སྐད་ཉམས་པར་བྱེད་པའི་དྲི་མ་་འདིར་ཡང་ཞུགས་པས་མ་རུངས་པར་མགོ་རྩོམ་མོ།
དགོང་དྲོ། ཐེངས། བཞེངས་བ། ཞེས་པ་གསུམ་སྐྱོན་ཅན་ཡིན་པར་སྒྲུབ་དགོས་ཏེ། དང་པོ། དགོངས་དྲོ་ལ་དགོང་དྲོ་ཞེས་འབྲི་ན། བོད་ཀྱི་མཁས་པའི་བྲིས་པའི་དཔེ་དག་ལ་གནོད། གཉིས་པ།
ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན།
གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར།
དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན།
འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་།། ༥ །། སྤྱོད་འཇུག་ལེའུ་དང་པོ།
ཞེས་པའི་ནང་གི་རྐང་པ་བཞི་པར་ཡོད་པའི་ཐང་གི་ཨ་ཡིག་ཨེ་ཡིག་སྒྱུར་བར་མ་ཟད་དེ་ལ་སའི་ཡང་འཇུག་བསྣན་ཏེ། ཐེངས་ཞེས་པ་བྲིས་ནས། བོད་སྤྱིའི་སྐད་མེད་པར་བཟོས་པའི་སྐྱོན་དུ་མཐོང་། གསུམ་པ། རྗེས་འཇུག་གམ་ཡང་འཇུག་གི་ས་ཡིག་མིང་མཐའ་ན་ཡོད་པ་དེ་ཕོ་ཡིག་ཡིན་པ་དེ་ཡིས་མིང་མཐའ་ཡང་ཕོ་ཡིག་འདྲེན་པས། པ་སྟེ་ཕོ་ཡིག་དགོས་ཀྱང་། བ་བྲིས་པས་བོད་སྐལ་འཆོལ་བར་བཟོས་པའི་སྐྱོན་ཆེ། དེ་བཞིན་དུ། བདག་རང་གི་་ཡང་རྨོངས་ཡིག་ཡོད་པ་རྣམས་བསལ་ཏེ། འདི་དང་འདི་བཞིན་ཞེས་བཤད་པའི་སྒོ་ནས་སྐྱོན་ཡོད་པ་དག་མེད་པར་བཟོས་ཏེ། ༧་གོང་ས་རྒྱལ་བའི་དགོངས་པ་སྒྲུབ་པ་ལ་བརྩོན་དགོས་སོ།
ཐེངས་ཅིག་མ་རེད་ཐང་ཅིག་རེད། །
དགོང་དྲོ་མ་རེད་དགོངས་དྲོ་རེད། །
བཞེངས་བ་མ་རེད་བཞེངས་པ་རེད། །
རང་ཤེད་མ་རེད་མ་སྤྱི་བཤད་རེད། །