སེང་མགུལ་སྨན་བླས་བསྒྱུར།
ཡི་ཤུའུ་སྔོན་གྱི་ལོ་330 ཡས་མས་ནས་ཡི་ཤུའི་སྔོན་གྱི་ལོ་30་བར་ཏེ་ཉུང་མཐར་ཡང་ལོ་ངོ་300 རིང་ལ་ཨ་ཧྥི་རི་ཁའི་ནུབ་བྱང་གི་རྒྱལ་ཁམས་དེ་ནི་ཨི་ཇད་པི་ཐྲི་[Egypt]མི་མང་གི་ཁྱིམ་གཞི་དང་། དེ་ནི་ཤེས་རིག་འོད་སྟོང་བཀྲ་ཞིང་སྟོབས་འབྱོར་མངའ་ཐང་རྒྱས་བ་མ་ཟད་ཞི་བདེ་དང་བརྩེ་བས་ཀུན་ནས་ཕྱུག་པའི་ཁྱིམ་གཞི་ཞིག་ཀྱང་ཡིན། གནས་དེའི་ཧྥའ་རོའོ་སི་རྒྱལ་རྒྱུད་དང་ཕེ་རའ་མེ་ཌི་(Pyramids)ཞེས་བརྗོད་པའི་རྒྱལ་བོ་དང་རྒྱལ་མོའི་དུར་ཁང་། ད་དུང་དམར་གདུང་དང་སྒྱུ་འཕྲུལ་སོགས་མང་དུ་གྲགས་པའི་ཤུལ་བཞག་རིག་གནས་མང་པོ་ཞིག་ཀྱང་ཕའ་ཕེ་རུའུ་སི་(papyrus)ཞེས་པའི་ཆུ་སྐྱེས་ཤིང་ལེབ་ཀྱི་སྒང་ལ་རི་མོར་ཡང་བཀོད་ཡོད།
ས་དམར་དང་ས་ནག
གནའ་བའི་ཨི་ཇེ་ཕི་ཐྲི་ནི་མངའ་ཁོངས་རྒྱ་ཆེ་ཞིང་ལྷོ་ཕྱོགས་མེ་ཌེ་ཐྲི་རན་རྒྱ་མཚོ་(Mediterranean Sea)ནས་བརྩིས་ན་ལེ་བར་700 ཡོད། ས་དེའི་ཕྱོགས་མང་ཆེ་བ་སྐམ་ས་དང་ཚ་བོ་ཐལ་བ་སོགས་ཡིན་པས་དེའི་མིང་ལ་ཡུལ་དེའི་མི་མང་གིས་(Deshret-red land)ས་དམར་ཞེས་འབོད་པ་དང་། དེ་ཟད་ནའ་ལི་(Nile)་ཞེས་འབོད་པའི་འཛམ་གླིང་གི་ཆུ་བོ་རིང་ཤས་དེའང་གནས་དིའི་བྱང་ཐང་བརྒྱུད་ནས་བཞུད་ཀྱི་ཡོད། ལོ་རེར་མཐའ་འཁོར་གྱི་ས་ཆ་དག་ལ་ཆུ་ལོག་བརྒྱུག་ནས་ཆུ་འགྲམ་གྱི་ཁོ་ར་ཁོར་ཡུག་ཀུན་འདམ་མྱགས་དང་འབྱར་བག་གིས་ཁེངས་བས་གཙང་འགྲམ་ཁོར་ཡུག་དེ་ལ་ས་དེའི་ཡུལ་མི་རྣམས་ཀྱིས་(Kemet-black land) ས་ནག་ཅེས་འབོད་སྲོལ་མཆིས། ཡུལ་དེ་ནི་ཧ་ཅང་ས་བཅུད་བཟང་བོ་ཞིག་ཡིན་པས་ཡི་ཤིའི་སྔོན་གྱི་ལོ་5000་ཡས་མས་སུ་གནས་དེར་ཨི་ཇད་ཕི་ཐྲི་མི་མང་གིས་འཛམ་གླིང་གི་ཐོག་མའི་ཞིང་ས་དང་གྲོང་གསེབ་འཛུགས་སྐྲུན་བྱས་པ་རེད།
ནའ་ལིའི་འབུལ་སྐྱེས།
ནའ་ལིའི་ཆུ་བོ་ནི་ཨི་ཇད་ཕི་ཐྲི་མི་མང་གི་འཚོ་བའི་རྟེན་གཞི་ཡིན་པས་མཚམས་རེར་ཨི་ཇད་ཕི་ཐྲི་ལ་ “ནའ་ལིའི་འབུལ་སྐྱེས”་(the gift of the Nile)ཞེས་འབོད། ཡུལ་དེའི་ཞིང་བ་རྣམས་ཀྱིས་ཙོང་དང་རྒུ་འབྲུམ་གྲོ་སོགས་ཀྱི་ཞིང་ཀའི་ཡུར་བར་ཆུ་འཐེན་པ་དང་། བཟོ་རིག་པ་རྣམས་ཀྱིས་འཇིམ་པས་རྫ་ཆས་བཟོ་བ་དང་ཆུ་འགྲམ་ཁག་ནས་སྐྱེས་པའི་སོ་མ་ར་ཙའི་སྡོང་པོ་ལས་རས་འཐག་པ། ད་དུང་ཁྱིམ་མི་རྣམས་ཀྱི་ཟས་ལ་ཉ་དང་ཆུ་བྱ་སོགས་འཛིན་པ་དང་བྱིས་པ་རྣམས་ཀྱིས་ན་ཆུ་ནས་རྩེས་མོ་རྩེད། དེར་བརྟེན་གནས་དེའི་སྐུ་དྲག་དང་ཚོང་པ་གྲོང་ཁྱིམ་སྐྱོ་བོ་རྣམས་ཀྱིས་འདམ་མྱགས་སྐམ་པའི་ཐང་ལ་ཁྱིམ་གཞི་བཙུགས་ནས་ལྷོད་ཡངས་ཀྱི་འཚོ་བ་བསྐྱལ་གྱི་ཡོད་ནའང་། ཆུ་སྲིན་གྱི་འཇིགས་པ་ལ་དུས་རྒྱུན་དུ་དོག་གཟོན་བྱེད་དགོས་སོ།
གནའ་བོའི་ཨི་ཇི་ཕི་ཐྲིའི་འཚོ་བ།
གནའ་བའི་ཨི་ཇི་ཕི་ཐྲིའི་ཁྱིམ་གཞི་མང་པོ་ཞིག་ལ་ཁང་མིག་གསུམ་ཏག་ཏག་ཡོད་ལ་དེའི་ནང་ནས་ཐོག་ཁང་ནི་ལས་གནས་ཡིན། ཁྱིམ་ཚང་འབྱོར་ལྡན་ཚོས་ནང་ལ་ཆུ་རྫིང་དང་མེ་ཏོག་ལྡུམ་རྭ། ནང་ཆས་ལེགས་པོ་དང་གྱང་ལ་རི་མོ་སོགས་འབྲི་ནས་ཁྱིམ་གཞི་ཆེན་པོ་རེ་འཛུགས་སྲོལ་ཡོད་། ད་དུང་། ལུས་ལ་རྒྱན་ཆ་འདོགས་པ་དང་ལྭ་བ་མཚོན་ཁྲ་ཅན་གོན་པ། མཛེས་བཟོ་བྱེད་པ་དང་སྐྲ་རྫུན་སུ་ལུ་ཅན་སོགས་འདོགས་སྲོལ་ཡོད་པ་མ་ཟད་ཁོང་ཚོ་ལ་བྲན་གཡོག་དང་ཞབས་ཞུ་བ་སོགས་ཀྱང་ཡོད། ཡིན་ནའང་། ཁྱིམ་ཚང་སྐྱོ་བོའི་བུ་མོ་ཚོས་རང་ཁྱིམ་ནས་བཟོས་བའི་ལྭ་བ་གྱོན་པ་དང་ཕོ་ཚོས་རས་ཀྱིས་དཔྱི་མགོ་གཉིས་དཀྲིས་ནས་ལྭ་བ་གོན་སྲོལ་ཡོད།
དབུལ་ཕྱུག་གཉིས་ནས་གཞོན་ནུ་རྣམས་ཆུང་དུས་སུ་གཉེན་སྒྲིག་བྱེད་པ་དང་ཕྲུ་གུ་མང་པོ་སྐྱེ་བ་སོགས་ཀྱི་ཁོང་ཚོའི་ཁྱིམ་གཞིའི་འཚོ་བ་ནི་ནམ་ཡང་རིན་ཐང་ཅན་དུ་བརྩི་བཞིན་ཡོད། ད་དུང་། ལས་ཀ་གང་ཞིག་མཉམ་ལས་དང་། སྤྲོ་སྐྱིད་ཀྱི་སྐབས་སུ་རྒྱས་གཤོམ་བགྲེམ་སྟོན་དང་ཞབས་བྲོ་འཁྲབ་པ། རོལ་མོ་དཀྲོལ་བ་དང་སྒྲུང་བཤད་པ་སོགས་ཀྱི་རྩེད་མོ་ལ་ཤིན་ཏུ་ནས་དགའ་བོ་ཡོད།
ཁོང་ཚོ་ནི་སྒྱུ་འཕྲུལ་དང་ལྷ་མང་པོ་ལ་ཡིད་ཆེས་ཡོད་པ་མ་ཟད་མང་ཚོགས་ཀྱིས་ལྷ་སྐུ་དང་ལྷ་ཁང་ཆུང་ཆུང་ཡང་མང་པོ་བརྩིགས་ཡོད་ལ། དེའི་དག་ཁྲོད་ནས་གྲགས་ཆེ་བའི་ལྷ་སྐུ་ནི་རླབས་ཆེ་བའི་མི་མ་སེང་སྟེ་སྐྱེས་པའི་མགོ་ཅན་གྱི་སེང་གེ་དེ་ཡིན་ལ་དུས་ད་ལྟའང་མཐོང་རྒྱུ་ཡོད། ད་དུང་སྲུང་མདུད་འདོགས་པ་དང་ཞལ་འདོན་སྐྱོར་བ་བཀྲ་ཤིས་བའི་སྙན་ཚིག་སྐྱོར་བ་སོགས་ནི་ཁོང་ཚོའི་ཆོས་ཕྱོགས་ཀྱི་ལུགས་སྲོལ་ཡིན།
ཚིག་ཚབ་རི་མོ་(HIEROGLYPHS) དང་ཆུ་སྐྱེས་ཤིང་(PAPYRUS)
གནའ་བོའི་ཨི་ཇད་ཕི་ཐྲི་ལ་ཚིག་ཚབ་རི་མོར་བྲིས་བའི་ལམ་སྲོལ་དུ་མ་ཡོད། ཡིག་གཟུགས་གྲུབ་སྟངས་ཀྱི་རྣམ་པ་ནི་རི་མོ་ཆུང་ཆུང་མང་པོ་རུ་སྒྲིག་པ་ལྟ་བུ་དང་། མཚོན་བྱེད་ཅན་གྱི་རི་མོ་འདི་དག་ལ་ཚིག་ཚབ་རི་མོ་ཞེས་འབོད་ཀྱི་ཡོད། ཡིན་ཡང་། དེ་འབྲི་བ་དང་ཀློག་པ་ནི་མཁས་བའི་བྱ་བ་ཡིན་པས། དེ་ནི་མི་ཚང་མས་འབྲི་ཀློག་བྱེད་ཐུབ་པ་ཞིག་མིན།
འགྲེལ–དབྱིན་ཡིག་གི་ཚིག་མཛོད་ཆེན་མོ་(Oxford Dictionary) ནང་གནའ་བོའི་ཨི་ཇད་ཕི་ཐྲིའི་ཚིག་ཚབ་རི་མོ་ནི་བྱ་སྣ་ཚོགས་དང་སྦྲུལ་དང་མིའི་ལག་པ་དང་ཟླུམ་ཕྱེད་དང་གྲི་དང་མེ་ཏོག་དང་འཕྲེད་ཐིག་སོགས་མཚོན་བྱེད་ཅན་ཉུང་ཤས་ཤིག་བཀོད་འདུག བོད་ཀྱི་ལོ་རྒྱུས་སྟེང་ནས་དེ་ལ་རི་མོ་ཞེས་མིང་བཏགས་ཡོད།
ཕའ་ཕེ་རོའོ་སི་ནི་འདམ་རྩ་ལས་བཟོས་བའི་ཤོག་བུའི་རིགས་ཤིག་དང་། དེའི་སྟེང་དུ་ཨི་ཇད་ཕི་ཐྲིའི་ཡིག་མཁན་རྣམས་ཀྱིས་ཚབ་མཚོན་རི་མོའི་ལམ་ནས་སྙན་ངག་དང་གླུ་གཞས་སྒྲུང་དང་ཨང་རྩིས་མཚན་རིག་དང་སྐར་རྩིས་སོགས་བྲིས་ནས་ཤོག་མང་ཉར་ཚགས་བྱས་ཡོད་ལ་དེའི་སྟེང་ལ་བྲིས་བ་དག་ནི་འཛམ་གླིང་གི་ཐོག་མའི་ཡིག་གཟུགས་ཡིན།
དབང་ཤུགས་ཆེ་བའི་ཧྥ་རོའོ་སིའི་རྒྱུད་པ།
ཨེ་ཇད་ཕི་ཐྲིའི་རྒྱལ་བོ་རྣམས་ནི་རྒྱལ་བོ་ཧྥ་རོའི་སིའི་རྒྱུད་པ་ཡིན་ལ། ཨེ་ཇད་ཕི་ཐྲི་མི་མང་གིས་རྒྱལ་བོ་ཧྥ་རོའོ་སིའི་རྒྱུད་པ་ནི་དཀོན་མཆོག་གིས་གནང་བའི་བྱིས་བ་དང་གནམ་ས་གཉིས་བར་ཀྱི་སྦྲེལ་མཚམས་ཡིན་པར་བརྗོད། ད་དུང་། མི་མང་གིས་ཁོང་ཚོ་ལ་དཔྱ་ཁྲལ་འཇལ་བ་དང་ཁོང་ཚོའི་འཛུགས་སྐྲུན་གྱི་ལས་རིགས་ལ་རམ་འདེགས་གང་ལེགས་བྱས། རྒྱལ་བོ་ནི་རྒྱལ་ཁབ་དེའི་ཆོས་དཔོན་དང་ཁྲིམས་བཟོ་བ་དམག་སྤྱིའི་བཀོད་འདོམས་པ་སོགས་ཡིན་པ་མ་ཟད་གཞུང་འཛིན་མི་སྣ་དང་ཁྲིམས་དཔོན་དཔྱ་ཁྲལ་བསྡུ་མཁན་སོགས་ལ་བཀའ་གཏོང་བ་དང་། རྒྱལ་ཁབ་གཞན་དང་མཉམ་དུ་ཕྱི་འབྲེལ་གྱི་སྲིད་དོན་དང་ཚོང་འབྲེལ་སོགས་ཀྱི་སྐོར་ལ་ཆིངས་ཡིག་ཀྱང་མང་པོ་བཞག་ཡོད།
ཕེ་རའ་མེ་ཌི་དུར་ཁང་དང་དམར་གདུང་སོགས།
ཧྥ་རོའོ་སིའི་རྒྱལ་རྒྱུད་པ་ཁ་ཤས་ཤིག་ལ་དུར་ཁང་རྒྱ་ཆེན་པོ་བརྩིགས་ཤིང་། དེའི་ནང་ནས་དུར་ཁང་གཅིག་ནི་རྡོའི་དུར་ཁང་ཧ་ཅང་ཆེན་པོ་ཞིག་ཡིན། ཁོང་ཚོས་དུར་ཁང་གཅིག་མི་མང་སྟོང་ཕྲག་མང་པོས་ལོ་ངོ་མང་པོའི་རིང་བརྩིགས་བཞིན་ཡོད་ལ་དུར་ཁང་བརྩིགས་བྱེད་ཀྱི་རྡོ་དུམ་བུ་ཁ་ཤས་ལ་གླང་ལེན་གཉིས་ཀྱི་ལྗིད་ཚད་ལས་ལྷག་པ་ཡོད། དུར་ཁང་རྩིག་པ་ནི་ཁོང་ཚོའི་ཧང་སངས་དགོས་བའི་ལས་རིགས་ཤིག་གོ
གནའ་བའི་ཨེ་ཇད་ཕི་ཐྲི་མི་མང་ཚོས་རྒྱལ་བོ་གྲོངས་རྗེས་བེམ་པོ་ནི་སྐྱེ་བ་ཕྱི་མའི་ཆེད་ངེས་པར་དུ་རིང་དུ་གནས་རྒྱུ་དེ་ལ་ཡིད་བརྟན་བཅོལ་བ་དང་། ཁོང་ཚོས་རྒྱལ་བོའི་བེམ་པོ་དམར་གདུང་དུ་བཟོས་ནས་སྐམ་དུ་འཇུག་པ་དང་རས་ཀྱིས་བཏུམ་ནས་ཉར་ཚགས་བྱས། སྐྱེ་བ་རྗེས་མའི་ལོངས་སྤྱོད་ཀྱི་ཆེད་དུ་རིན་ཆེན་མང་པོས་ཧྥ་རོའོ་རྒྱལ་རྒྱུད་ཀྱི་དམར་གདུང་དག་གི་ཕྱོགས་སུ་བརྒྱན་ནས་རླབས་ཆེ་བའི་ཕེ་རའ་མེ་ཌིའི་དུར་ཁང་དུ་བཞག་ཡོད། དེ་ལྟར་བྱེད་དོན་ནི་རྒྱལ་བོ་འདས་རྗེས་སྟོབས་ཤུགས་རིང་དུ་གནས་བར་ཕན་ཐོག་ཡོང་ཕྱིར་ཡིན། ད་དུང་། ཕའ་ཕེ་རོའོ་སིའི་སྟེང་ཚིག་ཚབ་རི་མོ་ལ་བྲིས་བའི་གཤིན་པོའི་འཇིག་རྟེན་གྱི་ལམ་སྟོན་པ་མང་པོ་ད་ལྟ་དམར་གདུང་དང་མཉམ་དུ་རྙེད་ཅིང་། དུས་ཡུན་རིང་པོའི་སྔོན་རྒྱལ་བོ་ཕལ་ཆེ་བའི་དམར་གདུང་དང་དེའི་མཉམ་དུ་སྦས་བའི་རིན་པོ་ཆེ་མང་པོ་ཞིག་ཚབས་ཆེ་བའི་རྐུན་མས་བརྐུས་བ་རེད།
འདས་དོན་ལ་ཡུན་རིང་གི་དྲན་སྐུལ་བྱེད་པོ།
ལོ་ངོ་སྟོང་ཕྲག་མང་པོའི་རིང་གསོན་པའི་ཨི་ཇད་ཕི་ཐྲིའི་འབྱོར་ལྡན་ཤེས་རིག་དེས་བཙན་འཛུལ་བ་མང་པོ་ཞིག་གི་ཡིད་དབང་གཅིག་གྱུར་དུ་འཕྲོག་པ་དང་། སྤྱི་ལོ་སྔོན་གྱི་ལོ་30 ཡི་ནང་ལ་ཨེ་ཇད་ཕི་ཐྲིའི་མཐའ་མའི་རྒྱལ་མོ་ཁི་ལོའོ་ཕའ་ཊི་རའ་(Queen Cleopatra) ཡིས་རོའོ་མན་(Roman)གྱི་དབང་སྒྱུར་བ་ཚོ་ལ་མགོ་བཏགས་མ་བྱས་པར་རང་སྲོག་བཅད་པ་སོགས་ནི་ལོ་ངོ་2,000 སྔོན་གྱི་གནད་དོན་ཞིག་ཡིན་ནའང་། གནའ་བའི་ཨེ་ཇད་ཕི་ཐྲི་ནི་ནམ་ཡང་བརྗེད་དུ་མི་རུང་བ་ཞིག་ཡིན། བང་སོ་མང་པོ་ཞིག་ལ་བདག་གཉེར་ཡག་པོ་བྱས་ནས་དུས་ད་ལྟའང་ཡོད་ལ། དེ་ལས་མང་ཆེ་བ་ཞིག་འགྲེམ་སྟོན་ཁང་སོ་སོར་བཞག་ཡོད། ད་དུང་། གནའ་བའི་ཨེ་ཇད་ཕི་ཐྲིའི་དུར་ཁང་མང་པོ་ཞིག་དང་རྒྱ་ཆེ་བའི་དྲན་རྟེན་གྱི་རིགས་མང་པོ་ཞིག་ད་ལྟའང་གནས་ཡོད་པ་མ་ཟད་མཇལ་ཡང་ཐུབ།
བཀླགས་ཟིན།
བཀའ་དྲིན་ཆེ་ཞུ།
འདི་འདྲ་གང་མང་བསྒྱུར་ན་ཡག་པོ་རེད།
ཚང་མ་ལ་ཕན་ཐོག་ཆེ་བའི་བྱ་བ་རེད་སྙམ།
བོད་སྐད་དུ་བསྒྱུར་པ་ཟིན་ཏུ་ལེགས།
https://www.youtube.com/watch?v=rntwqqRSGbA