བོད ལྷ་ཀླུ་གཉན་གསུམ།
ཁ་དང་ཁོག་པའི་བར་གྱི་གསང་བ་འདིས།།
རང་ཉིད་བྲན་དུ་བཀོལ་བ་ཉུང་ཉུང་མིན།།
ཁ་ལ་ཉན་ན་བདེན་པའི་གཏམ་མང་ཡང་།།
ཁོག་ལ་བལྟས་དུས་རུལ་དྲི་མང་བོ་འཐུལ།།
མི་ཡི་རིག་སར་ལྷ་ཡི་ཚུལ་སྟོན་པ།།
མ་རིག་མ་མཐོང་ས་ནས་གཞན་སྲོག་བསྡུ།།
བྱེད་སྟངས་འདི་ཡི་འཐག་པའི་ལུས་པོ་འདི།།
སྲུང་ནས་མི་ཚེ་བསྐྱེལ་བ་ཐང་རེ་ཆད།།
ཐུག་དུས་ཉེ་རིང་མེད་པའི་གཏམ་ཞིག་གསུང་།།
གྱེས་དུས་རང་དོན་ཁོ་ན་གཉེར་གཉེར་བས།།
འདི་བྲལ་བར་གྱི་གོ་ལྡོག་བྱེད་ལུགས་འདིས།།
མི་གཤིས་བཟང་བོ་གཏོར་མ་བཞིན་དུ་དོར།།
དྲན་ཚུལ་བཤད་ན་ཉིན་མཚན་མི་ཆོད་ལ།།
ལས་ཚུལ་མཐོང་དུས་མི་སེམས་གསོད་བྱེད་པས།།
སྒྱུ་མའི་གཡོ་འཁྲབ་གྱོན་པའི་འཚོ་ལུགས་འདིས།།
བརྩེ་བའི་དུངས་མ་ཆུ་ཁའི་ཝུ་བར་བཏང་།།
ཐག་རིང་རྒྱང་ན་དྲན་པའི་ཡུལ་ཞིག་ཡོད།།
ཐག་ཉེ་གམ་ན་འཚོ་བའི་འདུར་རྒྱུགས་རྒོད།།
མི་ཡི་སེམས་ལ་འགས་གཏོར་ཆེན་པོ་འདིས།།
ཚོར་བའི་རྨང་གཞི་གཙང་མ་དུག་གི་ཟོས།།
དྲན་ཚུལ་ཁ་ནས་གླེང་བར་རང་དབང་ཟེར།།
འཇོན་ཚུལ་ལག་ལེན་མེད་པ་སྒྱིད་ལུག་གིས།།
མཐོ་དམན་ཀུན་ལ་སྡང་བའི་སྤྱོད་པ་འདིས།།
བདེ་མོའི་ལམ་ཕྲན་སྟེང་ལ་ཐོག་ཞིག་བརྒྱབས།།
ཐུགས་རྗེ་ཆེ། ཉིན་མང་པོ་ཞིག་གི་རྗེས་སུ་སྙན་ངག་ཅིག་བཀླགས་རྒྱུ་བྱུང་།
ད་ང་སྡིག་མཚམས་ཞོགས།
བློ་དགའ་ལགས། བཀའ་དྲིན་ཆེ་ལགས།
མགོ་རུལ་ལགས། ངས་སུ་ལ་ཡང་སྡུག་མེད། སྡུག་ས་དེ་ནི་རང་ཉིད་ལས་གཞན་མིན། རང་ལ་བལྟས་དེ་བལྟས་དེ་འོང་དུས་འདི་ལྟར་བསྡིག་ན་འདོད་ཀི མཚམས་རེར་རང་ཉིད་བོད་དུ་སྐྱེ་བའི་བོད་མི་སྡར་མ་སྐྱག་གཟན་ཞིག་རེད་བསམ་ནས་བསྡད་ཡོད།
བློ་དགའ་ལགས། ཕེབས་པ་དགའ་ཡོད།
མགོ་རུལ་ལགས། ངས་སུ་ལ་ཡང་བསྡིག་མེད། བསྡིག་དམོད་བྱེད་ས་དེ་ནི་རང་ཉིད་ཡིན། རང་ཉིད་ལ་བལྟ་བཞིན་བལྟ་བཞིན་བསྡིག་ན་འདོད་ཀི མཚམས་རེར་བོད་དུ་སྐྱེ་བའི་བོད་མི་སྐྱག་གཟན་སྡར་མ་ང་ལས་ལྷག་པ་སུ་ཡོད་སྙམ་གྱི་འདུག
གྲོགས་པོ་ལགས།
རང་ནས་སྐྱོ་མགུར་མང་པོ་ཞིག་གསུངས་སོང་།
ད་ནི་སྤྲོ་གླུ་ཞིག་ཀྱང་བླངས་ན་ཆོག་པ་ལ།
ཨ་ལེ། རྩེད་མོ་རང་ཡིན།།
བསྟན་འཛིན་བདེ་གསལ་ལགས། ད་ནི་མིའི་སེམས་ཁོང་དུ་སྤྲོ་སྣང་ཞིག་མེད་དུས་སུ་སྤྲོ་གླུ་ཟེར་བ་ཞིག་ལེན་ཤེས་ཐབས་མི་འདུག ཡིན་ཡང་། གནམ་འོག་ནས་འཚོ་སྟངས་མི་འདྲ་བའི་མིའི་རིགས་ཀྱི་འཚོ་ལམ་འདི་ནས་ངེད་ཅག་གི་མི་རིགས་འདི་དངོས་ནས་སྐྱོ་བོ་རེད།
གྲོགས་པོ་རང་ཁག་མེད།
ཁོམ་པ་འདྲ་ཡོད་ན། གཟའ་མཇུག་ཏུ་ཤིང་སྡོང་དང་མེ་ཏོག་ཡོད་ས། ཡང་ན་གཙང་ཆུའི་འགྲམ་དུ་སོང་ནས་ཉི་འོད་འཇམ་པོའི་འོག་ཁམས་བསབས་་བྱས་ན་ཤིན་ཏུ་ཕན་པ་འདུག
དེ་མིན་གྲོགས་པོ་བློ་འཁེལ་བ་ རིག་པ་རྒོད་པོ་དེ་འདྲ་མཉམ་བོད་པ་ཟེར་བའི་མི་རིགས་འདི་དོན་དངོས་སུ་ག་འདྲ་ཞིག་ཡིན་པའི་སྒང་ལ་དཔྱད་གླེང་བྱེད་ཐུབ་ན། གཅིས་བྱས་ན་རང་གི་སེམས་ལ་ཉི་མ་གཞོན་ནུ་ཞིག་ཀྱང་ཤར་ཡོང་།
བསྟན་འཛིན་བདེ་གསལ་ལགས། དངོས་ནས་ཉི་མ་དྲོ་ས་ཞིག་དང་། ཆུ་བོ་བཞུར་སྒྲ་སྙན་ས་ཞིག་དང་མེ་ཏོག་སྣ་མང་རང་བྱུང་གི་བཞད་ས་ཞིག་ནས་སོས་དལ་བ་ཞིག་བྱུང་རྒྱུ་ཡོད་ན། ང་རང་གི་འདོད་བློ་དངོས་ནས་དེ་མིན་པར། ངས་རང་གི་མི་རིགས་འདིས་གནད་དོན་ལ་བསམ་དུས་གཞན་ཡུལ་གྱི་ཆུ་སྒྲ་ཅི་འདྲ་སྙན་ཡང་། གཞན་ཡུལ་གྱི་མེ་ཏོག་ཇི་འདྲའི་མཛེས་ཀྱང་། གཞན་ཡུལ་ནས་ཉི་མ་ག་ཚོད་དྲོ་ན་ཡང་། ངའི་སེམས་པ་ཆགས་ས་ཞིག་ག་ལ་ཉན། ང་རང་ནི་བོད་དུ་སྐྱེ་བའི་བོད་མི་ལྡོམ་པ་ཞིག་ཡིན་པ་ངས་གཏན་ནས་བརྗེད་ཐབས་ཤིག་ག་ལ་ཡོད། དེ་ཡི་ཕྱིར་ངས་འདང་རྒྱག་པ་ལས་གཞན་ཞིག་བྱེད་དགོས་ཀྱི་ཡོད་པ་དེ་ལ་ཡང་བསམ་བློ་མང་བོ་མང་བོ་ཞིག་འཁོར་གྱི་འདུག་ལགས།
རེད་ལགས གྲོགས་པོ་ལགས། ང་ཡང་ཕྱི་ཡུལ་འགྲིམས་མཁན་ལྡོམ་པོ་ཞིག སྟོན་མཇུག་རླུང་བུས་འདེད་པའི་སྡོང་ལོ་ཞིག རྒྱ་མཚོའི་མཇིང་ན་བོར་བའི་གྲུ་གཟིངས་ཤིག
ཡིན་ནའང་། ཕ་ས་དྲན་བཞིན། ལྗོན་ཤིང་དྲན་བཞིན། གླིང་ཕྲན་ཞིག་ཡིད་ལ་བྱེད་བཞིན། མགོ་བོ་མཐོ་རུ་འདེགས་བཞིན་་འཚོ་ཡོད་ལགས།
ཉིད་ཀྱང་། མཐོ་སྒང་གི་དཔའ་རྒོད་ཚོའི་གདུང་རྒྱུད་རེད་ལགས། ཧོར་གླིང་གཡུལ་འགྱེད་སྐྱོར་ན་མི་ཆོག་གམ།
བསྟན་འཛིན་བདེ་གསལ་ལགས། ངས་དེང་སང་ཧོར་གླིང་གཡུལ་འབྱེད་ལ་ཕྱིར་དྲན་བྱེད་འདོད་མི་འདུག ད་ལྟའི་བོད་ཕྱི་ནང་གི་དཀའ་ངལ་དངོས་དེར་བསམ་གཞིག་བྱེད་ཀྱིན་པའི་སྒང་ཡིན། འུ་ཅག་གིས་རང་རང་གནས་ཡུལ་ནས་རང་ཉིད་བོད་མི་ཡིན་པ་ངེས་ཟིན་བྱེད་དགོས་པའི་སྐོར་ལ་བསམ་བློ་གཏོང་བ་ནས་ལྷག་དཀར་ལྟ་བུའི་ལས་གཞི་དག་ལ་ང་ཚོས་སེམས་གཏིང་ནས་རྒྱབ་སྐྱོར་དང་གོམ་པ་མཉམ་སྤོ་བྱེད་པར་དགོས་པ་ཆེན་པོ་མཐོང་གི་ཡོད། ཨ་རིར་གནས་བསྡོད་བོད་རིགས་སྤུན་ཟླ་ཞིག་གིས་ཁོ་རང་གིས་ལས་གཞི་དེ་ལ་བོད་མི་གང་ན་སུ་ཡོད་པ་དག་གིས་རྒྱབ་སྐྱོར་ཡོང་བར་རེ་སྐུལ་བྱེད་ཀྱི་འདུག དེ་ནི་དངོས་ནས་བོད་མི་ཞིག་གི་དངོས་ནས་བྱེད་དགོས་པ་ཞིག་རེད་འདུག
མ་མཐོང་མིག་གི་བལྟས་མོ་མང་ན་ཡང༌༎
གང་མཐོང་སྙིང་པོ་མེད་པར་ཤེས་མདོག་གིས༎
གློ་བུར་ངེས་འབྱུང་སྐྱེས་སྐྱེས་འདྲ་བྱས་ཀྱང༌༎
མགོ་སེར་མཛེས་མའི་འཕོངས་བརླའི་སྒྱུ་རྩལ་དང༌༎
ཨ་སྒོར་ནོར་གྱི་རྒྱལ་པོའི་གཟི་བྱིན་དེས༎
ངེས་འབྱུང་སྤྲང་རྒན་ས་མཐར་ལུས་སོ་སྐད༎