དྲི་འཇམ།
རྣམ་དཔྱོད་འོད་ཀྱིས་གཤིས་ལུགས་སྲང་ལ་གཞལ།།
བྱམས་བརྩེའི་འཛུམ་གྱིས་མི་ཡུལ་དྲོད་ཀྱིས་གཉོར།།
ཞལ་གསུང་དྲོན་མོའི་དབུགས་རྒྱུན་རེ་རེར་ཡང་།།
སྐྱེ་འགྲོའི་ཕན་བདེར་སེམས་པའི་རྣམ་འགྱུར་རྣོ།།
དུང་ཕྱུར་བདུན་ཅུའི་སྤྱི་དོན་སེམས་པ་ན།།
མི་ལོ་བརྒྱད་ཅུའི་ཉམས་མྱོང་འདི་ཟབ་ཅེས།།
བྱམས་བརྩེའི་ཆོས་ལ་མཛུབ་མོས་རི་སྟོན་གནང་།།
གདམས་ངག་མཁན་པོ་ཁྱེད་ལས་གཞན་ན་གང་།།
བརྩེ་བས་བཟུང་བའི་རིགས་པའི་ཞལ་ཁྱིམ་ལས།།
རང་གཞན་བདེ་བར་འདོད་ན་སྤྱི་དོན་ལ།།
སེམས་པ་ལས་གཞན་ཐབས་ཤེས་ཡོད་མིན་ཞེས།།
གྱ་སྟོན་འཁོར་མང་ཚོགས་པའི་དབུས་སུ་བསྒྲགས།།
ཆེར་སྙིགས་ཆགས་སྡང་རགས་ཤིང་བཟོད་བསྲན་ཆུང་།།
ནང་གི་སྟོབས་ཀུན་ཟང་ཟིང་འབྱོར་བས་མནན།།
འཕྲལ་ཕུགས་ཁེ་ཉེན་བླང་དོར་འཆུགས་དུས་འདིར།།
ཁྱེད་གསུང་གདམས་པ་ཆིག་ཐུབ་སྨན་གྱི་ཕུལ།།
དུག་གིས་བཏབ་པའི་བག་ཆགས་ཟབ་མོ་ཅན།།
སྡུག་གིས་ཟིན་པའི་བློ་ཕུགས་དོག་པའི་མི།།
དུ་མ་མི་ལོ་བརྒྱད་ཅུར་བརྩེ་བས་གཉོར།།
མགོན་ཁྱོད་བཀའ་དྲིན་ནམ་མཁའི་མཐའ་ལས་འདས།།
དུས་ཀྱི་མཐར་ཡང་ས་ཆེན་འདི་སྟེང་དུ།།
མགོན་པོ་ཁྱེད་འདྲའི་བླང་དོར་ལམ་སྟོན་པ།།
འཚོ་བཞེས་མཛད་འདི་ཅི་འདྲའི་སྐལ་བ་བཟང་།།
ཨེ་མ་ཧོ་མགོན་ཁྱོད་བཞེད་དོན་ལྷུན་འགྲུབ་ཤོག།
ཅེས་དྲི་འཇམ་པས་འཁྲུངས་སྐར་ལ་གུས་པས་ཕུལ།