ཏཱ་ལའི་བླ་མ། (འཇམ་དབྱངས་དཀར་པོས་བསྒྱུར།)
འཛམ་གླིང་ནང་དོན་དམ་པའི་ནང་སེམས་ཀྱི་ཞི་བདེ་དང་དེའི་རིན་ཐང་ལ་དགའ་མོས་དང་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིིན་ཡོད་སྟབས། ངོས་ཀྱི་མི་ཚེ་འདིའི་རིང་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་ཡོང་སྲིད་པ་འདུག དེ་ལྟར་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་ནི། ལས་སླ་པོ་ཞིག་མིན་པར་དེའི་སླད་སྒོ་གང་ས་ནས་ཤུགས་རྒྱག་དགོས་པ་ཡིན།
ངོས་ཀྱི་ཉམས་མྱོང་ཐོག་ནས་ཞུ་རྒྱུར། དྲང་བདེན་གྱི་ལམ་བུ་དེར་དུས་ཚོད་རིང་མིན་ལ་མ་ལྟོས་པར་རྒྱལ་ཁ་ཐོབ་ངེས་ཡིན་པ་དང་། དྲག་པོའི་བྱ་སྤྱོད་ལ་འཕྲལ་དུ་ནུས་པ་ཞིག་ཐོན་ནའང་ཕུགས་རྒྱང་རིང་པོའི་དགེ་ཕན་མེད། བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་དེ་ནི་རླབས་ཆེན་གྱི་དམིགས་ཡུལ་ཞིག་ཡིན།
གང་ཡིན་ཟེར་ན། འཛམ་གླིང་འདིའི་སྟེང་གནས་པའི་འགྲོ་བ་མི་ཙམ་མ་ཟད། མཐའ་ཡས་པའི་འགྲོ་བ་སེམས་ཅན་ཡོངས་ཀྱིས་མཚོན་པའི་རང་བྱུང་ཁོར་ཡུག་ལའང་ཕན་ཐོགས་ཡོད་པ་ཞིག་རེད། བྱམས་བརྩེ་ངོ་མ་དེ་ཕྱོགས་ལྷུང་དང་ཆགས་ཞེན་མེད་པའི་ཐོག་ནས་ཡོང་དགོས་པ་དང་། དེ་འདྲ་བྱུང་ཚེ་རང་ཉིད་ཀྱི་དགྲ་བོ་དང་བློ་ཐག་ཉེ་རུ་གཏོང་རྒྱུ་ཙམ་མ་ཟད། བྱམས་བརྩེ་དེ་ཉིད་སོ་སོའི་དགྲ་བོ་ལའང་ཁྱབ་ཐུབ་ཀྱི་ཡོད། དེ་ལྟ་བུའི་ཕྱོགས་ལྷུང་མེད་པའི་བྱམས་བརྩེ་དེ་ནི་འཇིག་རྟེན་ཀུན་ཁྱབ་ཀྱི་བྱམས་བརྩེ་ཞིག་ཡིན།
གོ་ལ་གཅིག་གྱུར། ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་བཅས་ནི་ངོས་ཀྱི་མི་ཚེའི་ནང་དམ་བཅས་པའི་འགན་ཁུར་གསུམ་པོ་དེ་ཡིན། ངོས་རང་འཇིག་རྟེན་འདིར་འཚོ་བའི་རིང་ལུས་ངག་ཡིད་གསུམ་གྱི་བྱ་བ་མཐའ་དག་འགྲོ་བ་མིའི་བདེ་དོན་གྱི་ཆེད་དུ་བློས་གཏང་བྱ་རྒྱུ་ཡིན།
————————
སྤྱི་ཟླ་ ༧ ཚེས་ ༦ ཉིན་ཨ་རིའི་ཁེ་ལི་ཧྥོར་ནེ་ཡར་འཚོགས་པའི་མི་ ༡༨,༠༠༠ ལྷག་འཛོམས་ཡོད་འདུག