ཨེ་མ་ཧོ།
ཨོྃ་སྭ་སྟི། །
རབ་འབྱམས་སྲས་བཅས་རྒྱལ་ཀུན་ཐུགས་རྗེའི་སྟོབས། །
རྟེན་འབྲེལ་བསླུ་བ་མེད་པའི་བདེན་མཐུ་དང་། །
བདག་གིས་ལྷག་བསམ་དག་པའི་དགེ་བ་འདིས། །
བསྟན་འགྲོར་ཕན་བདེ་འབྱུང་བར་བྱིན་གྱིས་རློབས། །
མདོ་སྔགས་མཁྱེན་བརྩེ་ཡེ་ཤེས་རྒྱས་པའི་ཐུགས། །
ཟབ་རྒྱས་ཚངས་དབྱངས་སྒྲོག་པ་རྡོ་རྗེའི་གསུང་། །
མཚན་དཔེའི་དཔལ་འབར་གསང་གསུམ་རྒྱལ་བའི་སྐུ། །
མཁན་ཆེན་ཟླ་བའི་དབང་པོ་ཞབས་བརྟན་ཤོག །
མཁྱེན་པའི་གཏེར་ཆེན་རིག་པའི་ཀློང་ནས་རྡོལ། །
བརྩེ་བའི་ཐུགས་རྗེ་བྱང་ཆུབ་སེམས་མཆོག་ལྡན། །
མཛད་པའི་ཕྲིན་ལས་ཀུན་གསལ་ཁྱོན་ལ་ཁྱབ། །
ཐུགས་བཞེད་གེགས་མེད་བདེ་མྱུར་ལྷུན་འགྲུབ་ཤོག །
ཅེས་པའང་རབ་གནས་ཤིང་ལུག་སྣྲོན་ཟླའི་ཟླ་བ་ཉ་ཡོངས་གང་བའི་དུས་བཟང་གི་ཉི་ཟླ་སྐར་གསུམ་མཐོང་བ་དང་ཁྱད་པར་ཟླ་འོད་ཇེ་གསལ་དང་སྤྲིན་མེད་ནམ་མཁའ་ཡངས་པའི་དབྱིངས་སུ་རྒྱུ་ཞིང་རྟ་བདུན་དབང་པོ་གོ་ཟླུམ་ཤར་གླིང་དུ་སྤྲོས་པའི་དུས་མཚུངས་སུ་མཁན་ཆེན་ཟླ་བའི་དབང་པོ་འམ་ཐུབ་བསྟན་འཇམ་དཔལ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་ཞབས་བརྟན་དུ་རྒྱལ་ཁམས་པ་དགེ་སློང་དཔལ་དགྱེས་པ་རྡོ་རྗེས་སྨོན་ཚིག་ཏུ་སྙིང་ནས་གསོལ་བ་འདེབས་པ་དགེའོ།། །།