ཁྲོ་གཏུམ།
བོད་སྐད་ཡིག་ནི་མིང་ཚིག་གིས་ཕྱུག་པ་ཞིག་ཡིན་ནམ། གང་ལྟར། དེང་སྐབས་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་ཁྱབ་སྤེལ་ཆེས་ཆེར་འགྲོ་སའི་བརྡ་འཕྲིན་གསར་བ་སྟེ། སྐད་འཕྲིན་བེད་སྤྱོད་བྱེད་པའི་གོ་སྐབས་དང་བསྟུན་ནས་མེ་ཏོག་ཅིག་གི་པར་ཞིག་ལ་མིང་ག་ཚོད་ཡོད་པ་གཏན་འཁེལ་བྱེད་པར་དཀའ་བའི་གྲངས་ཀ་ཞིག་རག་སོང་།
མེ་ཏོག་དེ་ནི་ང་རང་ཆུང་དུས་ཀྱི་རྩེད་སྤྱད་ཆེས་སྣང་འགྲོ་ཞིག་སྟེ། དབྱར་གཞུང་གི་སྤང་ཁ་ན་སྔོ་ལམ་མེར་བཞད་པའི་མེ་ཏོག་འུག་རྒྱག་རེད། མིང་འདི་ནི་ང་ཆུང་དུས་ནས་རང་གི་ལུང་པའི་ནང་དུ་བཀོད་སྤྱོད་བྱེད་ཀྱིན་པའི་མེ་ཏོག་དེའི་མིང་རེད། ང་སྐྱེས་ས་དེ་ནས་མེ་ཏོག་འུ་རྒྱག་བཏུས་ཏེ་མི་དང་སྐེ་རྒྱན། དབུ་རྒྱན་སོགས་བཟོས་བ། དབུགས་རྒྱབ་ནས་བཀད་པ་བཅས་ནི་ཆུང་དུས་རྩེད་རོགས་ཚོའི་ཆེས་མཛེས་སྡུག་གི་རྔན་པ་ཞིག་ཏུ་གྱུར་བ་ནམ་ཡང་བརྗེད་ཐུབ་མེད་པས་ན་སེམས་གསེང་གི་དྲན་ཤིང་ཟབ་མོ་ཞིག་ཏུ་གྱུར་ཡོད།
མེ་ཏོག་དེ་ནི་སྙུང་དབྱིབས་ཤིག་ཡིན་ལ། དེ་ལ་དཀའ་ཁྲ་དང་སྔོ་ཁྲ། སྔོ་ནག་ཁྲ་བོ་བཅས་མ་གཏོགས་གཞན་ང་ཚོའི་ཕ་ཡུལ་མཐོང་མྱོང་མེད། དེ་དག་ལས་ཆེས་མང་ཤོས་དེ་ནི་མེ་ཏོག་སྔོ་ཁྲ་ཡིན་ཞིང་། སྤང་ཐང་དང་རི་སྒང་སོགས་ས་དབྱིབས་དབྱེར་མེད་དུ་སྐྱེས་ལ། སྐྱེས་འཕེལ་ཧ་ཅང་མང་པོ་ཡོད་པ་ཞིག་ཡིན་པས། མེ་ཏོག་དེའི་པར་མཐོང་ན་ངའི་མིག་ལམ་ཏུ་སྔོ་ཤག་སེ་བྱེད་ཀྱིན་འདུག
མེ་ཏོག་དེ་ཡི་དྲི་མ་ཞིམ་ལ་བཏོག་ཅིང་རྩ་བ་ན་མངར་ཆ་ལྡན་པའི་གཤེར་ཁུའི་རིགས་ཤིག་འཇིབ་ཀྱི་ཡོད། མངར་མོ་དེ་འཇིབ་ཚར་རྗེས་རྩེད་སྤྱད་སྣ་ཚོགས་བཟོ་བ་དང་མེ་ཏོག་གི་མགོ་བོ་ལག་པས་བསྡམས་ནས་མཇུག་ནས་དབུགས་རྒྱབ་སྟེ་བཀད་པར་ཧ་ཅང་དགའ། བཀད་སྒྲ་དེ་ནི་ཧ་ཅང་རྣ་བར་སྙན་པ་ཞིག་ཀྱང་ཡིན་པས་ནམ་རྒྱུན་ལུག་རྫི་བྱེད་སྐབས་མེ་ཏོག་འུག་རྒྱག་མང་པོ་ཞིག་བཏུས་ཏེ། ལུག་མཐོང་སའི་རི་སྒང་ཞིག་ཏུ་མེ་ཏོག་འུག་རྒྱག་བཀད་ནས་ལུག་རྗེས་མིག་གིས་འཚོས་བའི་རྣམ་པ་དེ་ནི་ཇི་འདྲའི་བརྗེད་པར་དཀའ་བའི་ཕྱིར་དྲན་ཞིག་རེད་ཨང་།
ཡིན་ནའང་། ཉེ་ལམ་སྐད་འཕྲིན་རྒྱབ་ལོག་ཏུ་མེ་ཏོག་དེའི་པར་སྤེལ་ཏེ་སྐད་འཕྲིན་གྱི་རྩེད་གྲོགས་འདྲ་མིན་གྱིས་མིང་འདྲ་མིན་ཅི་རིགས་ཤིག་བཏགས་སོང་བས། ང་སྐྱེས་སའི་ལུང་པ་དེས་མེ་ཏོག་འུག་རྒྱག་ཟེར་བ་དེ་ནི་ལུང་སྐད་ཅིག་ཡིན་པ་ཤེས་མོད། དེ་ལྟ་བུའི་ལུང་སྐད་དེ་ནི་ང་ཚོའི་སྡེ་བ་གཅིག་པུ་མ་ཡིན་པར་ཕྱོགས་གཞན་དུ་ཡང་དེ་ལྟར་མིང་འདོགས་བྱས་ཡོད་པར་གསལ་སྟོན་བྱས་སོང་། དེ་མིན་ལུང་པ་འདྲ་མིན་ནས་མིང་འདོགས་འདྲ་མིན་ཅི་རིགས་ཤིག་གི་ཞབས་མཆན་རག་སོང་ཡང་། མིང་འདོགས་དེ་དག་ནི་ཨ་མདོ་གཅིག་པུ་མ་གཏོགས་དབུས་དང་ཁམས་སུ་མིང་འདོགས་འདྲ་མིན་ག་ཚོད་ཡོད་སྐོར་གྱི་མིང་ཚིག་དང་ལུང་སྐད་བཅས་འཚོལ་བཤེར་བྱེད་མ་ཐུབ་མ་སོང་བས་ན། དཔྱད་ཞིབ་ཀྱི་མཇུག་མ་གྲུབ་མེད་པ་ཞིག་ཡིན་ལ། དབུས་ཁམས་གཉིས་ཀྱི་ལུང་པ་རེ་རེའི་མིང་འདོགས་ཅི་ཞིག་ཡིན་པ་བཏུས་པ་བྱས་ན་མང་པོ་ཞིག་ཡོད་པ་གདོན་མི་ཟ།
བོད་ཀྱི་བསྟན་བཅོས་ཀྱི་སྐད་ནི་ཆོལ་ཁ་གསུམ་གྱི་སྐད་གཅིག་གྱུར་ཡོད་པའི་བརྡ་རྟགས་དང་བསྟན་བཅོས་ཀྱི་སྐད་དུ་བྲིས་པའི་རྩོམ་ནི། བོད་ཆོལ་ཁ་གསུམ་གྱི་མིས་ཀློག་ཤེས་ཤིང་དོན་གོ་བའི་དཔྱད་བརྗོད་ལྟར་དུ། བོད་ཀྱི་རིག་གནས་བཅུའི་ཡ་རྒྱལ་སྨན་གཞུང་དུ་མེ་ཏོག་འདི་ལ་མིང་ཡོད་པ་མ་ཟད། ཁ་དོག་ཡང་འདྲ་མིན་ཡོད་འདུག་ལ། མེ་ཏོག་གི་ཕན་ནུས་ཡང་གསལ་སྟོན་བྱས་པར་འདུག
སྨན་གཞུང་ནས་མེ་ཏོག་འདིའིི་མིང་ལ་སྤང་རྒྱན་མེ་ཏོག་ཟེར་ཞིང་། སྤང་རྒྱན་ནག་པོ་ཟེར་བ་ཡང་ཡོད་འདུག དེ་མིན་མེ་ཏོག་འདི་སྐྱེས་སའི་ས་དབྱིབས་དང་སའི་མཐོ་ཚད་སོགས་ཀྱི་རྣམ་པ་ཡང་ཡོད་པར་བཤད་མཁན་འདུག་མོད། འོན་ཀྱང་། དགེན་རྡོ་རྗེ་དབང་ཕྱུག་ལགས་ཀྱིས་ནོར་ལྡེ་ཚགས་པར་ལས་བཏུས་པའི་སྤང་རྒྱན་མེ་ཏོག་སྐོར་གྱི་འགྲེལ་བཤད་ཅིག་ལས།
སྤང་རྒྱན་སྔོན་པོ་ནི། རང་རེ་བོད་ཀྱི་ས་ཆར་མཚོན་ན་མཚོ་ངོས་ལས་སྤྱི་ཁྲི་བཞི་སྟོང་ལྔ་བརྒྱ་ནས་ལྔ་སྟོང་བར་གྱི་ས་གནས་སུ་སྐྱེ་བའི་སྔོ་ལྡུམ་ཞིག་ཡིན།
ཁ་ཤས་ཀྱིས་འདི་ལ་སྤང་རྒྱན་ཁྲ་བོ་ཡང་ཟེར། སྐྱེ་བའི་ཚེ་ན་རྩ་བ་སྦོམ་ཞིང་ཐུང་ལ་རྒྱུས་ཕྲན་ཅན་སྡོང་པོ་ས་ངོས་ལས་ཆེར་མི་འཕགས་ཤིང༌། རྩ་བ་དང་སྡོང་ལོའི་མདོག་སེར་ནག་གམ་སེར་སྨུག་ཡིན། ལོ་མ་ལྗང་སེར་རེག་བྱ་འཇམ་ལ་སྤུ་སོགས་མེད་པ་པད་གདན་ལྟར་སྐྱེ་བ། ལོ་མའི་མཆན་ཁུང་ནས་བོད་ཟླ་བརྒྱད་པ་ནས་བཅུ་པའི་བར་མེ་ཏོག་སྔོ་དཀར་མདངས་གསལ་བ། དྲི་ཞིམ་ཞིང་ཆེ་ཆུང་རྒྱ་གླིང་གི་ཁ་འདབ་ལྟ་བུ་དང༌། ལོ་འདབ་ཀྱི་གྲངས་ཚད་ཀྱང་བཅུ་ཡས་མས་རེ་ཡོད་པ། གྲེ་བ་ནས་གེ་སར་མངོན་ཞིང་ཕྱིར་ཆགས་རིམ་ལྗང་སྐྱ་དང་ཐིག་རིས་ཡོད་པ། ཆེ་བ་ལ་མདངས་གསལ་བ་རེ་ཟུང་ས་ངོས་སུ་ཡོན་པོར་འཆར་བ། ནང་དུ་ས་བོན་ཁམས་ནག་ཅན་ཡོད་པ། ཉིན་མོ་གནམ་གཤིས་དྭངས་ཤིང་ཉི་མ་གསལ་སྐབས་ཡོངས་སུ་བཞད་ཅིང༌། མཚན་མོ་དང་དེ་མིན་གནམ་གཤིས་འཐིབ་པའི་ཚེ་ཕྱོགས་གཅིག་ཏུ་ཁ་ཟུམ་པ་སོགས་མེ་ཏོག་གི་མདོག་མ་གཏོག་སྤང་རྒྱན་དཀར་པོ་དང་ཕལ་ཆེར་གཅིག་མཚུངས་ལྟ་བུ་ཡིན།
བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ན། འདིའི་མེ་ཏོག་སྨན་དུ་སྦྱར་པས་དུག་ནད་རིགས་འཇོམས་ཤིང༌། གཞན་ཡང༌། ཚད་ནད་ཀྱི་རིགས་སྤྱི་དང༌། གྲེ་བ་དང་གློ་བའི་ཚད་པ་སེལ་བ་ནས། ཁྱད་པར་གག་ལྷོག་གི་ནད་ལ་ཕན་ཞེས་བསྟན་ཡོད་པ་ཞིག་བཤད་འདུག
མེ་ཏོག་འདི་ལ་ཡུལ་ལུང་སོ་སོ་ནས་མིང་མི་འདྲ་བ་ཉི་ཤུ་ལྷག་ངའི་སྐད་འཕྲིན་གྱི་ཞབས་མཆན་དུ་རག་སོང་བ་གཤམས་གསལ་ལྟར།
( ༡”མེ་ཏོག་དུང་ཆེན་” ༢”ཨ་སྐྱག་བོས་སྐྱག” ༣“ཨ་ལྕག་བོས་ལྕག”༤”ཨ་གྱག་བོས་གྱག”༥”ཨ་གྲག་བོས་གྲག”༦”ཨོད་ཅི་ཁྲ་སྡང” ༧”ཕེ་ཁྱ་ཁྱ་ལོ”༨”ཕེ་ཁྲ་ཁྲ་ལོ”༩”ཁྱི་གི་མེ་ཏོག”༡༠”ཁྱི་ཡི་མེ་ཏོག”༡༡”ལས་ནང་མེ་ཏོག”༡༢”མེ་ཏོག་འུག་རྒྱག”༡༣”སྤང་རྒྱན་མེ་ཏོག”༡༤”ཀུ་པིག”༡༥”འབྲུག་མ་ཁྱ་ལྡིང”༡༦”སྤང་རྒྱན་སྔོན་པོ”༡༧”ཨོའུ་རྒྱ་ཁྱ་རིལ”༡༨”སྤང་རྒྱན་ཕྲ་བོ”༡༩”ཨ་ལྕག་བོའུ་ལྕག”༢༠”མཛོ་མོའི་ནུ་མ”༢༡”སྤང་རྒྱན་ནག་པོ”༢༢”ཀུད་པོའི་རྐང་རྣམ།”༢༣”མཛོ་མོའི་ནུ་མ།)
མེ་ཏོག་འདི་ལ་མིང་མི་འདྲ་བ་དུ་མ་འདུག་པ་ཡུལ་སྐད་ཀྱི་དབང་གིས་རེད་བསམ་མོད། གོང་གི་སྤང་རྒྱན་མེ་ཏོག་ནི་མེ་ཏོག་འདིའི་མིང་གཏན་འཁེལ་ཅན་དུ་བཏགས་ཆོག་པའི་ངེས་པ་ཡང་མེད་པས་ན། ད་རུང་མེ་ཏོག་འདི་ལ་ཞིབ་མཇུག་བྱེད་པའི་རྒྱུ་ཆ་འཚོལ་བསྙེགས་བྱེད་ཀྱིན་ཡོད།
༢༠༡༥།༠༧།༡༣ ལ་གྲུབ་པ་ཙམ་བྱས།
དེང་སང་མིང་བརྡ་གསར་པ་བཟོ་མཁན་མང་པོ་ཡོད་ས་རེད། ཁོ་ཚོས་དམིགས་འབེན་ཅི་ཡིན་ཆ་མ་འཚལ། དཔེར་ན་བོད་སྐད་ནང་་་རི་དྭགས་་་གཅན་གཟན་་་འདབ་ཆགས་་་ཆུ་གནས་་ཅེས་པའི་མིང་ཚིག་དེ་ཚོ་ཡོད་བཞིན་དུ་དེང་སང་་་རི་སྐྱེས་སྲོག་ཆགས་་་ཟེར་ནས་འབྲི་བཞིན་འདུག ད་དུང་་་མངོན་མིན་ཤུལ་བཞག་རིག་གནས་་་ཟེར་བ་ཞིག་ཀྱང་འདུག་དེ་ངོ་མ་ག་འདྲ་ཞིག་ཡིན་ཆ་མ་འཚལ། །
ངས་ཀྱང་ཐ་སྙད་གཅིག་གི་ཞལ་འདེབས་འབུལ་ཆོག་པ་གྱིས། ང་ཚོ་ཁམས་ལོས་པ་ནས་འདིའི་མིང་ལ་(ཨ་སྤག་ཁྱ་ལྡང་)ཟེར
ཀུད་པོའི་རྐང་ལམ་དང་མཛོ་མོའི་ནུ་མ་གཉིས་འདིའི་མིང་མ་རེད་་་མེ་ཏོག་གཞན་པ་ཞིག་ཡོད་པ་རེད་་་་ང་ཚོས་འདིའི་མིང་ལ་སྒ་འབུ་ཟེར་གི་རེད་་་་་བཤད་སྲོལ་ཞིག་ལ་ཁོ་མེ་ཏོག་གཞན་དང་སྐྱེ་དུས་མི་མཚུངས་་་་དཔྱིད་མགོར་སྐྱེས་དུས་སྔ་དྲགས་ནས་མེ་ཏོག་གཞན་པ་དག་མ་བཞད་གོང་ཁོ་ཚར་གི་རེད་་་་སྟོན་མཇུག་ཤར་དུས་གཞན་པ་དག་ཤར་ནས་རྫོགས་དུས་ཤིག་ལ་ཡོང་གི་རེད་་་་་དེར་བརྟེན་མེ་ཏོག་འདི་དཔྱིད་མགོ་དང་སྟོན་མཇུག་མ་གཏོགས་ཡོད་པ་མ་རེད་་་་་རྒས་འཁོགས་ཚོས་གཅིག་ཡོང་དུས་སྔ་དྲགས་པ་དང་གཅིག་ཡོང་དུས་འཕྱི་དྲགས་པའི་མེ་ཏོག་སྒ་འབུ་ཞེས་འབོད་
མེ་ཏོག་སྒ་འབུ་རེད་
མེ་ཏོག་འདི་ལ་མདོག་མ་འདྲ་བའི་རིགས་ཁག་ཤས་ཡོད་ང་ཚོའི་་ང་ཡུལ་ནས་འདི་ལ་༼སྤང་རྒྱན་སྔོན་པོ་༽ཟེར།
སྤང་རྒྱན་སྔོན་པོ་ཟེར།