སྒོམ་སྡེ་ལྷ་རམས་པ།
ཕྱི་ལོ་༢༠༡༠ཟླ་༣ཚེས་༢༤ཉིན།
༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ཟུར་གསལ་རང་གིས་མཐོང་ཐོས་སུ་གྱུར་པ་རྣམས་བརྗེད་ཐོར་བཀོད་པ་བླ་མའི་བཀའ་དྲིན་གསལ་བར་མཐོང་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །
མི་ལོ་སྟོང་ཕྲག་བརྒལ་བའི་ལོ་རྒྱུས་ལྡན་པའི་ཆེས་རྩ་ཆེའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་ཁྱད་ནོར་ཟབ་མོ་འདི་ཉིད་ཁ་བ་གངས་ཅན་གྱི་ལྗོངས་སུ་ས་དར་རྡོ་དར་གྱི་ཚུལ་དུ་ཁྱབ་བརྡལ་ཆེས་ཆེ་བར་གྱུར་མོད། འོན་ཀྱང་ཕྱི་ལོ་༡༩༥༩ལོར་ནག་ཕྱོགས་རྒྱ་དམར་ཀླ་ཀློའི་དཔུང་གིས་བོད་ལ་བཙན་འཛུལ་དང་ཧམ་བཟུང་བྱས་ཏེ། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་སྒྱུ་རྩལ། མི་རིགས་ཀྱི་ངོ་བོ་དང་གོམས་སྲོལ། གནའ་རྫས་དང་ཡིག་རྙིང་། ལྷ་ཁང་དང་དགོན་པ། ཤིང་ནགས་དང་གཏེར་ཁ་སོགས་མདོར་ན་སྣོད་བཅུད་ཡོངས་རྫོགས་ལ་ཉམས་ཉེས་དང་དོ་ཕོག་ཧ་ཅང་ཆེན་པོ་བཏང་སྟེ་ཕལ་ཆེར་རྩ་བརླག་ཏུ་འགྲོ་ལ་ཉེ་བར་གྱུར་ཏེ་མར་མེ་འཆི་ཁའི་ཚུལ་དུ་གྱུར་ནའང་།
སྟབས་ལེགས་པ་ཞིག་ལ་བདག་ཅག་ཁ་བ་གངས་ཅན་པ་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་ཟད་མཐར་མ་གཏུགས་པར་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་འཇིག་རྟེན་མགོན་པོ་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་༼ཕྱི་ལོ་༡༩༥༩ཟླ་༤༽མཇུག་ཏུ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་ནས་མ་སུ་རིར་ཞབས་སོར་འཁོད་ཐུབ་པ་བྱུང་ཞིང་། དེ་ནས་༸གོང་ས་མཆོག་གི་བཀའ་དགོངས་དང་ལམ་སྟོན་འོག་སྐུའི་གཅམ་སྲིང་ཚེ་རིང་སྒྲོལ་མ་ལགས་ཀྱི་གཟིགས་སྐྱོང་འོག་བོད་རིགས་གཞོན་སྐྱེས་ལྔ་བཅུ་ལྔ་གཅིག་ལམ་བཟོ་ཁག་ནས་བསྡུ་རུབ་ཀྱིས་བཙན་བྱོལ་དུ་འབྱོར་ནས་བོད་ཀྱི་སློབ་གྲྭ་དང་པོ་དེ་མ་སུ་རིར་༼ཕྱི་ལོ་༡༩༦༠ཟླ་༥ཚེས་༡༧༽ཉིན་འཛུགས་གནང་མཛད།
དེ་ནས་བསྟན་པའི་མེ་རོ་གསོ་བའི་རིས་མེད་ཀྱི་དགེ་འདུན་ཞལ་གྲངས་ཆིག་སྟོང་ལྔ་བརྒྱ་༡༥༠༠སྐོར་ཞིག་སྦག་ས་ཆོས་སྒར་དུ་གཏོང་བར་མཛད་དེ་སློབ་གཉེར་གྱི་བསྟི་གནས་གསར་དུ་བཙུགས།
མི་འབོར་དང་ཡུལ་གྲུ་ཤིན་ཏུ་ཆེ་བའི་རྒྱ་གར་གྱི་ས་གནས་གང་སར་བོད་མི་རྣམས་ལམ་བཟོ་དང་ཚོང་ལས་ཙག་ཙིག་དང་། མང་པོ་ཞིག་ནས་ལྟོ་སློང་བ་སོགས་ཀྱིས་གྱི་ནའི་འཚོ་བ་འཚོལ་བཞིན་ཕྱོགས་ཐམས་ཅད་དུ་ཁ་ཐོར་ནས་བྱེ་མ་ཆུ་ཐིམ་དུ་སོང་སྟེ། རིག་གཞུང་ལྟ་ཞོག་ཐ་ན་བོད་སྐད་ཙམ་ཡང་མི་ཤེས་པའི་གནས་སུ་གྱར་ལ་ཉེ་བ་ན། མགོན་པོ་གང་གི་ཐུགས་རྗེ་དང་ཟབ་ལ་བརླིང་བའི་དགོངས་བཞེད་ལ་བརྟེན་ནས། ༼ཕྱི་ལོ་༡༩༦༠༽ལོར་བོད་མིའི་གཞིས་ཆགས་ཆེ་ཤོས་ལུགས་ཟུང་བསམ་གྲུབ་གླིང་དེ་བཞིན་རྒྱ་གར་ལྷོ་ཕྱོགས་བྷེ་ལ་ཀོ་པིར་གསར་འཛུགས་གནང་ཞིང་། དེ་ནས་༼ཕྱི་ལོ་༡༩༦༦༽ལོར་བོད་མིའི་གཞིས་སྒར་ཆེ་ཤོས་ཨང་གཉིས་པ་མོན་གྷོ་འདོད་དགུ་གླིང་འཛུགས་པར་མཛད། དེ་ནས་རིམ་གྱིས་ས་གནས་གང་ས་ནས་བོད་མི་བསྡུ་རུབ་ཀྱིས་ས་ཁུལ་མང་པོར་གཞིས་ཆགས་གསར་འཛུགས་གནང་སྟེ། རྒྱ་གར་དུ་བོད་མིའི་གཞིས་ཆགས་ཁག་སུམ་ཅུ་སོ་དགུ་༣༩དང་། བལ་ཡུལ་དུ་བཅུ་གཉིས་༡༢དང་། དེ་བཞིན་འབྲུག་ཡུལ་དུ་བདུན་༧བཅས་ཁྱོན་བསྡོམས་བཙན་བྱོལ་དུ་གཞིས་ཆགས་ཁག་ལྔ་བཅུ་ང་བརྒྱད་༥༨དང་། སློབ་གྲྭ་ཁག་༨༢ལྷག་ཙམ་གསར་འཛུགས་མཛད།
དགེ་འདུན་གྱི་སྡེ་རྣམས་མི་དམངས་དང་ས་ཁད་ཉེ་བར་ཡོད་ན་གྲྭ་བཙུན་གསར་འཇུག་དང་། བསླབ་པ་སློབ་གཉེར་དང་ཕྱག་འཚལ་དཀོར་སྦྱོང་། ཐ་ན་ཤི་གསོན་ལ་བསྔོ་སྨོན་ཞུ་ཡུལ་སོགས་འཕྲལ་ཕུགས་ཀྱི་དགོས་པ་དུ་མར་གཟིགས་ཏེ། སྦག་སའི་རིས་མེད་ཀྱི་དགེ་འདུན་པ་རྣམས་ཆ་བགོས་ཀྱིས་རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་གཞིས་ཆགས་སུ་སེ་ར་དགོན་པ་དང་བཀའ་བརྒྱུད་དགོན་པ་གཉིས། མོན་གྷོ་གཞིས་ཆགས་སུ་དགའ་ལྡན་དང་རྙིང་མ། འབྲས་སྤུངས་དང་ས་སྐྱ་བཅས་གཏོང་གནང་མཛད། དེ་བཞིན་ཧུན་སུར་དང་འབུམ་སྡེ་ལར་རྒྱུད་གྲྭ་སྨད་སྟོད་གཉིས་སོགས་སངས་རྒྱས་ཀྱི་བསྟན་པའི་གཞི་རྟེན་སྲ་འཛུགས་གནང་། དེ་ནས་བཟུང་དེང་གི་ཆར་ས་དགེ་བཀའ་རྙིང་བོན་དང་བཅས་པའི་གཙུག་ལག་སློབ་གཉེར་ཁང་བརྒྱ་ཕྲག་འགའ་ཤས་བཞུགས་ཡོད་པ་ནི། མགོན་པོ་གང་གི་བཀའ་དྲིན་དང་ཐུགས་བསྐྱེད་སྨོན་ལམ་ཉག་གཅིག་ལ་བརྟེན་ནས་ཡིན་ལ། དེའི་མཐུས་བོད་ཀྱི་ཆོས་དང་རིག་གཞུང་དང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་བཅས་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་དབྱར་གྱི་མཚོ་ཆེན་པོའི་ཚུལ་ལྟར་ཡར་རྒྱས་ཀྱི་ངོ་བོར་གནས་སོ། །
དེ་ནས་ཕྱི་ལོ་༡༩༧༠ནས་༡༩༨༠བར་གདན་ས་ཁག་ནས་རྒྱུད་གྲྭ་སྟོད་སྨད་དུ་ཕེབས་མཁན་གྱི་དགེ་བཤེས་ཧ་ཅང་དཀོན་པར་གྱུར་པ་ན། ༸གོང་ས་མཆོག་གིས་བཀས་སྐུལ་མ་ཇི་ཙམ་མཛད་ནའང་། དགེ་བཤེས་བགྲེས་པ་མང་པོ་ཞིག་ནས་ཤི་བ་ལས་འཚེར་ཙམ་གནང་བར། རྒྱལ་དབང་མཆོག་ཐུགས་དགོངས་འཚོམས་ཀྱི་རྣམ་པས། རྒྱུད་པ་ལ་རྒྱུག་ཟེར་དུས་དམྱལ་བ་ལ་རྒྱུག་ཟེར་བ་ལྟ་བུའི་འཚེར་སྣང་བྱེད་ཀྱི་འདུག་ཅེས་གསུངས་ཏེ་ཐུགས་ཕྱུང་བའི་ཚུལ་གྱིས། “ངས་ཁྱེད་ཅག་ལ་ནག་ཐིག་བརྒྱབ་ནས་བཞག་ཡོད་ད”ཞེས་གསུངས་སྐད། འཚེར་སྣང་བྱེད་དགོས་དོན་ནི་རྒྱུད་སྟོད་ལྟ་བུ་ས་ཐག་ཤིན་ཏུ་རིང་བ་དང་། རྒྱུད་སྨད་དུ་ནི་སྐབས་དེར་དགེ་བཤེས་བགྲེས་སྲོང་ཇི་འདྲ་ཞིག་ཡིན་རུང་དམིགས་བསལ་མེད་པར་ཞིང་ལས་སོགས་སུ་གྲྭ་རྐྱང་དཀྱུས་མ་དང་གཅིག་མཚུངས་སུ་ཕེབས་དགོས་ཀྱི་ཡོད་པའི་གནད་ཀྱིས་རེད། སེ་ར་བྱེས་ནས་དགེ་བཤེས་ཅུང་ཟད་གཞོན་པའི་གྲས་རྒན་གྲུབ་ཐོབ་ལགས་༼ད་ལྟའི་བྱང་རྩེ་ཆོས་རྗེ་རིན་པོ་ཆེ༽ལྟ་བུ་རྒྱུད་སྨད་དུ་ཕེབས་ཏེ་ཞིང་ལས་ཀྱི་ངལ་བས་ཞལ་རས་ནག་པོ་ནག་རྐྱང་ལ་སོང་བར་ད་ལྟ་ཡང་གསལ་པོར་དྲན། དེ་ནས་བཀའ་སློབ་ཧ་ཅང་ལྕི་བ་བརྒྱུད་མར་ཕེབས་པར་བརྟེན་རིམ་གྱིས་གཅིག་རྗེས་གཉིས་མཐུད་ཀྱིས་དགེ་བཤེས་རྣམས་རྒྱུད་སྟོད་སྨད་དུ་ཕེབས་པའི་ལམ་སྲོལ་བཟང་པོ་དེ་ཉིད་སླར་ཡང་གསོ་བར་མཛད་དོ། །
ཕྱི་ལོ་༡༩༨༧-༨ གང་རུང་ཞིག་ལ་གདན་ས་ཁག་ལ་སློབ་གཉེར་ལེགས་ཉེས་གཟིགས་ཞིབ་གནང་བར་ཕེབས་པ་ན། རྩོད་རྒྱུགས་སྐབས་གྲྭ་པ་འགའ་ཞིག་ནས་གྷན་ཇི་དཀར་པོ་དང་སྔོན་པོ་སོགས་མི་རུང་བའི་ཁ་དོག་གྱོན་པ་གཟིགས་པ་ན། དེ་ལྟར་མི་རུང་བའི་བསླབ་སྟོན་དང་འབྲེལ་སྐུ་སྒེར་ནས་གྷན་ཇི་དོ་གྲངས་གསུམ་བཞི་ཞིག་བསྐུར་བར་གནང་སྟེ། གྲྭ་པ་རེར་གྷན་ཇི་གསུམ་རེར་གསོལ་རས་བསྩལ། དེ་ནས་བཟུང་མི་རུང་བའི་ཁ་དོག་གྱོན་པ་རྒྱུན་ཆད་དོ། །
གདན་ས་གསུམ་དང་རིས་མེད་ཀྱི་ཆོས་སྡེ་རྣམས་སུ་དགེ་ལུགས་པ་ཡིན་ན་རྗེ་ཙོང་ཁ་པ་ཆེན་པོ་དང་། རྙིང་མ་པ་ཡིན་ན་སློབ་དཔོན་རིན་པོ་ཆེ་ལྟ་བུ་རང་རང་གི་ཆོས་བརྒྱུད་ཕྱག་འདེབས་པོའི་བླ་མ་རྣམས་རྟེན་གྱི་གཙོ་བོར་འཇོག་སྲོལ་སྔར་ནས་ཡོད་མོད། རྒྱལ་དབང་མཆོག་ནས་དུས་རབས་དང་བསྟུན་ཅིང་དགོས་དབང་གིས་སྟོན་པ་ཐུབ་པའི་དབང་པོ་རྟེན་གཙོར་འཇོག་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་པར་བརྟེན། དེང་གི་ཆར་དགེ་ལྡན་པའི་གདན་ས་ཁག་དང་། ས་རྙིང་བཀའ་གསུམ་གྱི་གཙུག་ལག་ཁང་རྣམས་སུ་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་རྟེན་གྱི་གཙོ་བོར་བཞུགས་སུ་གསོལ་བའི་སྲོལ་བཟང་པོ་འདི་ཉིད་དར་བར་གྱུར་ཏོ། །
འདིས་ནི་ཕྱི་རྒྱལ་བ་ཚོས་བོད་པའི་ཆོས་ནི་བླ་མའི་ཆོས་ལུགས་རེད་ཟེར་བའི་ངན་དམས་ཀྱང་རང་ཤུགས་ཀྱིས་ཁེགས་ཤིང་། རྒྱ་གར་བ་དང་ཕྱི་རྒྱལ་བའི་གནས་མཇལ་བ་རྣམས་གནས་དེ་ནང་པའི་གནས་ཡིན་མིན་གྱི་ཐེ་ཚོམ་དང་གསལ་བཤད་ལོགས་པ་བྱེད་མི་དགོས་པར་བྱུང་བ་ཡང་ཁོང་ཉིད་ཀྱི་བཀའ་དྲིན་ནོ། །
མདོར་ན་མགོན་པ་གང་གིས་མི་ལོ་ལྔ་བཅུ་ལྷག་རིང་དུས་སྐད་ཅིག་ཀྱང་ཐུགས་ལྷོད་ངང་བཞུགས་ལོང་མེད་པར་ཉིན་མཚན་བར་མེད་དུ་སྐུ་ངལ་ཚད་མེད་མཛད་པའི་བཀའ་དྲིན་གྱི་ཕུང་པོ་ནི་ང་ཚོ་བོད་མི་རྩམ་ཟན་ཡོངས་ནས་དུས་ནམ་ཡང་གཞལ་བར་དཀའ་ཞིང་ཞར་ཡང་བརྗེད་དུ་མི་རུང་བར་སྙིང་དབུས་སུ་བཅང་བར་འོས་སོ། །
བཀུར་འོས་སྒོམ་སྡེ་ལགས།
དྲི་བ་གཅིག་ཡོད། ༧གོང་ས་མཆོག་ནས་སྤྲུལ་སྐུ་ལོ་གཞོན་མང་པོ་ཞིག་བསྐོངས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ནང་ཆོས་ཁྱབ་སྤེལ་དང་འགྲོ་བའི་ཞབས་འདེགས་ཀྱི་སླད་དུ་བཏང་བའི་གནས་ཚུལ་ཞིག་ཡོད་དྲན། ཕལ་ཆེར། དེ་བདུན་བཅུ་དོན་གྲངས་ཀྱི་ནང་རེད་བསམ། ལོ་ཚིགས་དེ་ངས་གསལ་བོ་ཞིག་མི་ཤེས། ཐོག་མར་གཏོང་མཁན་མཛད་པའི་སྤྲུལ་སྐུ་དེ་ཚོ་སུ་སུ་ཡིན་དང་དེ་དག་ལ་དེང་སང་ཕྱི་རྒྱལ་ཡུལ་གྲུ་ཁག་ན་ཆོས་ཚོགས་འདུག་གམ། ཡོད་ན་གང་གང་རེད། འདི་ཚོའི་སྐོརལ་གནས་ཚུལ་ཁ་གསལ་ཞིག་གསུངས་རྒྱུ་ཡོད་དམ།
རྒན་སྒོམ་སྡེ་བ་ལགས། ཉེ་སྔོན་ནས་མི་ཁ་ཤས་ཤིག་གིས་སྐུ་ཉིད་ལ་སུན་འཚེར་རབས་དང་རིམ་པ་བྱས་འབྲས་ལ་བརྟེན་ནས་ཉིད་ཀྱི་ཟིནa་བྲིས་ཀྱི་རིག་པ་འདོན་སའི་སྒོ་གཏན་ཏུ་བརྒྱབ་ཟིན་འདུག དེའི་སྟབས་ཀྱིས་རྒན་མཆོག་ལ་དྲི་བ་དང་རྒན་མཆོག་གི་བཀའ་སློབ་གཞན་དག་ཞུ་མ་ཐུབ་ན། དྲ་ཐོག་གི་མི་མང་བོ་ཞིག་ལ་ཕངས་སེམས་ཀྱིས་གཟིར་འདུག ལྷག་དོན་སྔར་བཞིན་གསུང་རྩོམ་མང་བོ་ཡང་སྤེལ་གྱི་མེད་པ་སོགས་ནི་ཅི་བས་ཕངས་པ་ལ་ཞུ་རྒྱུ་ཡིན།
ད་དུང་ཞུ་རྒྱུ་ཞིག་ལ། ཁ་ཉིན་གླེང་མོལ་བྱེད་སའི་ནང་དུ་འཛུལ་བ་ན་སྐུ་ཉིད་ཀྱི་མིང་བེད་སྤྱོད་གཏོང་མཁན་གྱི་དྲ་འབུ་ཞིག་འདུག་ལ། ཁོས་སྐུ་ཉིད་ཀྱི་མཚན་ཤས་ལ་གནོད་པའི་སྐད་ཆ་མང་བོ་བཤད་ཀྱི་འདུག ང་ཚོའི་མི་ཁ་ཤས་ཀྱིས་ཚིག་སྦྱོར་སོགས་ལ་བརྟག་ནས་སུ་ཡིན་ཕལ་ཆེར་ཤེས་ཡོད་ནའང་། དེ་རིང་འདི་ནས་གསལ་བཤད་དགོས་གལ་མ་མཐོང་། གལ་སྲིད་རྗེས་མར་དགོས་གལ་ལ་ཐུག་ཚེ་གསལ་འདོན་བྱེད་ངེས་ཡིན། དེ་འདྲའི་རིགས་ནི་རང་རེའི་ཆེས་ཐ་ཤལ་གྱི་བྱ་སྤྱོད་ཡིན་པས་ན། ཅི་བས་བློ་ཕམ་གྱི་རང་བཞིན་ཞིག་རེད་ཨང་སྙམ་སོང་།
རྗེས་ཕྱོགས་རྒན་མཆོག་ལ་རེ་ཞུ་རྒྱུ་ཞིག་ལ། ཟིན་བྲིས་ཀྱི་རིག་པ་འདོན་སའི་སྒོ་ཕྱེས་རྒྱུའི་རེ་སྐུལ་དང་། གལ་སྲིད་མི་རེ་འགས་སྦྱོར་ངན་གྱི་ལས་བྱས་ཀྱང་དྲ་ཐོག་གི་སྨྱུག་ཐོག་པ་རྣམས་ཀྱིས་བདེན་རྫུན་དང་རྒྱལ་ཕམ་གསལ་ལྷང་ངེར་མཐོང་ངེས་ཡིན། དེའི་རིགས་ལ་ལན་ཡང་གནང་དགོས་དོན་མེད། འདི་དག་ནི་བདག་གི་སེམས་ཀྱི་སྐད་ཆ་ཞིག་ཞུས་པ་ལགས།
རྒྱལ་དབང་མཆོག་ནས་དུས་རབས་དང་བསྟུན་ཅིང་དགོས་དབང་གིས་སྟོན་པ་ཐུབ་པའི་དབང་པོ་རྟེན་གཙོར་འཇོག་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་པར་བརྟེན། དེང་གི་ཆར་དགེ་ལྡན་པའི་གདན་ས་ཁག་དང་། ས་རྙིང་བཀའ་གསུམ་གྱི་གཙུག་ལག་ཁང་རྣམས་སུ་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་རྟེན་གྱི་གཙོ་བོར་བཞུགས་སུ་གསོལ་བའི་སྲོལ་བཟང་པོ་འདི་ཉིད་དར་བར་གྱུར་ཏོ། །
གོང་ས་མཆོག་མ་ཕེབས་ཀྱི་སྔོན་དུ། བོད་ཀྱི་གཙུག་ལག་ཁང་རྣམས་སུ་སྟོན་པ་སངས་རྒྱས་རྟེན་གཙོ་བཞུགས་གསོལ་གྱི་སྲོལ་འདི་མེད་པ་ལྟུའི་སྣང་བ་ཞིག་བྱུང་། གུས་པ་ལྟར་ན་དུས་འགྱུར་གྱིས་རྗེས་སུ་སྐྱེས་པ་ཞིག་ཡིན་པས་སྔོན་བོད་ཀྱི་དགོན་སྡེར་རྟེན་གཙོ་གང་བཞུགས་མཇལ་བའི་གོ་སྐབས་མ་བྱུང་། གསལ་བཤད་ཁུངས་ཐུབ་གཅིག་མཛད་རྒྱུ་ཡོད་ན་ལེགས་མིན་ན།
ཁུངས་མེད་ཀྱི་རིགས་འདི་རྣམས་བསྟོད་པར་མི་འགྱུར་བའི་ཐོག་ལོ་རྒྱུས་འཁྱོགས་བཤད་དུ་མི་འགྱུར་རམ།
རྒན་སྒོམ་སྡེ་ལགས། ཁམས་བཟང་།
ཁྱེད་ཀྱིས་《༸གོང་ས་མཆོག་གི་བཀའ་ དགོངས་དང་ལམ་སྟོན་འོག་སྐུའི་གཅམ་སྲིང་ཚེ་རིང་སྒྲོལ་མ་ལགས་ཀྱི་གཟིགས་སྐྱོང་ འོག་བོད་རིགས་གཞོན་སྐྱེས་ལྔ་བཅུ་ལྔ་གཅིག་ལམ་བཟོ་ཁག་ནས་བསྡུ་རུབ་ཀྱིས་བཙན་ བྱོལ་དུ་འབྱོར་ནས་བོད་ཀྱི་སློབ་གྲྭ་དང་པོ་དེ་མ་སུ་རིར་༼ཕྱི་ལོ་༡༩༦༠ཟླ་༥ཚེས་ ༡༧༽ཉིན་འཛུགས་གནང་མཛད།》ཞེས་བྲིས་པ་དེ་ནོར་འཁྲུལ་རེད།
༡༽ སློབ་གྲྭ་དང་པོ་དེ་མ་སུ་རིར་ཕྱི་ལོ་ ༡༩༦༠ ཟླ་ ༣ ཚེས་ ༣ ཉིན་བཙུགས་པ་རེད་འདུག་མ་གཏོགས་ཁྱེད་རང་གིས་གསུངས་པ་ལྟར་ཟླ་ ༥ ཚེས་ ༡༧ ལ་བཙུགས་པ་མ་རེད།
༢༽ འཛུགས་མཁན་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་རེད་མ་གཏོགས། ༸གོང་ས་མཆོག་གི་གཅེན་མོ་ཚེ་རིང་སྒྲོལ་མ་མ་རེད།
༣༽ ༸གོང་ས་མཆོག་གི་གཅེན་མོ་ཚེ་རིང་སྒྲོལ་མ་མཆོག་གིས་བཙུགས་པ་དེ་མ་སུ་རི་སློབ་གྲྭ་མ་རེད། དྷ་རམ་ས་ལའི་བུ་བཅོལ་ཁང་ངམ་བུ་གསོ་ཁང་རེད། དེ་ནས་ལོ་བཅུ་བཞིའི་རྗེས་ཙམ་ལ་དྷ་ས་བོད་ཁྱིམ་ལ་མིང་བསྒྱུར་དེབ་སྐྱེལ་གནང་སྟེ་སློབ་གྲྭའི་ངོ་བོར་ཡར་རྒྱས་བཏང་བ་རེད།
དེ་མིན་གྱི་ལོ་ཚིགས་དང་དོན་གནད་ཁ་ཤས་ལའང་ནོར་འཁྲུལ་འདུག་མོད་དུས་ཚོད་ཀྱིས་མ་ཁོམ་པས་རེ་ཞིག་བཞག་གོ །
མ་སུའུ་རི་སློབ་གྲྭ་དེ་ཕྲེང་རིང་ལྷ་ལྕམ་ལགས་ཀྱིས་བཙུགས་པ་རེད་སྙམ། མ་རེད་པས།
མཁས་དབང་སྒོམ་སྡེ་ལགས་སླར་ཕེབས་ནས་༧སྤྱི་ནོར་སྐྱབས་མགོན་ཆེན་པོའི་མཛད་རྣམ་བྲིས་པར་གུས་འདུད་ཞུ། གོང་གསལ་རིག་པའི་རལ་གྲིས་གསུང་དོན་ལྟར། བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་རྟེན་གྱི་གཙོ་བོར་བཞུགས་སུ་གསོལ་བའི་སྲོལ་བཟང་པོ་འདི་ཉིད་དར་ཞེས་པ་འདིས་སྔར་བོད་ལ་ལུགས་སྲོལ་དེ་མེད་པ་ལྟ་བུར་གོ་སྙམ། དེས་ན་རང་རེའི་ཆོས་རྒྱུན་ཕལ་མོ་ཆེའི་རྩ་བའི་དགོན་སྡེ་རྣམ་ཀྱི་རྟེན་གཙོ་བསྟན་པའི་བདག་པོར་བཞུགས་སུ་གསོལ་བ་སུས་ཀྱང་སྙོན་དུ་མེད་མངོན་སུམ་ཚད་མས་གྲུབ། དཔེར་ན་རྙན་པར་དང་བདག་གིས་དངོས་སུ་མཐོང་བའི་ཚོགས་ཆེན་འདུ་ཁང་ལ་མཚོན་ན། ལྷ་ལྡན་ཇོ་བོ་ཡིད་བཞིན་ནོར་བུ། བསམ་ཡས་ཀྱི་ཐུབ་པ་བྱང་ཆུབ་ཆེན་མོ། ཇོ་ནང་རྟག་བརྟན་ཐུབ་ཆེན་མེ་ཐུབ་མ། ས་སྐྱའི་ལྷ་ཁང་ཆེན་མོའི་ཐུབ་ཆེན་རྣམ་པར་རྒྱལ་བ། རྡོ་རྗེ་བྲག་གི་ཐུབ་ཆེན་འཇའ་ཟུག་མ། སྨིན་གྲོལ་གླིང་གི་ཐུབ་ཆེན་བདུད་ལས་རྣམ་རྒྱལ། ཀཿ་ཐོག་ཐུབ་ཆེན་མཐོང་བ་རང་གྲོལ་སོགས་མཚན་ཆེན་པོ་གསོལ་བ་མང་པོ་དང་། དགེ་ལྡན་པའི་དགོན་སྡེ་རྣམས་ཉིད་ཀྱིས་དགོངས་བཞིན་པ་དང་། ས་སྐྱ་དང་དགེ་ལྡན་པ་རེ་ཟུང་གིས་བྱམས་ཁང་གཙོ་བོ་བྱས་པའང་ཡོད་མོད། སོ་སོའི་བླ་མའི་འདྲ་སྐུ་ཚོགས་ཆེན་འདུ་ཁང་གིས་རྟེན་གཙོ་བྱེད་པ་ཆེས་དཀོན་པས་བློ་གྲོས་ཀྱི་དཔྱད་པ་རྒྱ་མི་ཆུང་བར་མཁྱེན། འདི་ལྟ་བུ་ལའང་༧སྤྱི་ནོར་སྐྱབས་མགོན་ཆེན་པོའི་མཛད་པ་བསམ་ལས་འདས་ནའང་། རྒྱ་རིགས་དང་ཐེག་དམན་རྣམས་ཀྱིས་ཚིག་འདི་ལྟ་བུ་ལ་བརྟེན་བོད་ཀྱི་ཆོས་རྒྱུན་ནང་པ་མིན་པའི་གླེགས་བམ་ཡང་བཟོ་སྲིད། དེ་དག་ལ་སྒྲུབ་བྱེད་ཆེར་མི་དགོས་པ་ནི་འདས་པའི་ལོ་རྒྱུས་ཀྱིས་གྲུབ། ལགས་དགོངས་འགལ་མེད་པར་འཚལ།
དྲ་གྲོགས་རྣམ་པར་དྲན་བསྐུལ་ཞུ་རྒྱུར།
སྡོམ་སྡེ་ཟེར་བ་འདི་མྱི་ག་འདྲ་ཞིག་ཡིན་པ་ཤེས་གལ་ཆེ་བས་ངོ་སྤྲོད་ཐུང་ཙམ་བྱེད།
༡༽ དྲ་གྲོགས་གཞན་པ་ཚོས་སྒོམ་སྡེ་ལ་སུན་གཙེར་བཟོས་པ་མ་རེད། དང་པོ་སྒོམ་སྡེ་ཁོ་རང་གིས་ཁ་བརྡ་དྲ་ཐོག་ནས་གུ་རུ་རིན་པོ་ཆེ་དང་། པདྨ་གླིང་བ་སོགས་ལ་མཚན་སྨོད་གནམ་སར་མི་ཤོང་བ་བྱས་ཏེ་རྙོག་དྲའི་མགོ་བཙུགས་པ་རེད།
༢༽ ཁོས་ནམ་རྒྱུན་རྟག་པར་ཆོས་ལུགས་དང་ཆོལ་ཁའི་ཕྱོགས་ཞེན་གྱི་སྡུག་སྐད་རྐྱང་རྐྱང་རྒྱབ་ནས་བསྡད་ཡོད་པ་རེད།
༣༽ ཁ་བརྡ་དང་དུས་བབ་གཉིས་ཀྱི་ཐོག་ལ་ཟིན་བྲིས་དང་མཆན་བུ་སྟོང་ཕྲག་མང་པོ་ཡོད་མོད། མི་མང་ཆེས་མི་དགའ་སའི་ཟིན་བྲིས་དེ་སྒོམ་སྡེའི་ཟིན་བྲིས་ཡིན་པ་གསལ་བོ་རེད། དེས་ཅི་ཞིག་མཚོན་གྱིན་ཡོད་པ་ཚང་མས་ཤེས་གསལ་རེད།
༤ ༽ སྒོམ་སྡེས་མི་གཞན་པའི་ཚོར་བ་རྩིས་མེད་རྡོག་རོལ་དུ་གཏོང་ཆོག་ན། ཁོང་ཚོས་ཀྱང་སྒོམ་སྡེའི་ཚོར་བ་རྩིས་མེད་རྡོག་རོལ་དུ་གཏོང་ཆོག་པ་རེད།
༥༽ མུ་མཐུད་དུ་དྲ་གྲོགས་རྣམ་དཔྱོད་ལྡན་པ་རྣམས་ཀྱིས་སྤྱི་ཚོགས་ཀྱི་དཀྲུག་འདྲེ། ཆོས་ལུགས་བར་གྱི་ཕུང་འདྲེ་འདི་འབུར་འཇོམས་བྱེད་རྒྱུའི་རེ་བ་ཞུས་པ་ཡིན། འདི་དག་སྡོམ་ཚིག་ཡིན།
སྤོབས་པ་མཐའ་ཡས་ལགས། མ་སུ་རིའི་སློབ་གྲྭ་སྔོན་མ་དེ་སྒོ་བརྒྱབ་ཟིན་པ་རེད། དེ་ཕྲེང་རིང་ལྷ་ལྕམ་གྱིས་བཙུགས་པ་དེ་མ་རེད། འདི་ལ་ལོ་རྒྱུས་སྐྱུགས་བྲོ་བ་ཞིག་ཀྱང་ཡོད། སྦྱིན་བདག་ཡིད་ཕམ་ནས་སྒོ་བརྒྱབ་པ་རེད།
འདི་ཚོ་སྒོམ་སྡེས་ཤེས་རྒྱུ་མ་རེད། སྒོམ་སྡེ་ནི་ཕྱོགས་གཅིག་ཁོ་ནའི་སྐད་ཆ་ཤོད་མཁན་རེད། ཁོང་གིས་བཤད་ཚད་ནང་རང་ལུགས་གལ་ཆེ་བ་ལས་བདེན་པར་གཙིགས་མེད། འདི་ཚོས་ཁོས་བཤད་པའི་སྔ་ཕྱིའི་གོ་རིམ་ལྟོས།
གོང་གི་བཀྲ་དོན་ལགས་ཀྱི་དྲི་བ་དེར་ལན་ཤེས་ཚོད་ཐུང་ངུ་ཞིག དེ་དུས་ཀྱི་སྤྲུལ་སྐུ་དེ་ཚོའི་ཁྲོད་དུ་གཤེགས་ཟིན་པའི་ཆོས་རྒྱམ་དྲུང་པ་དང་དབྱིན་བཞུགས་ཨ་སྐོང་སྤྲུལ་སྐུ། རྡ་བཞུགས་ཨ་མཆོག་སྤྲུལ་སྐུ་གསུམ་ཡོད་ཚུལ་ཐོས། ཨ་མཆོག་ཚང་དང་བཀའ་བརྒྱུད་དམ་རྙིང་མའི་སྤྲུལ་སྐུ་ཞིག་ལས་གཞན་དག་གྲྭ་སྡོམ་ཕྱིར་འབུལ་མཛད་ལུགས་ཐོས་ཀྱང་གསལ་བོ་མི་ཤེས།
ཆོས་རྒྱམ་དྲུང་པར་ནྰ་རོ་པ་མཐོ་སློབ་དང་ཤམ་བྷ་ལ་ཆོས་ཚོགས་ཁག་དང་ཤམ་བྷ་ལ་པར་སྐྲུན་ཁང་། ཨ་སྐོང་སྤྲུལ་སྐུར་དབྱིན་ཡུལ་དུ་བོད་ཀྱི་ཆོས་ལུགས་དང་གསོ་རིག་སློབ་གཉེར་ཁང་བཀའ་བརྒྱུད་བསམ་ཡས་རྫོང་། གཅིག་བྱས་ནས་ཧྥ་རན་སིར་ལས་རབ་གླིང་དང་རྒྱལ་ཁབ་མང་པོར་རིག་པ་ཆོས་ཚོགས་གསར་འཛུག་མཁན་དང་བར་དོ་ཐོས་གྲོལ་དབྱིན་སྒྱུར་མཁན་གྲགས་ཅན་བསོད་རྒྱལ་རིན་པོ་ཆེ་ཡང་དེའི་ཁྲོད་དུ་སྤྲུལ་སྐུ་གཅིག་ཡིན་སྲིད། གང་ལྟར་ངས་གོ་ཐོས་བྱུང་བ་འདི་ཙམ་ལགས།
གང་ལྟར་ལྷ་སྐུ་བཞེངས་ཕྱོགས་ཐད་ནས་སྒོམ་སྡེ་ལ་ཡང་བདེན་པ་ཅུང་ཟད་འདུག རང་རང་ས་ནས་གང་དུ་སོང་བའི་འདུ་ཁང་ངམ་ལྷ་ཁང་ནང་གི་ལྷ་རྟེན་བཞེངས་ཚུལ་གང་མཐོང་པ་དེ་བཤད་ན་དེ་ག་རང་གིས་འགྲིག་བསྡད་ཡོད་ཀི
དེ་ན་ངས་འདི་ནས་རང་གི་གང་མཐོང་བ་དེ་བཤད། མདོ་སྨད་ནས་དགོན་པ་ཁ་ཤས་ལ་འགྲོ་མྱོང་། དེ་དག་ན་འཇམ་དབྱངས་ལྷ་ཁང་ལྟ་བུ་ལ། འཇམ་དབྱངས་གཙོ་སྐུར་བཞེངས་འདུག བྱམས་ཁང་ལྟ་བུ་ལ་རྗེ་བཙུན་བྱམས་པ་གཅོ་སྐུར་བཞེངས་འདུག ད་རུང་རྟ་མགྲིན་ལྷ་ཁང་དང་། གསང་བདག་ལྷ་ཁང་། སྒྲོལ་མའི་ལྷ་ཁང་། རྣམ་སྣང་མངོན་བྱང་ལྷ་ཁང་སོགས་མང་གི ཤྰཀྱ་ཐུབ་པའི་ལྷ་ཁང་ཟེར་ནི་ཟིག་མེད་ཀི ད་འདུ་ཁང་ལ་བསམ་བློ་བཏང་བ་ཡིན་ན་རྙིང་མའི་འདུ་ཁང་མང་ཆེ་བའི་གདུང་གྲལ་གྱི་གྲལ་འགོ་ན་སློབ་དཔོན་རིན་པོ་ཆེའི་སྐུ་འདྲ་བཞེངས་འདུག དེ་བཞིན་དུ་དགེ་ལུགས་པའི་དགོན་པ་ཁ་ཤས་ན་ཡང་རང་རང་གི་དགོན་པ་ཕྱག་འདེབས་མཛད་པ་པོ་བླ་མ་དེའི་སྐུ་འདྲ་བཞེངས་འདུག རྗེ་རིན་པོ་ཆེ་ལ་ཡང་གདུང་གྲལ་གྱི་གྲལ་འགོར་བཞག་མེད་པ་འདྲ་བོ་ཅིག་མཐོང་སོང་། སྐུ་འབུམ་ན་དམིགས་བསལ་གྱི་རྗེའི་ལྷ་ཁང་ཟེར་བ་ཞིག་ཟུར་དུ་བཞེངས་འདུག
དེ་ནས་དབུས་ལ་སླེབས་ན། ལྷ་སའི་ཇོ་ཁང་རེད། དེ་ན་གྲལ་འགོ་གང་ཡིན་དང་གྲལ་སྔ་གང་ཡིན་མི་ཤེས་མོད། ཇོ་བོའི་སྐུ་དེ་ཇོ་ཁང་གི་ཟུར་ཟིག་ན་ཡོད་པ་འདྲ་ཟིག་མཐོང་སོང་། ༡༩༨༩ལོ་ལ་རེད། དེ་མིན་ལྷ་ཁང་གཞན་དག་ནང་མཇལ་ཐུབ་མ་སོང་། རྒྱུ་མཚན་དེའི་སྐབས་སུ་ག་ས་གང་དུ་དམག་མིས་ཁེངས་བསྡད་འདུག ལ་དམ་དྲག་ཡང་འདུག དེའི་སྐབས་སུ ༧གོང་ས་མཆོག་ལ་ནོ་ཝལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་སྐབས་དང་འཁེལ་འདུག དགོན་པ་ཚོའི་ལྷ་ཁང་རེ་རེའི་སྒོ་འགྲམ་ནས་མགོ་བོ་ས་ལ་བཙུགས་ཙམ་བཙུགས་ཙམ་བྱེད་རྒྱུ་ལས་ལྷག་མེད་ཀི
དེ་ནས་ནེ་པ་ལེ་ལ་སླེབས་པ་རེད། མཆོད་རྟེན་ཁ་མིག་གི་རི་མོ་ཡོད་པ་ཟིག་མཐོང་སོང་། ང་བོད་ན་ཡོད་དུས་ཀྱི་མཆོད་རྟེན་ཐུག་རྩ་ཁྲིད་པ་དང་མི་མཐུན་གི བང་རིམ་དེ་བཞིན་མེད་ཀི ཡིད་ཟིག་ནས་དོགས་པ་ཟ་སོང་། དེའི་རྗེས་ནས་བལ་སྡོད་ཨ་མདོ་བ་ཟིག་གི་མཆོད་རྟེན་བྱ་རུང་ཁ་ཤོར་རེད་ཟེར། དེ་ནི་ཆུང་དུས་ནས་གོ་བསྡད་པས་མཇལ་དུ་སོང་པ་ཡིན། འཕགས་པ་ཤིང་ཀུན་ལ་སོང་བ་ཡིན། གང་ལ་ཕྱག་འཚལ་དགོས་པའང་མི་ཤེས་ཀི རྩིག་པ་འདྲ་བོ་དཀར་པོ་རྐྱང་རྐྱང་། སྤྲེའུ་ཁེངས་ནས་བསྡད་ཡོད་པ། ཕུག་རོན་ཟེར་ནོ་ནམ་མཁར་མི་ཤོང་པ་དེ་འདྲ་རེད་བྱ།
དེ་ནས་རྒྱ་གར་ལ་སླེབས་པ་རེད། རྡ་སའི་གཙུགས་ལག་ཁང་ལ་སླེབས་པ་རེད། སྟོན་པ་ཐུབ་པའི་དབང་པོ་སྐུ་བརྙན་དེ་རྟེན་གཙོ་རེད། དེ་ནས་ལྷོ་ཕྱོགས་ནས་དགེ་ལུགས་པའི་གདན་ས་གསུམ་རེད། གྲྭ་ཚང་དྲུག་རེད། དེ་དག་ལ་འདུ་ཁང་དང་སྲུང་མའི་ཁང་ལས་ལྷ་ཁང་རྣམ་གྲངས་མང་པོ་མི་འདུག འདུ་ཁང་ཚང་མའི་ནང་དུ་གདུང་གྲལ་གྱི་དབུ་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་བཞེངས་འདུག རྣམ་གྲོལ་གླེང་ལ་སོང་བ་ཡིན། དེ་བཞིན་དུ་འདུ་ཁང་གི་གདུང་གྲལ་དུ་སྟོན་པ་ཐུབ་པའི་དབང་བོ་བཞེངས་འདུག
ད་འདི་ལྟར་རང་རང་གི་གང་མཐོང་བ་དེ་ཤོད་དང་། དེ་ནས་གསལ་བོ་ཆགས་ཡོང་གི་རེད། དེ་མིན་གཅིག་གིས་བཤད་ན་གོང་ས་མཆོག་གི་བྱས་རྗེས་རེད་ཟེར་ནས་ཕར་འཐེན། ཡང་གཅིག་གིས་གོང་ས་མཆོག་གི་བྱས་རྗེས་མ་རེད་ཟེར་ནས་ཚུར་འཐེན་བསྡད་ན་དེ་འདྲས་ཅིག་རེད།
སྟོན་པ་ཐུབ་པའི་དབང་བོ་རྟེན་གཙོར་བཞེངས་མ་བཞེངས་དེ་། བོད་ལ་ཡིན་ན་ལྷ་ཁང་མང་གི དགོན་པ་གཅིག་ལ་ཡང་ལྷ་ཁང་མང་གི རྟེན་གཙོར་བཞེངས་མ་བཞེངས་དེ། ལྷ་ཁང་ཚང་མའི་གདུང་གྲལ་དུ་བཞེངས་མ་བཞེངས་ལ་བཤད་ཀྱི་ཡོད་པ་རེད་དམ། ཡང་ན་འདུ་ཁང་གི་གདུང་གྲལ་ལ་བཞེངས་མ་བཞེངས་ལ་བཤད་ཀྱི་རེད།
ང་སྐྱེས་སའི་སྡེ་བ་མཚོན་ནས་བཤད་ན་མ་ནི་ཁང་ལ་ཡིན་གཅིག་མིན་གཅིག་སློབ་དཔོན་རིན་པོ་ཆེའི་སྐུ་བཞེངས་དགོས་པ་རེད། དེ་སྤྱི་ཚོགས་རྙིང་བ་ནས་དེ་བཞིན་རེད། སུས་ཀྱང་བསྒྱུར་བཅོས་བཏང་ཆོག་གི་མ་རེད།
པོ་ཏ་ལ་གཅིག་བུ་ལ་མཚོན་ན་ལྷ་ཁང་ག་ཚོད་ཅིག་ཡོད་པ་རེད། རེ་རེའི་རྟེན་གཙོར་ལྷ་ཁང་བཞེངས་ཡོད་པ་མ་རེད། ལྷ་ཁང་གང་གི་ནང་དུ་སྐུ་དེ་བཞེངས་ན་རྟེན་གཙོ་ཆགས་པ་རེད།
ཁ་ཤས་ཀྱིས་གཞན་དག་ཟིག་གིས་ང་ཚོ་བོད་ཀྱི་ནང་ཆོས་འདི་གཞན་གྱིས་ནང་ཆོས་ལ་ངོས་འཛིན་ཞུ་རྒྱུ་མ་རེད་ཟེར་ནས་སེམས་ཁྲལ་བྱེད་ཀྱི་ཡོད་ས་རེད། དེ་ཆབ་སྲིད་ཀྱི་དབང་གིས་རེད། འབར་མའི་ནང་པ་ཚོས་ང་ཚོ་དང་གཅིག་འདྲ་མིན་ན་ཡང་། ཀྲུང་གོ་གཙོ་བྱས་ཤར་ཕྱོགས་རྒྱལ་ཁབ་ཁ་ཤས་ནས་བསྡུས་བཞིན་པའི་འཛམ་གླིང་ནང་པའི་ཚོགས་འདུ་ཟེར་བ་དེར་ཞུགས་བཅུག་གི་ཡོད་པ་མ་རེད། ད་རུང་དེའི་སྟེང་ནས་བོད་ཀྱི་ནང་པ་དེ་ནང་པ་མ་རེད་ཟེར་ནས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་རེད། དེ་ནི་ཆབ་སྲིད་ཀྱི་དབང་གིས་རེད། གལ་ཏེ་ང་ཚོས་སྟོན་པའི་ལྷ་ཁང་ལས་གཞན་ལྷ་ཁང་ཡོངས་སུ་རྫོགས་པ་མེད་པར་བཏང་ན་ཡང་རུང་། འདུལ་བའི་ཆོས་གཞུང་ལས་གཞན་གསང་སྔགས་རྡོ་རྗེ་ཐག་པའི་མཚོན་ཐེག་པ་ཆེན་པོའི་པོ་ཏི་ཡོངས་སུ་རྫོགས་པ་མེད་་པར་བཟོས་ན་ཡང་། ད་རུང་ཁོང་ཚོས་ང་ཚོ་ནང་པ་མ་རེད་ཟེར་ནས་ཁྱབ་བསྒྲགས་བྱེད་ནི་རེད། དཔེ་མཚོན་ནི་འབར་མའི་ནང་པས་མཚོན་ཐུབ་པོ།
རིན་འབྱུང་དོན་གྲུབ་བཀྲ་ཤིས་ལགས།
ཐོག་མར་ཁྱེད་དང་དྲ་གྲོགས་ཚངམར་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན།
༧གོང་ས་མཆོག་ནས་སྤྲུལ་སྐུ་ལོ་གཞོན་མང་པོ་ཞིག་བསྐོངས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ནང་ཆོས་ཁྱབ་སྤེལ་དང་འགྲོ་བའི་ཞབས་འདེགས་ཀྱི་སླད་དུ་བཏང་བའི་སྐོར་གྱི་གནས་ཚུལ་ནི། གོ་ལོ་ཐོས་ལོ་ཙམ་ལས་ཁུངས་ཐུབ་ཅིག་ཤོད་རྒྱུད་མེད། ཅིག་བྱས་ན་ཆོས་རྒྱམ་དྲུང་པ་རིན་པོ་ཆེའི་རང་རྣམ་དབྱིན་སྐད་ཐོག་ཡོད་པ་(Born in Tibet)”བོད་དུ་སྐྱེས”ཞེས་པའི་དེབ་དེ་དང་། ཡང་ཁོང་གིས་ཕྱག་བྲིས་ངོ་མའི་ཉིན་དེབ་ཅིག་ཡོད་པ། ངས་ཀྱང་དེ་སྒྱུར་དུས་སྒྱུར་རོགས་བྱས་ཡོད། དེབ་གཉིས་ནང་ཅིག་བྱས་ན་ཁྱེད་ཀྱི་དྲི་བའི་ལན་ཡོད་སྲིད།
ཁང་གསར་རྡོ་རྗེ་ལགས།
དུས་ཚིགས་སོགས་ལ་ནོར་བཅོས་གནང་བར་ཐུགས་རྗེ་ཆེ། ངོས་ནས་སླར་ཡང་ཞིབ་འཇུག་བྱས་ཏེ་ནོར་བཅོས་དང་སྣོན་པ་འགའ་ཞིག་ཕུལ་ཡོད་པ་གཤམ་དུ་གཟིགས།
དེ་ནས་༸གོང་ས་མཆོག་གིས་ཐུགས་ཚབས་གནང་ཡུལ་གྱི་གཙོ་བོ་ནི་མ་འོངས་བོད་ཀྱི་སོན་རྩ་བོད་རིགས་གཞོན་སྐྱེས་རྣམས་ལ་གནའ་དེང་གི་སློབ་སྦྱོང་སྤྲོད་རྒྱུ་དེ་ཡིན་ལ། དེ་ནས་མགོན་པོ་གང་གིས་རྒྱ་གར་གྱི་སྲིད་བློན་པཎྜིཏ་ནཱེ་རུ་མཆོག་ལ་དེང་དུས་ཀྱི་ཤེས་ཡོན་དང་ལྷག་པར་བོད་མི་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་མི་ཉམས་རྒྱུན་འཛིན་ཡོང་སླད་བོད་པ་ཚོར་ཟུར་དུ་བོད་པ་རང་གི་སློབ་གྲྭ་དགོས་ཀྱི་འདུག་ཅེས་རེ་འདུན་ཞུས་པར། ཁོང་ནས་དང་ལེན་གནང་སྟེ་བོད་ཕྲུག་གཞོན་སྐྱེས་ལྔ་བཅུ་བསྡུ་རུབ་གནང་སྟེ་རྒྱ་གར་གཞུང་གི་རོགས་སྐྱོར་འོག་བཙན་བྱོལ་དུ་འབྱོར་ནས་བོད་ཀྱི་སློབ་གྲྭ་དང་པོ་དེ་མ་སུ་རིར་༼ཕྱི་ལོ་༡༩༦༠ཟླ་༣ཚེས་༣༽ཉིན་འཛུགས་གནང་མཛད།
དེ་ནས་༸རྒྱལ་དབང་མཆོག་གི་བཀའ་དགོངས་དང་ལམ་སྟོན་འོག་སྐུའི་གཅམ་སྲིང་ཚེ་རིང་སྒྲོལ་མ་ལགས་ཀྱི་གཟིགས་སྐྱོང་འོག་བོད་རིགས་གཞོན་སྐྱེས་ལྔ་བཅུ་ལྔ་གཅིག་ལམ་བཟོ་ཁག་ནས་བསྡུ་རུབ་ཀྱིས་དྷ་རམ་ས་ལར་༼ཕྱི་ལོ་༡༩༦༠ཟླ་༥ཚེས་༡༧༽ཉིན་བོད་ཕྲུག་ཁྱིམ་སྡེ་ཐོག་མར་གསར་འཛུགས་གནང་།
མ་སུ་རིའི་སློབ་གྲྭའི་སྐོར་ཞིབ་པར་གཟིགས་འདོད་ན་གཤམ་གྱི་དྲ་བྱང་ལ་ཕེབས། http://www.tcewf.org/schools/school_details/cstmus.html
སྒོམ་སྡེ་ལགས་ཕེབས་ནས་ལན་ཐུང་ངུ་ཞིག་བཞག་པར་བཀའ་དྲིན་ཆེ།
མུ་མཐུད་དུ་གསུང་རོགས་གནང་།
མགོ་རིལ་ལགས་ཀྱིས་གནས་ཚུལ་འགའ་གསུངས་བར་ཡང་བཀའ་དྲིན་ཆེ།
མུ་མཐུད་དུ་གསུང་རོགས།
གཞོན་ནུ་ཟླ་མེད་འདི་ཤིང་བཟོ་མིན་པ་དེ་རིང་ཤེས་སོང་། རྫུན་རྐྱལ་ཁྱོད། ཨ་ལ་ཀུ་རེ་ཡིན།
ཁྱེད་ཀྱིས་ད་དུང་ཤོད་དང་། ངས་ྐློག་གིན་ཡོད།
སྒོམ་སྡེ་འདི་ཡུན་རིང་ཁ་བརྡ་ནང་ལ་མ་ཡོང་པར་དཔེ་མི་སྲིད་དྲན་སོང་། ད་རུང་གང་ཟིག་ཀ་སོང་ནས་ན་རྒས་བསྡད་ཡོད་ཀི མགོའི་དབུ་སྐྲ་ཟོ་དཀར་པོར་གྱུར་བསྡད་ཡོད་ཀི ཐོད་པ་བལྟས་ན་གནས་བརྟན་ཆེན་པོ་པ་ཀུ་ལའི་ཐོད་པ་ནང་བཞིན་ཆགས་བསྡད་ཡོད་ཀི
རིག་འབྱུང་ལགས། འོ་ངས་བཤད་ནི་རེད་ད། ངས་བཤད་ནོ་འདི་ཚང་མ་ཁུངས་ཐུབ་ནི་གཅིག་ལ་ཡོད་ནི་མ་རེད། རྩད་རྒྱག་དགོས་ན་ད་ངོ་ནས་ཙ་ཡ་ཟིག་ཡིན། ཡང་བཙན་པོ་ཟིག་ག་ཐུག་ན་གཉེར་ནས་བུད་འགྱོ་འ།
རྒན་སྒོམ་སྡེས་སློབ་གྲྭའི་སྐོར་ལན་གནང་འདུག་ཀྱང་། ད་དུང་ནོར་འདུག དང༌པོ། ནེ་རུ་ལ་འབོད་སྐུལ་མ་གནང་གོང་ནས་མ་སུ་རི་བོད་གཞུང་སློབ་གྲྭ་དེ་བཙུགས་པ་རེད། དེ་ནས་བཞུགས་སྒར་མ་སུ་རི་ནས་དྷ་རམ་ས་ལ་སྤོས་པ་རེད། དེ་ནས་སིམ་ལ་དང་རྡོར་གླིང་བོད་གཞུང་སློབ་གྲྭ་བཙུགས་པ་རེད། དེ་ནས་ལྡི་ལིར་ཆེད་ཕེབས་ཀྱིས་ནེ་རུར་འབོད་སྐུལ་གནང་བ་ལྟར། རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་ཟེར་བ་དེ་བཙུགས་ཏེ་ ༡༩༦༡ ལོར་གོང་གསལ་སློབ་གྲྭ་དང་པོ་སོགས་རིམ་པས་བོད་སློབ་འཛིན་སྐྱོང་ཚོགས་པས་རྩིས་བླངས་པ་རེད། གོ་རིམ་འདི་ཚོ་གནད་འགག་ཆུང་ཆུང་མ་རེད། ཆེན་པོ་རེད། ད་ལྟ་ནས་ཡག་པོ་མ་བྲིས་ན་མ་འོངས་པར་བཞེད་པ་མི་མཐུན་པར་བརྩིས་ཏེ་མགོ་ལོག་ཆེན་པོ་བརྩི་སྲིད།
གཉིས་པ། སྐུ་གཅེན་མོ་ཚེ་རིང་སྒྲོལ་མས་བཙུགས་པ་དེ་ཐོག་མར་སློབ་གྲྭ་མ་རེད། བུ་གསོ་ཁང་རེད། བུ་བཅོལ་ཁང་རེད། སློབ་ལོ་སོན་པ་དང་སློབ་གྲྭ་གཞན་ལ་གཏོང་གི་ཡོད། ༡༩༧༣ མམ ༡༩༧༤ ལོ་ལ་མིང་བསྒྱུར་དེབ་སྐྱེལ་བྱས་ཏེ་སློབ་གྲྭར་བསྒྱུར་བ་རེད། འོན་ཀྱང་མི་རྒན་པ་ཚོས་ད་དུང་ཡང་བུ་གསོ་ཁང་ཟེར་གྱི་རེད། འདི་ཐོག་མར་གསར་དུ་འཛུགས་དུས་སློབ་ཕྲུག་ ༥༡ ཡོད་པའི་སྐོར་ཞིག་གསུངས་འདུག་ཀྱང་། དེ་ལ་ཁུངས་ཡོད་མེད་མི་ཤེས། གྲངས་ཀ་དེ་ལ་ཁུངས་ཡོད་ན་ང་ལ་གསུངས་རོགས།
གསུམ་པ། གོང་དུ་མཆན་དགོད་མཁན་གཅིག་གིས་ཐོག་མའི་སློབ་གྲྭ་དེ་སྒོ་བརྒྱབ་པ་རེད་བཤད་འདུག མ་སུ་རི་ལ་ད་ལྟའང་མ་སུ་རི་གཏན་སློབ་དང་མ་སུ་རི་བོད་ཁྱིམ་བཅས་གཉིས་ཡོད་རེད། མ་སུ་རི་གཏན་སློབ་ནི་སློབ་གྲྭ་དང་པོ་དེ་རེད། མ་སུ་རི་བོད་ཁྱིམ་ནི་ཨ་མ་ཕྲེང་རིང་གིས་ ༡༩༦༣ ལོར་བཙུགས་པ་དེ་རེད།
སྒོམ་སྡེའི་སེམས་ལ་འདི་འདྲ་ཞིག་བཟུང་ནས་ རྩོམ་ཡིག་སྤེལ་གི་ཡོད་པ་གསལ་པོ་རེད་ ཁོང་གིས་ཉེ་སྔོན་ཚུལ་ཁྲིམས་མཐར་ཕྱིན་ལ་འདི་འདྲ་ཞིག་བྲིས་འདུག ༼དགེ་ལྡན་ཆོས་འབྱུང་རྙིང་པ་ཚོའི་ནང་དུ་དམར་གསོད་དམག་རྒྱག་དང་དོལ་རྒྱལ་སོགས་ཀྱི་ལོ་རྒྱུས་གང་མང་ཡོད་པ་རེད་མོད། འདས་པ་འདས་ཚར་བ་རེད། དེ་ཡང་ཡང་གླེང་ན་ཆོ་ཡོད་པ་མ་རེད། ཁོང་ཚོས་ལོ་རྒྱུས་སྡུག་པོ་དེ་ཚོ་གླེང་ནས་ངའི་མགོ་ལ་གཞུ་སྤྱད་བྱེད་ཀྱི་འདུག ང་ལ་ལན་རྒྱག་རྒྱུ་མེད་སྟབས་སྐབས་རེ་ངོ་ཚ་བ་དང་སྐབས་རེ་སེམས་པ་ཡང་སྐྱོ་གི་འདུག ངས་སྐྱུགས་བྲོ་བའི་ལོ་རྒྱུས་དེ་ཚོ་གཅིག་ཀྱང་མེད་པའི་དགེ་ལུགས་ཆོས་འབྱུང་ཡག་པོ་ཞིག་འབྲི་དགོས་བསམ་བཞིན་ཡོད། འོན་ཀྱང་ད་རུང་དགེ་ལུགས་ཚིག་མཛོད་བྲིས་ཚར་མེད་པ་དང་། ངས་ཆོས་འབྱུང་གསར་བ་བྲིས་རུང་ཆོས་འབྱུང་རྙིང་པ་ཚོ་ནི་རང་འཇག་ལ་ཡོད་པས་ཕན་ཐོག་ཀྱང་ཅང་མེད་པ་འདྲ། ད་ཅི་བྱ། བོད་ལ་དགེ་ལུགས་གཅིག་པོ་མ་གཏོགས་ཕན་མི་ཐོག་པའི་ཆོས་བརྒྱུད་ཉ་ཉོག་གཞན་པ་དེ་ཚོ་གཅིག་ཀྱང་མེད་ན་ཆོས་བརྒྱུད་གཅིག་གྱུར་ཡིན་པས་རྙོག་དྲ་གང་ཡང་མེད་པ་དང་། བོད་རིགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་ལ་ཡང་ཕན་གྱི་རེད། བོད་ཀྱི་འཐབ་རྩོད་ལ་ཡང་ཕན་གྱི་རེད།༽
ཁང་གསར་རྡོ་རྗེ་ལགས།
༡༽ ཁྱེད་ཀྱིས་༼ནེ་རུ་ལ་འབོད་སྐུལ་མ་གནང་གོང་ནས་མ་སུ་རི་བོད་གཞུང་སློབ་གྲྭ་དེ་བཙུགས་པ་རེད༽ཅེས་ཚིག་ཐག་ཆོད་པོས་གསུངས་འདུག དེ་ཡིག་ཆ་ག་འདྲ་ཞིག་ལ་ཁུངས་གཏུགས་ནས་གསུངས་པ་ཡིན་ནམ།
ངེད་ཀྱིས་གོང་དུ་བཤད་པ་དང་མཆན་བུར་བཏབ་པ་དེ་ནི་༼བོད་གཞུང་ཤེས་རིག་ལས་ཁུངས༽ཀྱི་དྲ་རྒྱར་ནེ་རུ་ལ་ཞུས་ནས་སློབ་གྲྭ་དང་པོ་མ་སུ་རིར་བཙུགས་པ་ཤིན་ཏུ་གསལ་པོ་འདུག དེ་ཡིན་མིན་གཤམ་གྱི་དྲ་རྒྱར་གཟིགས།
http://www.tcewf.org/schools/school_details/cstmus.html དང་།
གཞན་ཡང་། ༸གོང་ས་མཆོག་གིས་བོད་ཕྲུག་ཁྱིམ་སྡེར་༢༠༠༧ལོར་བསྩལ་བའི་ནང་ཆོས་ངོ་སྤྲོད་ཉིན་དང་པོའི་ཆུ་ཚོད་༡དང་སྐར་ཆ་༢༡ ཀྱི་ཐད་དང་།
ཡང་། ༸གོང་ས་མཆོག་གིས་ཉེ་སྔོན་༢༠༠༧ལོར་ནང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་དགུ་གླིང་དུ་འབྲས་སྤུངས་བློ་གསལ་གླིང་གི་འདུ་ཁང་ལེགས་གྲུབ་བྱུང་བའི་དབུ་འབྱེད་སྐབས་ཡོངས་ཁྱབ་མི་དམངས་ལ་བཀའ་སློབ་གནང་སྐབས་གསུང་དོན། ༡༩༥༩ལོའི་སྤྱི་ཟླ་༤བཞི་པའི་ནང་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་ནས། ༡༩༦༠ལོའིར་སྤྱི་ཟླ་༤ཙམ་ལ་“མ་སུ་རི”ལ་བོད་ཀྱི་སློབ་གྲྭ་ཐོག་མ་དེ་འཛུགས་སྐྲུན་གནང་བ་ཡིན་ཞེས་བཀའ་སློབ་སྩལ། དགོན་པ་རྒྱག་ཡ་ལའང་བྲེལ་བ་མཛད། ལྷ་ཁང་རྒྱག་ཡ་ལའང་བྲེལ་བ་མཛད། ཅེས་གསུངས་པ་སོགས་ལ་ཁུངས་གཏུགས་པ་ཡིན་ལགས།
༢༽
ཁྱེད་ཀྱིས་༼སྐུ་གཅེན་མོ་ཚེ་རིང་སྒྲོལ་མས་བཙུགས་པ་དེ་ཐོག་མར་སློབ་གྲྭ་མ་རེད། བུ་གསོ་ཁང་རེད། བུ་བཅོལ་ཁང་རེད༽ཅེས་གསུངས་འདུག་པ་དེ་ཡང་གཅིག་ཏུ་བདེན་པ་མ་རེད། དེ་བུ་བཅོལ་ཁང་ཙམ་མ་རེད། ངེད་རང་ཧ་ཅང་ཆུང་ཆུང་སྐབས་༡༩༦༤ནས་༦༥ཡས་མས་ལ། ཕ་མས་དེར་ཟླ་བ་བདུན་བརྒྱད་རིང་བཞག་མྱོང་། དེ་དུས་སྤྱི་འགྲེ་ལྟར་ཡི་གེ་འབྲི་ཀློག་སོགས་སློབ་པ་གསལ་པོ་དྲན་གྱི་འདུག
༣༽དོན་ཚན་གསུམ་པ་ང་དང་འབྲེལ་བ་མི་འདུག
ཁང་གསར་ལགས།
ཅིག་བརྗེད་འདུག
ཡང་ཁྱེད་ཀྱིས་༼འདི་ཐོག་མར་གསར་དུ་འཛུགས་དུས་སློབ་ཕྲུག་ ༥༡ ཡོད་པའི་སྐོར་ཞིག་གསུངས་འདུག་ཀྱང་། དེ་ལ་ཁུངས་ཡོད་མེད་མི་ཤེས། གྲངས་ཀ་དེ་ལ་ཁུངས་ཡོད་ན་ང་ལ་གསུངས་རོགས༽ཅེས་གསུངས་འདུག་པར།
དེའི་ཁུངས་ནི་དཔར་དང་བཅས་པར་དྷ་སའི་བོད་ཁྱིམ་སློབ་གྲྭའི་དྲ་རྒྱར་ཤིན་ཏུ་གསལ་པོ་འདུག་པ་གཤམ་དུ་གཟིགས།
http://www.tcv.org.in/history.shtml
ཁོ་རེ་སྒོམ་སྡེ་ཨུ་ཚུགས་མ་བྱེད། རང་ལུགས་རྐྱང་རྐྱང་མ་འབྲི། དངོས་ཡོད་ལའང་ལྟོས། མ་སུ་རིའི་བོད་སློབ་ཐོག་མ་སྒོ་བརྒྱབ་པ་དེ་ཡི་ལོ་རྒྱུས་ཁྱོད་ཀྱིས་རྩ་མེད་དུ་གཏང་འདོད་པ་མིན་ནམ། བཙན་འབྱོལ་གྱི་བོད་སློབ་ཐོག་མ་དེ་རང་རེད། སློབ་གྲྭ་དེ་ཕྱི་རྒྱལ་གྱི་རོགས་རམ་ལས་གྲུབ་པ་ཞིག་རེད། ཁང་གསར་གྱིས་བཤད་པ་བདེན་པ་རེད། སློབ་གྲྭ་དེར་འགྲོ་མྱོང་བའི་མི་ཕོན་ཆེན་ཞིག་ད་ལྟའང་གསོན་པོར་ཡོད་པས། ཁུངས་སྐྱེལ་རྒྱུ་ལས་སླ་པོ་རེད། ད་དུང་དེ་དུས་ཀྱི་སློབ་གྲྭར་སློབ་ཕྲུག་རྣམས་བོད་ཆས་གྱོན་ནས་འགྲོ་བའི་པར་ཡང་ལུང་པ་གང་འདུག ཡོད་ཚད་ཚོད་ཚོད་ལ་མ་བཤད་པར་ཁུངས་ཅན་ལ་གཏུགས་ནས་བཤད་རོགས། སློབ་གྲྭ་འདི་ལོ་རྒྱུས་སྐྱུགས་བྲོ་བོ་ཞིག་ལ་ཐུག་ནས་སྒོ་རྒྱག་དགོས་བྱུང་སྟབས་གཞི་ནས་ཁྱོད་རང་གིས་བཤད་པའི་སློབ་གྲྭ་དེ་ཚོ་འགོ་བཙུགས་པ་རེད། གཅིག་བྱས་ན་ཁྱོད་ཀྱིས་དེ་ཚོ་ཤེས་བཞིན་ཆབ་སྲིད་འཁྲབ་ནས་ལོ་རྒྱུས་སྦས་སྐུང་བྱ་འདོད་པ་ཡིན་ས་རེད། དེ་འདྲ་ནི་ཁྱོད་ཀྱི་ཀུན་སློང་ཞིག་ཡིན་པར་ཁྱོད་ཀྱི་ཟིན་བྲིས་འབྲི་སྟངས་ལས་ཤེས་ཀྱི་འདུག དེ་མིན་ན་གཞན་ལ་མི་འདྲི་བར་ཨུ་ཚུགས་རྒྱག་དགོས་དོན་གང་ཡིན་ནམ། ད་སྐུ་མཁྱེན་དྲང་པོའི་མི་ཞིག་མཛད་རོགས། རྒས་ནས་འཆི་ཁར་དེ་འདྲ་མ་བྱེད་རོགས། ཡང་ཡང་ལབ་འདོད་མེད་ཀྱང་རྫུན་མང་དྲགས་ནས་སེམས་ཀྱིས་མི་བཟོད་པ་འདུག ད་ནི་ཁྱོད་ཀྱིས་ང་ཚོ་གསོན་པོར་ཡང་བཟའ་ཉེན་འདུག
སྒོམ་སྡེ་ལགས། ངའི་ཁུངས་དེ་ཚོ་ནི་མ་སུ་རིའི་སློབ་སྤྱི་དང་པོ་ཀུན་བདེ་གླིང་གི་ལོ་རྒྱུས་དང་། ༸གོང་ས་མཆོག་གི་མཛད་རྣམ་སྙིང་རྗེའི་རོལ་མཚོ། ༡༩༦༠ ལོའི་ཚགས་ཤོག་སོགས་ཡིན།
ཤེས་རིག་གི་དྲྭ་རྒྱའི་ཐོག་ལ་བཀོད་པ་དེ་གཟབ་གཟབ་མ་བྱས་པ་འདྲ་ཡང་བརྗོད་པ་དང་པོའི་མཇུག་དེར་ཚིག་ཟུར་དུ་the intial project came wholly from the Private Office of His Holiness the Dalai Lama. ཞེས་ཐོག་མའི་ལས་གཞི་ཧྲིལ་པོ་༸གོང་ས་མཆོག་གིས་དབུ་འཛུགས་གནང་བ་གསལ་པོ་བཀོད་འདུག ངས་ཉམས་ཞིབ་བྱས་པ་ལྟར་ན། སློབ་གྲྭ་དང་པོ་མ་སུ་རི་དང་གཉིས་པ་སིམ་ལ། གསུམ་པ་རྡོར་གླིང་གཏན་སློབ་བཅས་ཐོག་མར་༸གོང་ས་མཆོག་དང་བོད་གཞུང་རང་གིས་བཙུགས་པ་དང་། རྗེས་སུ་རྒྱ་གར་གཞུང་ལ་ཞུས་ནས་ ༡༩༦༡ ལོ་ནས་རིམ་པས་རྒྱ་གར་བོད་སློབ་འཛིན་ཚོགས་ཀྱིས་རྩིས་ལེན་བྱས་པ་དེར་དོགས་པ་དགོས་ས་ཧ་ལམ་མེད། འོན་ཀྱང་ལོ་ ༥༠ ཙམ་ལས་མ་སོང་བའི་གནད་ཆེའི་ལོ་རྒྱུས་འདི་ཚོ་སྐུ་ཉིད་ལྟ་བུས་ཚོད་ཚོད་བྱས་ནས་མ་བྲིས་པར་ཞིབ་འཇུག་མཛད་འོས།
བུ་གསོ་ཁང་ནང་ཡི་གེ་སློབ་ཀྱི་ཡོད་པའི་ཆ་ནས་སློབ་གྲྭ་ཡིན་པར་སྒྲུབ་མི་ཐུབ། དེང་སྐབས་ཀྱང་རྒྱ་གར་ནང་གི་བུ་བཅོལ་ཁང་ཚང་མའི་ནང་ཡི་གེ་ཕྲན་བུ་སློབ་བཞིན་པ་རེད། དེ་ཚོ་སློབ་གྲྭར་བརྩིས་ན་བཙན་བྱོལ་ནང་སློབ་གྲྭ་གྲངས་ ༧༧་ལས་མང་བ་ཆགས་ཀྱི་རེད། གནད་འགག་གཙོ་བོ་དེ་ ༡༩༦༠ ནས་ ༡༩༧༤ བར་བོད་གཞུང་གི་སློབ་གྲྭའི་ཐོ་གཞཱུང་ནང་བུ་གསོ་ཁང་སློབ་གྲྭར་རྩིས་ཡོད་མེད་དེ་རེད། ངས་བརྟག་དཔྱད་བྱེད་དུས་བརྩིས་མི་འདུག སྔོན་མ་ནས་སློབ་གྲྭ་ཡིན་ན། རྗེས་སུ་མིང་བསྒྱུར་བྱེད་དོན་ཡང་མེད།
ལགས་སོ། །ཁང་གསར་ལགས།
ད་ངེད་གཉིས་བབས་ས་ཧ་ལམ་གཅིག་པ་ལྟ་བུར་འདུག
གང་ལྟར་ཁྱེད་ནས་ངེད་ལ་དག་བཅོས་གནང་བར་བཀའ་དྲིན་ཆེ།