གངས་སྒྲོན།
༼གང་ཤེས། ཅིག་ཁྲིད་སོང༌། ངས་ཤེས་མ་སོང༌།༽ཞེས་པ་འདི་ནི་མི་ལོ་བདུན་རིང་གི་ང་དང་ངའི་སློབ་གྲོགས་ཀུན་གྱི་ངག་ནས་ཡལ་མ་མྱོང་བའི་སྨྲེ་ངག་ཅིག་ཏུ་ཟད།
སློབ་གཞིའི་སློབ་ཚན་ཁྲིད་ཐུབ་ཀྱང་བསླབ་པ་གང་ཞིག་སློབ་མར་ཤེས་སུ་བཅུག་མི་ཐུབ་པ་ནི་འདི་ག་ངའི་སློབ་གླིང་གི་སློབ་དཔོན་ཚོའི་ཁྲིད་ཐུབ་ཀྱི་ཞེན་ཆ་ཞིག་རེད་བཤད་ཆོག་པར་་གྱིས།
ཅི་ཞིག་སྦྱོང་འདོད་པའི་སྤྲོ་སེམས་དང་སྦྱོང་བ་ཤེས་ཐུབ་པའི་ཐུབ་སེམས་བཅས་དང་ལྡན་ཡང༌། ད་དུང་མེ་མགོར་ཆུ་བཤོས་པ་བཞིན་ངའི་ཤེས་འདོད་ཀྱི་རྔམ་ཁ་དེར་འདོད་ཡིད་འཚིམ་པའི་ཉིན་གྲངས་ནི་ཧ་ཅང་ཉུང། ནང་དོན་རིག་པའི་རྨང་གཞིའི་ཤེས་བྱ་ལྟ་བུ་ས་ལམ་གྲུབ་མཐའི་སྦྱོང་བ་སྔོན་དུ་སོང་བའི་སྒོ་ནས་རང་ཉིད་ཀྱི་བློ་ལ་འགྲོ་བ་དང་དེར་སྤྲོ་བ་འཕེལ་པའི་གྲུབ་མཐའ་བྱེ་བྲག་ཅིག་རིགས་གཅིག་རྐང་འཛིན་ནམ། དེའི་དམིགས་བཀར་གྱི་དོ་སྣང་དང་ཆེད་སྦྱོང་བྱེད་འདོད་པའི་ཐོག་མའི་འཆར་གཞི་དེའང་རིམ་གྱི་རྨེག་མེད་དུ་སོང༌། འཆར་གཞི་དེའི་སླད་དུ་ངས་ཆེད་དུ་དགེ་རྒན་རེས་འགར་དྲུང་ནས་ཕྱི་ནང་གི་ལྟ་གྲུབ་ཟུར་སྦྱོང་ཡང་བྱས་མྱངས་ཀྱང༌། དབུ་མ་འཇུག་པའི་སྐབས་དྲུག་པ། ཚད་མ་རྣམ་འདྲེན། སུམ་ཅུ་བ། ཉི་ཤུ་བ་དང་སྤྱོད་འཇུག་གི་ལེའུ་དགུ་བ་ཤེས་རབ་ཀྱི་ལེའུ་བཅས། རིམ་གྱི་སྦྱོང་གིན་དལ་གྱི་ཚང་མར་ཡོངས་སུ་འཆོལ་བའམ། ཤེས་སེམས་ཀྱི་གདེང་སྤོབས་མི་སླེབས་པའི་ད་ལྟའི་དུས་སུ། ཏག་ཏག་མངོན་རྟོགས་བརྒྱད་ཀྱི་རྩེ་མོ་སྦྱོར་བའི་སྐབས་སུ་བཤད་པའི་སེལ་བྱ་ལོག་སྒྲ༔བ་བཅུ་དྲུག་དེ་དག། ང་ལ་མཚོན་ན་ལོག་སྒྲ༔བ་མ་ཡིན་པར་དོན་དམ་ཁས་ལེན་ཞིག་དང་གོ་བ་རྣལ་མ་ཞིག་ཏུ་སོང་འདུག་པས། གོ་ལོག་གི་ཉེས་དམིགས་འདི་ཇི་ལྟར་སེལ་ཐུབ་བམ།
ནང་དོན་རིག་པར་སློབ་གཉེར་བྱེད་ཀྱིན་པའི་མིང་བྱང་དེ་དང༌། ཆོས་བརྒྱུད་རིས་མེད་བརྩོན་འདོན་བྱེད་ཀྱིན་པ་བཅས་ཀྱི་དབང་གིས། ངས་རང་ཉིད་ཅིས་ཀྱང་མིང་དོན་མཚུངས་པའི་སློབ་གཉེར་པ་ཞིག་བྱེད་སེམས་ཀྱིས། གཡུང་དྲུང་བོན་གྱི་ཐེག་པ་རིམ་དགུའི་ཤེས་བྱ་དང༌། ཆོས་བརྒྱུད་བཞིའི་ཐུན་མོང་མ་ཡིན་པའི་ཕྱག་དཔེ། དཔེར་ན་དགེ་ལུགས་པའི་ལམ་རིམ་ཆེན་པོ་དང༌། རྙིང་མ་བའི་༼ཀུན་བཟང་བླ་མའི་ཞལ་ལུང༌།༽ བཀའ་བརྒྱུད་༼དོགས་པོ་ཐར་རྒྱན།༽ ས་སྐྱ་བའི་༼ཐུབ་པ་དགོངས་གསལ།༽ ལྷག་པར་ས་དགེའི་བར་གྱི་བཤད་རྙོག༼ལྟ་བ་ངན་སེལ།༽སོགས།
གང་ཐུབ་ཅི་ཐུབ་ལྟ་ཀློག་བྱེད་ཀྱང༌། མཐར་རམ། སློབ་གྲྭ་ཐོན་ན་ཉེ་བའི་ཉིན་འདི་དག་ཏུ་ངས་ངའི་ནུ་བོའི་སྐད་ཆ་༼ནང་ཆོས་སྦྱོང་ཞེས་པ་ཁོག་པོ་རེད། དེ་ལ་བག་ཆགས་ཙམ་བཞག་ཐུབ་པ་སྐལ་བཟང་རེད༽ཞེས་པའི་བསླབ་བྱ་དེ་ཉིད་དྲན་གྱིན། སྐབས་དེར་ནུ་བའི་སྐད་ཆ་དེར་མི་འདོད་པའི་ཁེངས་སེམས་ཤིག་གམ། ཅི་ཕྱིར་མི་ཤེས༌།ཤེས་ཀྱི་རེད་སྙམ་པའི་ང་རྒྱལ་དེའང་ཞི་ཞིང༌། དེའི་ཚབ་ཏུ་ངུ་མ་དགོད་ཀྱི་སྐྱོ་སྣང་ཞིག་གིས་སྨྲེ་ངགས་འདི་ངག་ནས་ཐལ།
འདི་ཙམ་ཞིག་ཤུགས་ཀྱིས་སྦྱང་ཐུབ་པའང་རྗེས་སུ་ཡི་རང་གི་གནས་ཁོ་ནའོ།།
ཕན་ཐོགས་ས་ཞིག་ལ་ཕན་ཡོད་པ་བཤད་མ་དགོས་པ་རེད།
གཞུང་ལུགས་ནི་རྒྱ་མཚོ་ཡིན་ལ། ང་ཚོ་ནི་དེའི་ལོ་འདབ་ཙམ་གྱི་ཚད་ལ་སླེབས་དཀའ་བས། ཡོད་ཚད་རྟོགས་རྒྱུ་ནི་སྲིད་མཐའ་ཙམ། གང་ཡོད་པ་དང་གང་སྦྱང་བ་དེས་ཐུགས་ཡིད་ཚིམས་རོགས། གང་ལྟར་རང་གིས་རང་ལ་མགོ་སྐོར་བཏང་མེད་ན་ནི་འགྱོད་དོན་ཡོད་པ་མ་རེད། དུས་ཚོད་དམ་དུ་བཟུང་ནས་ཤུགས་ཀྱིས་མདུན་སྐྱོད་བྱ་རྒྱུ་ནི་རང་འཁྲིའི་ལས་འགན་ཁོ་ནའོ།། དེ་ནི་མི་བསླུ་བའོ།། དེ་ནི་འབྲས་བུ་དང་བཅས་པའོ།།
ང་ཚོ་ཚང་མས་མ་ཤེས་བ་དེ་གཞན་སྐྱོན་མི་ལ། མི་གོ་དེའང་གཞན་སྐྱོན་མ་རེད། མ་སྦྱང་བ་དང་མི་གོ་དེ་ཤེས་ཐབས་ལ་འབད་རྒྱུ་ནི་རང་ཉིད་ཀྱི་འགན་རེད། སྦྱངས་ཀྱང་མ་ཤེས་ན་ནོར་འཁྲུལ་གང་ཞིག་ནས་ལྷག་ཡོད་མེད་རྟོགས་ཞིབ་བྱེད་དགོས། དེ་ལྟར་བྱས་གང་མ་ཤེས་གང་ཞིག་ང་ཚོས་གཞི་ནས་དེའི་མཐའ་དཔྱོད་དགོས་པ་འདུག་སེམས།
གྲུབ་མཐའ་རིས་མེད་ཀྱི་སྦྱོང་ཐབས་དེ་ཤིན་ཏུ་བཟང་། ཁྱེད་རང་ལ་བར་ཆད་ཀྱི་མཚན་མ་འདུག་སྙམ་པའི་གནས་སྐབས་རིམ་འགྲོ་ལ་རེམས་པར་གྱིས། རྒྱ་གཞུང་སྦྱོང་དུས་མིག་རྒྱང་བསྲིང་། ཁོག་གསང་ལྷོད་དགོས། བོད་ཀྱི་གཞུང་ལུགས་ལ་ཁ་ཕྱོགས་དུས། རྙིང་མའི་རྫོགས་པ་ཆེན་པོ། ས་སྐྱའི་འཁོར་འདས་ཡེ་མེད། བཀའ་བརྒྱུད་ཕྱག་རྒྱ་ཆེན་པོ། དགེ་ལྡན་བདེ་སྟོང་ལྷན་སྐྱེས་ཟུང་འཇུག་རྣམས་དོན་གཅིག་མིང་གི་རྣམ་གྲངས་སུ་ཡིན་ངེས་སྙམ་པའི་མོས་པ་བཅས་སྦྱོངས་ན་བར་ཅད་སེལ་བར་ངེས། ཆོས་གྲོགས་ལ་རྫུས་ནས་དྲན་གསོ་བྱས་པའི་ཁུལ་ཡིན།
་་་བར་ཆད་ཅུང་ཟད་་་་་་ དང་ ་་་བར་ཆད་་་ཅེས་འབྲི་འདོད་པ་ལ། ཡིག་ནོར་སོང་འདུག དགོངས་དག