དཔའ་ཤོད་ཕོ་རྒོད།
སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག་༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ནས་གསུང་གི་བདུད་རྩི་ལ་ངོམས་མེད་ལོངས་སུ་སྤྱོད་རྒྱུ་ཡོང་བར་ཤོག་ཅིག །
Happy 80th Birthday your Holiness. May you live long as world need you.
མགོན་ཁྱེད་མེད་ན་ང་ཚོའི་འཚོ་བ་ཇི་འདྲ་ཞིག་བསྐྱེལ་དགོས་སམ།།
མགོན་ཁྱེད་མེད་ན་ང་ཚོའི་དབུ་འཕང་དགུང་དུ་ཇི་འདྲ་འདེགས་དགོས་སམ།།
མགོན་ཁྱེད་མེད་ན་ང་ཚོའི་བདེ་སྡུག་དཀའ་ངལ་སུ་ལ་ཞུ་དགོས་སམ།།
མགོན་ཁྱེད་མེད་ན་བོད་དོན་འཐབ་རྩོད་ཇི་འདྲ་བསྒྲུབ་དགོས་སམ།།
མགོན་ཁྱེད་ཡོད་ན་ང་ཚོའི་སེམས་པ་ནམ་ཡང་ལྷོད་པོར་གནས།།
མགོན་ཁྱེད་ཡོད་ན་བོད་མི་ཚང་མ་སྡུག་གི་གནས་ནས་ཐར།།
མགོན་ཁྱེད་ཡོད་ན་འཛམ་གླིང་སྐྱེ་བོ་གྲངས་མེད་རྣམས་ལ་ཕན།།
མགོན་ཁྱེད་ཡོད་ན་གུས་པའི་སེམས་ཤུགས་སྔར་ལས་ཆེ་ཆེར་འཕེལ།།
ཞེས་སྐུའི་འཁྲུངས་སྐར་གྱི་རྟེན་འབྲེལ་ཆེད་དེ་རིང་གཞི་ནས་སོ་སོ་སྒེར་གྱི་ངོས་ནས་བསྟོད་ཚིག་ཕུལ་རྒྱུའི་གོ་སྐབས་བྱུང་། འཁྲུངས་སྐར་དུས་དྲན་འགོ་བཙུག་པ་ནས་བཟུང་དེ་རིང་བར་རང་ཉིད་ཀྱི་ཕོར་པ་བཙུག་ས་ཁོ་ནའི་ཆེད་དུ་ལས་ལ་འབད་ནས་སྒེར་དོན་གྱི་ལས་ཀ་སྣ་གཅིག་བྱེད་རྒྱུའི་ཁོམ་པ་མ་བྱུང་། དེ་རིང་གཞི་ནས་དུས་ཚོད་ཐུང་ངུ་ཞིག་བཏང་ནས་འཁྲུངས་སྐར་གྱི་བརྒྱུད་རིམ་དང་འབྲེལ་ནས་སོ་སོའི་སེམས་ནང་གི་སྐད་ཅ་མང་པོ་ཞིག་འདིར་དྲ་གྲོགས་རྣམས་ལ་ཞུ་འདོད་བྱུང་།
སྤྱིར་འཁྲུངས་སྐར་དུས་དྲན་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་མ་སྐུལ་དང་བླངས་ཐོག་འཛམ་གླིང་ས་ཕྱོགས་གང་ས་དང་ལྷག་པར་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ནས་བློ་སྟོབས་ཆེན་པོས་སྲུང་བརྩི་ཞུ་བཞིན་ཡོད་པ་བཅས་ནི་གུས་བཀུར་དང་དད་གུས་བླ་ན་མེད་པ་ཡོད་པའི་མཚོན་རྟགས་ཤིག་ཡིན། ད་ལོའི་འཁྲུངས་སྐར་ནི་དེ་སྔ་ལས་ཀྱང་འཁྲུག་ཆ་དོད་པ་དང་མི་སུ་ཞིག་གི་ངོ་གདོང་ལ་བལྟས་པ་ཡིན་ན་འཛུམ་མུལ་དང་སྤྲོ་སྣང་གི་ཁེངས་ནས་རྩེད་མོ་སྣ་ཚོགས་རྩེ་བཞིན་ཡོད་པ་མཐོང་རྒྱུ་འདུག །
ཕྲན་ནི་འཁྲུངས་སྐར་གྱི་མཛད་སྒོའི་གྲ་སྒྲིག་ཆེད་ཡར་ཡར་འགྲོ་བ་དང་། མར་མར་ཕྱིན་པ་སོགས་བྱས་ནས་གང་ལྟར་སྐུའི་འཁྲུངས་སྐར་གྱི་ཆེད་དུ་ལས་ཀ་བྱེད་པར་ལུས་སེམས་གཉིས་ཀ་ལ་དཀའ་ངལ་སྤུ་ཙམ་ཡང་བྱུང་མ་སོང་། གུས་པས་མཛད་སྒོའི་གྲ་སྒྲིག་གི་ལས་དོན་ཆེ་ཕྲ་མཐའ་དག་ལ་མཉམ་ཞུགས་བྱས་ནས་མཐའ་དོན་མཛད་སྒོ་ཟབ་རྒྱས་ངང་ལེགས་པར་གྲུབ་ཐུབ་པ་བྱུང་བས་སེམས་ནང་དམིགས་བསལ་གྱི་དགའ་ཚོར་ཆེན་པོ་བྱུང་། ཡིན་ཡང་ལས་དོན་འདི་དག་བསམ་པ་རྣམ་དག་གི་སྒོ་ནས་དོ་འཁུར་ཆེན་པོ་དང་ཀུན་སློང་རྣམ་པར་དག་པ་ཞིག་གི་སྒོ་ནས་ལྷག་བསམ་ཟུང་དུ་འབྲེལ་བའི་ཐོག་བྱས་པ་མ་གཏོགས་ལས་དོན་དེའི་མཇུག་འབྲས་ལ་གཏམ་སྙན་གྲགས་ཆེན་པོ་ཞིག་རག་ན་བསམ་པ་དང་སྤྱི་ཚོགས་སྟེང་གི་ཁྱད་པར་བ་ཞིག་ཆགས་པ་སོགས་ཀྱི་བསྲེ་ལྷད་སྤུ་ཙམ་ཡང་མེད།
གལ་ཏེ་ངས་ཆགས་སྡང་དང་མིང་སྐམ་ཞིག་གི་ཆེད་དུ་སྤྱི་པའི་ལས་དོན་ལ་ཞུགས་པ་ཡིན་ན་ཉིན་དེ་ནས་བཟུང་ངའི་མི་ཚེ་སྟོང་ཟད་ཕྱིན་པ་མ་ཟད་མ་ཤི་བར་དུ་འགྱོད་སེམས་ཆེན་པོ་ཞིག་གི་ཐོག་ནས་བསྐྱོད་དགོས་ཆགས་པར་ཐེ་ཚོམ་མེད། ངས་ད་བར་སྤྱི་པའི་ལས་དོན་ཆེ་ཕྲ་ཅི་ཞིག་ཡིན་རུང་ལྷག་བསམ་རྣམ་དག་དང་ཀུན་སློང་རྣམ་པར་དག་པ་ཞིག་གི་ཐོག་བསྐྱོད་པ་དང་སོ་སོར་གྱོང་གུན་ཇི་ཙམ་རག་ཀྱང་སྤྱི་པའི་ལས་དོན་དེ་སྣེ་མོར་བཟུང་སྟེ་མདུན་བསྐྱོད་བྱེད་བཞིན་ཡོད།
གཡོ་སྒྱུ་དང་འགྲན་སེམས། ཞེ་སྡང་། ཕྲག་དོག །གཏི་ཐུག་སོགས་ཀྱི་བསམ་བློའི་བརྒྱུད་རིམ་ཞིག་གི་ཐོག་སྤྱི་པའི་ལས་དོན་ལ་ཞུགས་ན་དུས་ནམ་ཡང་ལམ་ལྷོང་ཡོང་མི་སྲིད་ལ་དེ་འདྲའི་མི་དེ་ནི་སྤྱི་ཚོགས་སྟེང་གི་ཆེས་མ་རབས་ཐ་ཤལ་ཞིག་ལ་ངོས་འཛིན་ཞུ་ངེས་ལ་ངས་ཀྱང་མི་དེའི་རིགས་ལ་དུས་ནམ་ཡང་གུས་བཀུར་ཞུ་མི་ཐུབ།
སྤྱི་ཚོགས་ཀྱི་ལས་དོན་ལ་དངོས་སུ་ཞུགས་ཚར་ན་དུས་དེ་ནས་བཟུང་གཞན་གྱིས་ལས་དོན་འགྲིག་མིན་ཐད་ཀྱི་བསམ་འཆར་དྲག་ཆར་ནང་བཞིན་བབས་ངེས་པ་ཡིན། དེ་ལ་སྔོན་ཚུད་ནས་བསམ་བློའི་གྲ་སྒྲིག་ཡོད་པའི་ཐོག་ནས་སྤྱི་པའི་ལས་དོན་ལ་ཞུགས་དགོས་པ་ཡིན། ཁ་བརྡུང་དང་བསམ་འཆར་ཅི་ཡང་ཉན་མི་དགོས་པའི་རིགས་ཤིག་ཡོད། དེ་ཚོ་ནི་སྤྱི་པའི་ལས་དོན་གང་འདྲ་ཞིག་ལ་ཡང་མཉམ་ཞུགས་མི་དགོས་པར་ལས་ཀ་བྱེད་མཁན་དག་ལ་ཁ་བརྡུང་བཏང་པ་དང་སེམས་ཤུགས་གཅོག་པ། གཞི་མེད་བསྙོན་འཛུགས་བྱས་པ། འགྲན་སེམས་ཆེ་ཆེར་སྐྱེས་ནས་ཕུ་དཀྲུག་མདའ་དཀྲུག་བཟོས་བཞིན་ཡོད།
དེ་ནི་སྤྱི་ཚོགས་ཀྱི་འགྲོ་སྟངས་ལྟ་བུ་ཞིག་ཡིན་ཡང་དེ་འདྲ་བའི་ཐ་ཤལ་གྱི་བྱེད་སྟངས་དེས་སོ་སོའི་མི་ཚེའི་ནང་ལ་ཡང་རང་བཞིན་གྱི་རྨ་ཁ་ཆེན་པོ་ཞིག་དང་མ་ཤི་བར་དུ་སོ་སོ་རང་ཉིད་ཀྱི་སོ་སོ་ལ་འཁང་ར་བྱེད་སའི་ཡུལ། འགྱོད་སེམས་ཆེན་པོ་ཞིག་གི་ཐོག་དབུགས་རྫོགས་རྒྱུ་ལས་དམིགས་བསལ་གྱི་སྤྱི་ཚོགས་སྟེང་ལག་རྗེས་མི་དམན་ཙམ་བཞག་ནས་འགྲོ་རྒྱུ་ནམ་ཡང་རག་གི་མ་རེད། སོ་སོ་རང་ཉིད་ཀྱི་སོ་སོ་ལ་ཤ་ཚ་ཡོད་ན་མ་ཤི་གོང་ནས་གང་ལྟར་སྤྱི་ཚོགས་ཐོག་ལག་རྗེས་མི་དམན་ཙམ་དང་ཕན་ཐོགས་ཀྱི་ཆ་གང་ལ་གང་མཚམས་ཀྱི་བཞག་ཐུབ་པ་བྱེད་དགོས་ཀྱི་ཡོད། མིའི་ལུས་རྟེན་ཐོབ་ནས་ཡང་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ལམ་ལ་འཇུག་ཐུབ་པ། དེ་འདྲ་མ་བྱུང་རུང་བསམ་པ་རྣམ་དག་གི་ཐོག་ནས་སྤྱི་པའི་ལས་དོན་ལ་ཕྱོགས་ཞེན་གྱི་བསྲེ་ལྷད་སྤུ་ཙམ་ཡང་མེད་པར་ཕན་ཐོགས་བྱེད་དགོས།
དེ་འདྲ་གང་ཡང་མིན་པར་སྤྱི་པའི་ལས་དོན་སྒྲུབ་མཁན་དག་ལ་ཁ་རྐྱང་རྐྱང་བཏང་ནས་མི་ཚེ་བསྐྱེལ་བསྡད་ན་སོ་སོའི་མི་ཚེ་དེ་སྟོང་ཟད་ཉག་ཅིག་རེད་འགྲོ། ཡང་སྤྱི་པའི་ལས་དོན་སྒྲུབ་མཁན་དག་ལ་ཀུན་སློང་དང་ལྷག་བསམ་ཇི་ཙམ་ཆེན་པོ་ཡོད་ན་ཡང་འཐུས་ཤོར་ཏན་ཏན་འགྲོ་ངེས། སྐབས་དེ་དུས་ལས་ཀྱི་བྱེད་པ་པོ་སུ་འདྲ་ཞིག་ཡིན་རུང་གསལ་ཁ་བཏོན་ཆོག་པ་ཡིན། གསལ་ཁ་བཏོན་མ་ཐག་ཕར་ལ་ཁྲོ་བའི་རྣམ་འགྱུར་སྟོན་ན་གང་ཟག་དེ་ལ་རྣམ་དཔྱོད་མ་འདང་པ་དང་སྤྱི་ཚོགས་ཀྱི་ལས་ཀའི་ཉམས་མྱོང་མེད་པའི་རང་རྟགས་གསལ་པོ་ཡིན།
གཞན་གྱིས་སྐྱོན་བཏོན་པ་ཡིན་ན་དེ་མ་ཐག་ཁྲོ་བའི་བཞིན་མདངས་མ་སྟོན་པར་དེ་ལ་དགའ་བ་སྐྱེས་ནས་བག་ཕེབས་པོས་འགྲེལ་བཤད་མཐིལ་ཕྱིན་པ་རྒྱག་དགོས་ལ་སྐྱོན་བཏོན་མཁན་དེས་ཀྱང་འགྲེལ་བཤད་རྣམས་ལྷུག་པོར་ཉན་དགོས། འགའ་ཞིག་གིས་སྐྱོན་བཏོན་པ་དང་དེའི་འགྲེལ་བཤད་རྩ་བ་ནས་ཉན་འཇོག་མི་ཐུབ་མཁན་རིགས་ཤིག་ཡོད། དེ་ནི་སོ་སོར་ངོ་གནོང་སྐྱེས་ནས་འགྲེལ་བཤད་ཉན་འདོད་མེད་པ་དེ་འདྲ་ཡོང་གི་ཡོད། དེ་ནི་ཆེས་ཐ་ཤལ་གྱི་བྱེད་སྟངས་རང་ཡིན། ཡང་ན་སྐྱོན་འདོན་རྒྱུ་མེད།
སྐྱོན་བཏོན་ཚར་པའི་རྗེས་ལ་དེ་ལ་འགྲེལ་བཤད་ཡག་སྡུག་གང་འདྲ་ཞིག་ཡིན་རུང་ཉན་དགོས་པ་དེ་སྐྱོན་འདོན་མཁན་གྱི་ཕྲག་ཏུ་བབས་པའི་ལས་འགན་གཙོ་བོ་དེ་རེད། དེ་ནས་སོ་སོས་མ་ཤེས་ན་གཞན་ལ་འདྲི་དགོས་པ་དེ་གལ་ཆེ་ཤོས་ཡིན་པ་ངའི་ཉམས་མྱོང་ཆེ་ཤོས་དེ་ཡིན། སོ་སོ་རྐུབ་སྟེགས་ཇི་ཙམ་གྱི་མཐོན་པོར་སླེབས་རུང་ལས་ཀ་ཚང་མ་བྱེད་ཤེས་པའི་ངེས་པ་མེད། སོ་སོ་རང་ཉིད་ཇི་ཙམ་གྱི་རྣམ་དཔྱོད་ཕུལ་དུ་ཕྱིན་པ་ཞིག་ཡིན་ན་ཡང་ད་དུང་མ་ཤེས་པའི་ཆ་གྲངས་ལས་འདས་པ་ཡོད། སྐབས་དེ་དུས་གཞན་ལ་དྲིས་པ་དང་གོ་བསྡུར་གྱི་ལམ་དེ་འགག་གནད་ཆེན་པོ་ཞེ་དྲག་ཡིན། དྲིས་ས་དེ་ཡང་སོ་སོའི་ཡུལ་ལུང་གཅིག་པ་དང་གཉེན་ཚན་རྐྱང་པ་སོགས་མ་ཡིན་པར་སྤྱི་ཚོགས་ཀྱི་ཕུལ་དུ་ཕྱིན་པའི་མི་སྣ་དང་ཉམས་མྱོང་གི་རྒས་པོ་གང་འདྲ་ཞིག་ཡིན་ཡང་ཆོག །
འགའ་ཞིག་སོ་སོ་མ་ཤེས་ནའང་གཞན་ལ་དྲིས་པར་ཁག་པོ་ཞེ་དྲག་ཡོད། གང་ཡིན་ཟེར་ན། སོ་སོ་རང་ཉིད་སྤྱི་ཚོགས་སྟེང་མཐོང་ཨོ་ཙམ་ཡོད་པ་དང་། ཡོན་ཏན་གྱི་ཆ་ཕྲ་མོ་ཙམ་ཡོད་པ་ལ་བརྟེན་ནས་ཁེངས་པ་ཆེ་དྲག་པའི་རྐྱེན་བྱས་ནས་སྤྱི་ཚོགས་ཀྱི་ལས་དོན་མང་པོ་ཞིག་རང་བཞིན་གྱི་འཐུས་ཤོར་དཔེ་མེད་འགྲོ་བཞིན་ཡོད། དེ་དུས་རང་ཉིད་ཙམ་མ་ཚད་སྤྱི་ཚོགས་འདིའི་མདུན་ལམ་ལ་གྱོང་གུན་ཚད་ལས་བརྒལ་བ་འགྲོ་ངེས་པར་ཐེ་ཚོམ་མེད། དེ་ནི་ངས་དངོས་སུ་མཐོང་མྱོང་བའི་སྤྱི་ཚོགས་ཀྱི་ཞན་ཆ་ཆེ་ཤོས་དེ་རེད། རེ་ཞིག་བསམ་བློའི་བརྒྱུད་རིམ་དང་ཁ་ཕྱོགས་དེ་འདྲ་ཞིག་ལ་འབད་ཐུབ་ན་གཞི་ནས་ང་ཚོའི་སྤྱི་ཚོགས་དེ་རླུང་ལྟར་མགྱོགས་པའི་ཡར་རྒྱས་འགྲོ་བར་གོར་མ་ཆགས།
དེ་ནས་ངས་དུས་དེབ་དང་འབྲེལ་བའི་ཐོག་ནས་ཚིག་གཅིག་གཉིས་ཤིག་ཞུས་ན་བསམ། སྤྱིར་ན་དེབ་བཟོ་རྒྱུ་འདི་ནི་ལས་སླ་པོའི་ལས་ཀ་ཞིག་རྩ་བ་ཉིད་ནས་མ་རེད། དེབ་གཅིག་བཟོ་བར་དཀའ་ངལ་ཚད་མེད་ཡོད་པ་ནི་དེབ་ཀྱི་ལས་ཀ་བྱེད་མཁན་དེ་ཚོས་མ་གཏོགས་སུས་ཤེས། མི་སྒེར་པ་རང་ཉིད་ཀྱི་བསམ་ཚུལ་དང་འབྲེལ་བའི་ཐོག་ནས་དེབ་གཅིག་བཟོ་བ་དང་སྤྱི་ཚོགས་ཀྱི་དུས་དེབ་བཟོ་བ་གཉིས་ལ་གནམ་སའི་ཧེ་བག་ཡོད།
གང་ཡིན་ཟེར་ན། སྤྱི་ཚོགས་ཀྱི་དུས་དེབ་གཅིག་བཏོན་པར་དཔེར་ན་རང་རེའི་དགོན་སྡེ་ལྟ་བུར་ཆ་བཞག་ན་ཁང་ཚན་བཅུ་གཅིག་ཡོད་པ་དང་། ཁང་ཚན་བཅུ་གཅིག་ཚང་མའི་ནང་ནས་རྩོམ་ཡིག་སླེབས་ཡོད་མེད། ད་དུང་མི་ཚོགས་ཆེ་བའི་ཁང་ཚན་ཡིན་ན་དེ་ལས་རྙོག་འཛིང་ཆེ་བ་ཡོད། ཁང་ཚན་འགའ་ཞིག་ནས་རྩོམ་ཡིག་ཧ་ཅང་མང་པོ་སླེབས་བཞིན་ཡོད་པ་དང་འགའ་ཞིག་ནས་རེ་གཉིས་མ་གཏོགས་མེད། དེ་དུས་སྤྱི་ཚོགས་ཀྱི་རྨོངས་པ་ཧ་ཅང་ཆེ་བའི་རིགས་འགའ་ཞིག་ནས་དེ་འདྲ་ཟེར་གྱི་རེད། ང་ཚོའི་ཁང་ཚན་ནས་རྩོམ་ཡིག་བྲིས་མཁན་བདམ་མི་འདུག །དཔར་རིས་ཧ་ཅང་ཉུང་ཉུང་འདུག །
ཧ་ལམ་དུས་དེབ་བཟོ་མཁན་ཚོས་དབྱེ་འབྱེད་བཏང་ནས་དེ་འདྲ་བྱེད་པ་རེད་ཟེར་བ་དང་། འགའ་ཞིག་གིས་ངའི་དགེ་ཕྲུག་གི་འདྲ་དཔར་འདིའི་ནང་འཁོད་མི་འདུག །དུས་དེབ་བཟོ་མཁན་ཁོ་རང་གི་དགེ་ཕྲུག་དཔར་མང་པོ་ཞིག་འདིའི་ནང་འཁོད་འདུག །རྙོང་འཛིང་དེ་ནི་ཧ་ཅང་གུ་དོག་པོའི་བསམ་བློ་ལས་སྤྱི་ཚོགས་རང་ལ་བསམ་བློའི་བརྒྱུད་རིམ་ཤུགས་ཆེན་པོ་དེ་ཙམ་མིན་པའི་རྐྱེན་གྱི་ཡིན།
ད་ལྟའི་ཆར་སོ་སོ་རང་ཉིད་སྤྱི་ཚོགས་ཐོག་ལས་ཀ་བྱེད་དུས་བཀོད་ས་སློབ་ཕྲུག་རང་ལ་མང་པོ་བཀོད་ན་ངའི་དགེ་ཕྲུག་ལ་ལས་ཀ་མང་པོ་ཞེ་དྲག་བཀོད་ཀྱི་འདུག་ཟེར་རྙོག་གཏམ་མང་པོ་ཞིག་བཤད་ཡོང་གི་རེད། དེ་འདྲ་ཡིན་དུས་ལས་ཀ་མང་པོ་ཞིག་སོ་སོ་རང་ཉིད་ཀྱི་དགེ་ཕྲུག་ལ་བཀོལ་དགོས་ཁེལ་གྱི་ཡོད་རེད། དགེ་ཕྲུག་དེར་ལས་ཀ་བཀོལ་དུས་དེའི་འདྲ་དཔར་ངང་གིས་དུས་དེབ་ཐོག་སླེབས་མི་སྲིད་པ་མ་རེད། གང་ཡིན་ཟེར་ན་ལས་ཀ་དེའི་བརྒྱུད་རིམ་གྱི་འདྲ་དཔར་རིགས་ཤིག་དུས་དེབ་ཐོག་བཀོད་དགོས་ཀྱི་ཡོད་རེད་ལ་རེ་གཅིག་རེ་གཉིས་མ་བཀོད་ཐབས་མེད་ཡང་ཆགས་ཀྱི་ཡོད་རེད།
དེ་འདྲ་ཡིན་དུས་དུས་དེབ་གཅིག་ཁོ་ན་བཟོས་པར་དཀའ་བ་བརྒྱ་ཕྲག་དུ་མ་སྤྱད་དགོས་ཁེལ་གྱི་ཡོད་ལ་བསམ་བློ་ཡང་འབུམ་ཕྲག་ཁྲི་ཕྲག་བཏང་དགོས་ཁེལ་གྱི་ཡོད་རེད། གལ་ཏེ་ང་ཚོའི་སྤྱི་ཚོགས་དེ་ལ་ཧ་ཅང་གུ་ཡངས་ཀྱི་བསམ་བློའི་རང་བཞིན་ཞིག་གི་ལམ་ཁ་དེ་འདམ་པ་ཡིན་ན་གཞི་ནས་དཀའ་ངལ་དེ་དག་མེད་པར་འགྱུར་ནས་ལས་སླ་པོའི་ཐོག་ནས་དུས་དེབ་འགྲེམས་སྤེལ་ཐུབ་པ་དང་དཀའ་ལས་མང་པོ་དེ་འདྲ་རྒྱབ་དགོས་ཁེལ་གྱི་མ་རེད་ལ་དེའི་ཚབ་ཀྱི་དུས་ཚོད་མང་པོ་ཞིག་ལས་དོན་གཞན་གྱི་ཐོག་བཏང་ནས་རང་རེའི་སྤྱི་ཚོགས་དེ་གང་མྱུར་ཡར་རྒྱས་ཀྱི་རྣམ་པ་མངོན་གསལ་ཆེན་པོ་ཡོང་གི་རེད།
ངས་མཐའ་དོན་སྤྱི་ཚོགས་ཀྱི་དུས་དེབ་དེ་འགྲེམས་སྤེལ་བྱེད་དགོས་པའི་འགག་གནད་ཆེ་ཤོས་དེ་ཞུ་རྒྱུ་ཡིན། དུས་དེབ་ཟེར་བ་ནི་མིག་གི་སྟོན་མོ་ཙམ་དང་ཁྱབ་བསྒྲགས་ཁོ་ནའི་ཆེད་དུ་ཡིན་པར་བླུན་རྨོངས་ཅན་གྱི་བསམ་བློ་བཏང་མཁན་ཡང་མང་པོ་ཡོད། དེ་ནི་ཧ་ཅང་གི་གཏི་ཐུག་ཚ་དྲག་པའི་བསམ་བློ་ཡིན་པ་ལས་སྤྱི་དོན་ལ་བསམ་བློ་སྤུ་ཙམ་ཡང་མ་བཏང་པའི་རིགས་ཡིན། དཔེར་ན་གཞས་གཅིག་འཁྲབ་རྒྱུའི་གྲ་སྒྲིག་བྱེད་ཚར་པ་དང་དེའི་སྡིངས་ཆ་མེད་པ་ཡིན་ན་གཞས་ག་པར་འཁྲབ་དགོས་རེད།
དེ་དང་གཅིག་མཚུངས་སློབ་ཕྲུག་ཚོར་རྩོམ་ཡིག་འབྲི་རྒྱུའི་འདུན་པ་ཡོད་ན་ཡང་རྩོམ་ཡིག་སྤེལ་སའི་སྡིངས་ཆ་དེ་ལས་ཀྱི་བྱེད་པ་པོ་ཚོས་མ་བསྐྲུན་པ་ཡིན་ན་ཧ་ཅང་གི་ཐབས་སྡུག་དཔེ་མེད་ཞིག་ཡིན། ངས་མཐོང་གིན་ལ་སློབ་ཕྲུག་ཚོའི་རྩོམ་ཡིག་བྲིས་སྟངས་དེ་སྔ་ལས་ཀྱང་ཡར་རྒྱས་ཧ་ཅང་ཤུགས་ཆེན་པོ་ཕྱིན་ཡོད་པའི་ཚོར་སྣང་དམིགས་བསལ་བ་ཞིག་བྱུང་།
ད་དུང་མུ་མཐུད་ནས་སློབ་ཕྲུག་དེ་ཚོའི་མ་འོངས་པའི་མདུན་ལམ་ཆེད་ཤེས་ཡོན་གྱི་སྡིངས་ཆ་སྣ་མང་བསྐྲུན་ཐུབ་ན་སྤྱི་སྒེར་ཚང་མ་ལ་རང་ཤུགས་ཀྱི་ཕན་ཐོགས་རྒྱ་མི་ཆུང་བ་ཡོང་ངེས། དཔེར་ན་སློབ་ཕྲུག་རེ་རེར་ཤེས་ཡོན་གང་མཚམས་ཀྱི་ཡར་རྒྱས་ཕྱིན་པ་ཡིན་ན་དེས་མ་འོངས་པར་སྤྱི་ཚོགས་དེ་ག་རང་གི་ནང་ལ་ཕན་ཐོགས་རྒྱ་ཆེན་པོ་བསྒྲུབ་ཀྱི་རེད་ལ་སྤྱི་ཚོགས་རང་ཉིད་ལ་ཤེས་ཡོན་ཡོད་པའི་མི་དེས་སྒོར་འབུམ་ཕྲག་མང་པོ་བཟོ་ཐུབ། གལ་ཏེ་སྤྱི་ཚོགས་དེ་ག་རང་གི་ནང་ལ་ཕན་མ་ཐོགས་ནའང་གང་ལྟར་ཤེས་ཡོན་ཡོད་དུས་འཛམ་གླིང་གི་ས་ཕྱོགས་གང་ཞིག་ཏུ་ཕན་ཐོགས་ན་ནང་པ་སངས་རྒྱས་པའི་རྗེས་འཇུག་པ་ཞིག་ཡིན་པའི་ཆ་ནས་དེས་འགྲིག་པ་མ་གཏོགས་ནོར་བ་རྩ་བ་ཉིད་ནས་མ་རེད་ཅེས་སྐད་ཤུགས་ཆེན་པོས་ཞུ་འདོད་བྱུང་། བྱས་ཙང་རང་རེའི་སྤྱི་ཚོགས་གང་ཞིག་ཡིན་རུང་ཤེས་ཡོན་གྱི་སྡིངས་ཆ་བསྐྲུན་པའི་ཆེད་དུ་འགྲོ་གྲོན་ཇི་ཙམ་བཏང་ཡང་འཕང་སེམས་སྐྱེས་དགོས་དོན་རྩ་བ་ནས་མེད་སྙམ།
ཤེས་ཡོན་གྱི་ཆེད་དུ་འགྲོ་གྲོན་བཏང་ཐུབ་ན་བཏང་རིན་ཡོད་པ་ཞིག་དང་བྱེད་རིན་ཆོག་པ་ཞིག་ཡིན་པ་མ་གཏོགས་དེ་ལ་ཐེ་ཚོམ་ཟ་དགོས་པ་རྩ་བ་ཉིད་ནས་མ་མཐོང་། རང་རེའི་སྤྱི་ཚོགས་ཐོག་གི་ལས་བྱེད་པ་ཡོངས་དང་ལྷག་པར་ཤེས་ཡོན་ཅན་གྱི་མི་སྣ་དག་ནས་ཤེས་ཡོན་ཐོག་རང་ནུས་ཡོད་ཚད་ཀྱི་ཤུགས་རྒྱབ་ནས་མ་འོངས་པར་རང་རེའི་སྤྱི་ཚོགས་དེ་ཕུལ་དུ་བྱུང་པ་ཞིག་ལ་འགྱུར་ཐུབ་རྒྱུར་འབད་རོགས་ཅེས་ལག་ཟུང་སྙིང་གར་སྦྱར་ནས་གསོལ་འདེབས་ཞུ་བཞིན་ཡོད། གུས་པ་བླུན་རྨོངས་ཐ་ཤལ་ཅན་ཞིག་གིས་དངོས་ཡོད་ཀྱི་མ་གསང་ལྷུག་པོའི་དྲང་གཏམ་ཞིག་སྐུའི་འཁྲུངས་སྐར་དང་འབྲེལ་ནས་ཞུས་པར་དགོངས་ཕྱོགས་མེད་པར་གནང་རོགས།
ཕྱི་ལོ་༢༠༡༥ ཕྱི་ཟླ་༧ ཚེས་༡༣ ཉིན་དཔའ་ཤོད་ཕོ་རྒོད་གངས་སྣོན་པས་སྤྲོ་བ་ཆེན་པོས་སྤེལ་བའོ། །