རྩིབས་རི་རྒོད་ཕྲུག
གླེང་གཞི།
ཕྱི་ཟླ་༧ པའི་ཚེས་༦ ཉིན་བལ་ཡུལ་གནས་བཞུགས་༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་དེ་ཉིད་ཀྱི་རྗེས་འབྲངས་ཞལ་སློབ་རྣམས་ལ་སྐུ་གོང་མའི་ཡང་སྲིད་རིན་པོ་ཆེ་བལ་ཡུལ་ནང་བཅའ་བཞུགས་ཕ་ངག་དབང་ཆོས་དཔལ་རྒྱ་མཚོ་ལགས་དང་མ་ཚེ་དབང་སྒྲོལ་མ་རྣམ་གཉིས་ཀྱི་སྲས་ངག་དབང་བསྟན་འཛིན་ཆོས་ཀྱི་བློ་གྲོས་ཡིན་པར་ཡོངས་ཁྱབ་གནང་བ་ནས་བཟུང་ཡང་སྲིད་རྩད་འཚོལ་ཐད་བརྒྱུད་རིམ་ཡང་དག་དང་། ཕྱི་གསལ་ནང་གསལ་མ་བྱུང་བའི་གླེང་སློང་ཤུགས་ཆེར་ཁྱབ་བཞིན་པ་དང་བསྟུན། འདིར་དེ་ལྟ་བུའི་གླེང་སློང་ཡོང་རྐྱེན་ལ་རོམ་ཙམ་དཔྱད་པར་བྱ་བ་ལ།
དང་པོ། སྐུ་གོང་མའི་ཞལ་ཆེམས་ལྟར་ཡང་སྲིད་རྩད་འཚོལ་ཞུས་མེད་པ།
༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་༸སྐྱབས་རྗེ་འཁྲུལ་གཞི་རིན་པོ་ཆེ་རྣམ་གཉིས་དབར་བླ་སློབ་ཀྱི་འབྲེལ་བ་དམ་ཟབ་མཆིས་སྟབས། ཕྱི་ལོ་ ༢༠༠༨ ལོར་༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་སྐུ་མྱ་ངན་ལས་མ་འདས་པའི་གོང་མ་ཡིས་བུ་ལ་བརྩེ་བས་གདམས་པ་བཞིན་ཁོང་གི་ཞལ་སློབ་རྣམས་ལ་ཁོང་གི་ཡང་སྲིད་དེ་༸སྤྱི་ནོར་གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་གང་ཐུགས་ཐག་བཅད་པ་དེ་ཡིན་པར་ཞལ་གདམས་མཛད་ཡོད། ཁོང་ཞི་བར་གཤེགས་རྗེས་དགོན་པའི་ཕྱི་ནང་གསང་གསུམ་གྱི་བདག་དབང་ཆ་ཚང་མཆིས་པའི་ཕྱག་མཛོད་བསྟན་སྐྱོང་དང་གསོལ་དཔོན་གཉིས་ནས་ཀྱང་ཞལ་སློབ་རྣམས་ལ་སྐྱབས་རྗེ་རིན་པོ་ཆེའི་ཡང་སྲིད་སྐོར་དེ་༸གོང་ས་མཆོག་ནས་གང་གསུངས་པ་དེ་རང་བྱེད་ཀྱི་ཡིན་ཞེས་བསྐྱར་བཟློས་ཡང་བཟློས་བྱས་ཏེ་ཞལ་སློབ་རྣམས་ཀྱི་ཡིད་ཀྱི་གདུང་བ་ཞི་ཐབས་དང་ཡང་སྲིད་དང་འབྲེལ་བའི་སེམས་ཁྲལ་ཡོངས་རྫོགས་ཞི་འཇགས་སུ་གཏོང་ཐབས་བྱས་ཡོད། འོན་ཀྱང་ཁ་ནས་ཨ་ཙི་ཟེར་ཞིང་ཁོག་ནས་ཇུས་ངན་བཏོན་ཞེས་པ་ལྟར་དོན་དངོས་ཐོག་རིན་པོ་ཆེ་མཆོག་གི་ཡང་སྲིད་དེ་༸གོང་ས་མཆོག་ལ་ཐུགས་བརྟག་མ་ཞུས་པའི་གོང་དུ་བོད་ནང་བཞུགས་པའི་སྨིན་གླིང་གདུང་སྲས་ལ་དེའི་སྐོར་འབྲེལ་བ་ཞུས་ཏེ་ཕྱག་མཛོད་རང་ཉིད་ཀྱི་གཅེན་མོའི་བུ་མོ་ཚེ་དབང་སྒྲོལ་མའི་བུ་ཡང་སྲིད་དུ་གཏན་འཁེལ་བྱས་ཡོད།
རྒྱུ་མཚན་ཅི་ཞིག་གི་རྐྱེན་པས་དྲིན་ཅན་དཔུང་པ་རྡོ་ཡིས་བརྡུངས། ཆང་གི་ལན་དེ་ཆུ་ཡིས་འཇལ་ཞེས་པ་ལྟར་སྐུ་གོང་མའི་ཞལ་ཆེམས་ལྟར་ཐོག་མ་ཉིད་ནས་༸གོང་ས་མཆོག་ལ་ཐུགས་བརྟག་མ་ཞུས་པར་བོད་ནང་བཞུགས་པའི་སྨིན་གླིང་གདུང་སྲས་ལ་ཐུགས་བརྟག་ཞུས་པ་ཡིན་ནམ། ༸གོང་ས་མཆོག་ལས་ཁོང་ལྷག་པས་ཡིན་ནམ། ཡང་ན་༸གོང་ས་མཆོག་ལ་ཐུགས་ཡིད་མ་ཆེས་པས་ཡིན། ཡང་ན་སྐུ་གོང་མ་རྙིང་མའི་བསྟན་བདག་ཡིན་སྟབས་དེའི་ཡང་སྲིད་ཀྱང་རྙིང་མའི་བླ་ཆེན་ཞིག་ནས་ངོས་འཛིན་ཐོབ་དགོས་པས་ཡིན་ནམ། གལ་ཏེ་ཡིན་ན་སྐུ་གོང་མ་མྱ་ངན་ལས་མ་འདས་པའི་གོང་ཁོང་གི་ཡང་སྲིད་དེ་༸གོང་ས་མཆོག་གིས་ཐུགས་ཐག་གང་བཅད་པ་དེ་ཡིན་ཞེས་གསུངས་པ་ལས་རྙིང་མའི་བླ་མ་གཞན་ལ་དེ་ལྟར་ཐུགས་བརྟག་ཞུ་དགོས་པའི་ཞལ་ཆེམས་མ་གནང་དོན་ཅི། དེ་ལྟ་བུའི་ལམ་ལུགས་ཤིག་ཡོད་ན་ཁོང་གིས་དེ་ལྟར་ཞལ་ཆེམས་མ་གནང་བ་དེ་མ་མཁྱེན་པས་ཡིན་ནམ། གལ་ཏེ་མཁྱེན་རུང་ཞལ་ཆེམས་མ་གནང་བའི་དབང་དུ་བཏང་རུང་རྒྱ་གར་ནང་རྙིང་མའི་བླ་ཆེན་མང་པོ་ཡོད་བཞིན་དུ་ཐོག་མར་བོད་ནང་བཞུགས་པའི་སྨིན་གླིང་གདུང་སྲས་མཆོག་ལ་ཆེད་དུ་ཐུགས་བརྟག་ཞུ་དོན་ཅི་ཡིན་ནམ།
དྲི་བ་འདི་དག་ནི་སྐུ་གོང་མའི་རྗེས་འཇུག་ཞལ་སློབ་པ་རྣམས་ཀྱི་སེམས་ངོ་ན་མཆིས་ཤིང་ལན་བཙལ་ཡང་མི་རྙེད་པའི་དྲི་བ་དེ་དག་ཡིན་ལ། བརྒྱུད་རིམ་འདི་འདྲ་ཞིག་གི་ཕྱོགས་སུ་ཁ་བསྒྱུར་དོན་ཡང་ཕྱག་མཛོད་དང་གསོལ་དཔོན་གཉིས་ཀྱི་ངན་ཇུས་ལྐོག་གཡོ་ལམ་ལྷོངས་ཡོང་ཆེད་དུ་ཡིན་པ་ཉི་ཤར་སྦར་མོས་འགེབས་མི་ཐུབ་པ་ལྟར་རེད། དེ་ཡང་ཐོག་མ་ཉིད་ནས་༸གོང་ས་མཆོག་ལ་ཡང་སྲིད་ཐུགས་བརྟག་ཞུས་ན་ཕྱག་མཛོད་དང་གསོལ་དཔོན་གཉིས་ཀྱི་སྤུན་ཉེའི་འཁོར་ཞིག་ཏུ་ཡང་སྲིད་ངོས་འཛིན་མ་བྱུང་ཚེ་བླ་བྲང་གི་བདག་དབང་ཤོར་བར་དོགས་ཤིང་དེའི་དམིགས་ཡུལ་ལམ་ལྷོངས་ཡོང་ཆེད་དུ་ཡང་སྲིད་ཀྱི་ཐུགས་བརྟག་ཐོག་མ་དེ་སྨིན་གླིང་གདུང་སྲས་ལ་ཡར་ཞུ་བྱས་ཡོད། དེ་ལྟར་ཐུགས་བརྟག་ཞུ་སྐབས་ཡང་སྤྲུལ་འོས་མི་ག་ཚོད་ཡོད་མིན་དང་བརྒྱུད་རིམ་ཇི་འདྲ་ཞིག་བརྒྱུད་ནས་དེ་ལྟར་སྨིན་གླིང་གདུང་སྲས་ཀྱི་ཕྱག་དམ་རག་ཐབས་བྱས་མིན་སོགས་ནི་ད་དུང་ཡང་དྲི་གཞི་ཞིག་གི་ངོ་བོར་གནས་ཡོད།
ཐབས་ཇུས་ལ་མཁས་པའི་ཕྱག་མཛོད་ཆེན་མོས་བླ་ཆེན་གཞན་ཞིག་གིས་ཕྱག་དམ་རག་ན་༸གོང་ས་མཆོག་ནས་ཀྱང་མཐུན་སྒྲིིལ་སོགས་ཕྱོགས་སྣ་ཚོགས་ཤིག་ལ་གཟིགས་ཏེ་ངོས་འཛིན་གནང་རྒྱུ་ཡིན་པ་མ་ཟད། བླ་སློབ་ཡོངས་ནས་ཀྱང་ཡང་སྲིད་འཁྲུལ་བྲལ་དུ་དད་གུས་ཞུ་རྒྱུ་ཡིན་པར་ཤེས་ཏེ། སྨིན་གླིང་གདུང་སྲས་སོགས་བླ་ཆེན་གཞན་ཁག་ཅིག་ནས་ཐུགས་ཐག་བཅད་ཟིན་ཅིང་ཕྱག་དམ་གནང་ཟིན་པའི་རྒྱབ་གཉེར་ཞུ་ཡིག་དེ་༸གོང་ས་མཆོག་གི་ཕྱག་ཏུ་ཕུལ་ནས་ཐུགས་བརྟག་ཞུ་དགོས་པའི་རེ་ནན་ཕུལ་ཡོད། འདི་ནི་༸གོང་ས་མཆོག་གི་མཚན་གནས་བེད་སྤྱོད་ཀྱིས་ལག་པ་འཕྱི་ས་ཙམ་ཞིག་ལས་དོན་ངོ་མའི་༸གོང་ས་མཆོག་ལ་དད་གུས་ཞུ་སྟངས་དང་། ཡང་དག་པའི་ཡང་སྲིད་ཐུགས་བརྟག་ཞུ་སྟངས་ཤིག་མིན་པ་ལོངས་པས་བལྟས་ཀྱང་ཁམས་གསུམ་ཞེས་པ་ལྟར་ཆགས་ཡོད།
གཉིས་པ། ༸གོང་ས་མཆོག་གི་བཀའ་ལྟར་གནང་མེད་པ།
སྐུ་གོང་མ་མྱ་ངན་ལས་འདས་རྗེས་ཀྱི་ཞག་དགུ་ཚར་མ་ཐག་གསོལ་དཔོན་དང་རོགས་པ་ཞིག་བཞུགས་སྒར་དུ་༸གོང་ས་མཆོག་མཇལ་བར་ཆེད་བཅར་གྱིས་ཡང་སྲིད་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་ཞུས་ཡོད། སྐབས་དེར་༸གོང་ས་མཆོག་ནས་འཁྲུལ་ཞིག་རྡོ་རྗེ་འཆང་ཆེན་པོའི་ཡང་སྲིད་དེ་མ་འོངས་པར་ཁྱེད་རང་ཚོ་བླ་བྲང་དང་གྲྭ་མང་མཉམ་དུ་ཚོགས་ཆུང་ཞིག་བཙུགས་ན་ཡག་པོ་ཡོང་གི་རེད། ང་རང་ཡང་ཁོང་གི་དགེ་ཕྲུག་གཅིག་ཡིན་ཙང་ང་ལ་འགན་ཡོད་ཞེས་ལམ་སྟོན་སྩལ་ཡོད། འོན་ཀྱང་དཔོན་ངན་ཁོག་པ་གཡོ་ཡིས་གང་། ལས་དང་བདེན་རྫུན་དེ་ལ་མེད་ཞེས་པ་ལྟར་གསོལ་དཔོན་དང་རོགས་པ་ཕྱིར་དགོན་པར་འབྱོར་བ་དང་ལམ་སྟོན་བཀའ་སློབ་རྣམས་རྣ་རྒྱབ་ཀྱི་རླུང་བུར་བཏང་སྟེ་ཡང་སྲིད་རྩད་འཚོལ་ཚོགས་ཆུང་བཙུགས་མེད་པ་མ་ཟད། གདན་ས་ནས་ཕེབས་པའི་གྲྭ་པ་རྒན་གྲས་རྣམས་ལ་ཡང་གྲོས་འབྲི་ཙམ་ཡང་མ་བྱས་པར་ཕྱག་མཛོད་དང་གསོལ་དཔོན་སྤུན་ཉེ་སྐོར་ཞིག་ནས་ཐག་གཅོད་བྱས་ཡོད།
དེ་ལྟར་བྱེད་དོན་ནི་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་ཞིག་བཙལ་རྙེད་ཐུབ་ཆེད་དང་། བསྟན་པ་དང་འགྲོ་བའི་དོན་དུ་དམིགས་པ་ཞིག་མིན་པར། དེ་ལས་ལྡོག་སྟེ་ཚོགས་ཆུང་ཆེད་བཙུགས་བྱས་ན་རང་གི་དམིགས་རེ་བསྒྲུབ་དཀའ་བ་མ་ཟད། ཉིན་མཚན་ཀུན་ཏུ་ཐབས་བརྒྱ་ཇུས་སྟོང་ལམ་ནས་སྲུང་སྐྱོབ་བྱེད་བཞིན་པའི་བླ་བྲང་གི་བདག་དབང་གཞན་ལ་ཤོར་དོགས་ཀྱིས་སེམས་ངལ་དེ་ཡོད་སྟབས། ཁ་རྒྱུན་ལ་རང་དོན་བསྒྲུབ་ན་ཆ་ལུགས་ངན་ཡང་ངན་ཞེས་ཟེར་སྲོལ་ལྟར་༸གོང་ས་མཆོག་གི་བཀའ་ཡང་བརྩིས་མེད་དུ་གཏོང་ཕོད་པའི་སྨྱོ་ཧམ་དེ་སྐྱེས་ཡོད་པ་རེད།
གསུམ་པ། ཕྱག་མཛོད་དང་གསོལ་དཔོན་གཉིས་ཀྱི་རྒྱུ་རྔམས།
ཕྱག་མཛོད་དང་གསོལ་དཔོན་གཉིས་གཅེན་གཅུང་ཡིན་ཞིང་། ཕྱག་མཛོད་ཀྱི་མིང་ལ་བསྟན་སྐྱོང་ཞུ་ཡི་ཡོད་པ་དང་གསོལ་དཔོན་གྱི་མིང་ལ་ཉི་མ་ནོར་བུ་ཞུ་ཡི་ཡོད། བོད་ནས་བལ་ཡུལ་དུ་འབྱོར་མ་ཐག་སྐུ་གོང་མའི་སྤུན་མཆེད་ཡིན་པར་བརྟེན་དགོན་པར་འཛུལ་ཞུགས་བྱས་ཏེ་རིམ་བཞིན་དགོན་པའི་ཕྱག་མཛོད་དང་གསོལ་དཔོན་དུ་གྱུར་ཡོད། ཁོང་གཉིས་ལས་ཕྱག་མཛོད་བསྟན་སྐྱོང་ནི་བོད་ཀྱི་ནང་ཆོས་དང་སྐད་ཡིག་སོགས་གང་ཐད་ནས་སློབ་སྦྱོང་གི་གནས་ཚད་ཧ་ཅང་དམའ་ཡང་། ཐབས་ལ་མཁས་ཤིང་གཡོ་ཇུས་བཟང་བའི་མི་སྣ་ཞིག་ཏུ་ངོས་འཛིན་བྱེད་ཅིང་། གསོལ་དཔོན་ཅུང་ཤེས་རྒྱ་ཆེ་ལ་གཅེན་པོ་ཕྱག་མཛོད་ནང་བཞིན་སེམས་གནག་པོ་དང་མགོ་བདེ་དྲན་འཁྲུལ་དེ་ཙམ་མེད་པ་རྒྱུས་ཡོད་ཀུན་ལ་གྲགས། སྤུན་མཆེད་དེ་གཉིས་སེམས་སྦུག་ཧ་ཅང་དོགས་ལ་རྒྱུན་པར་གཅིག་གི་ཕྱི་དང་གཅིག་གི་ནང་བྱས་ནས་དགོན་པར་བཏང་འཛིན་བྱེད་ཀྱི་ཡོད།
སྐུ་གོང་མ་འཚོ་བཞུགས་སྐབས་ཕྱག་མཛོད་བསྟན་སྐྱོང་གིས་ནད་པ་དྲག་ན་སྨན་པ་བརྗེད། ལ་མགོར་འབྱོར་ཚེ་གཞོན་པ་བརྗེད་ཞེས་པ་ལྟར་མཚམས་རེ་སྐུ་གོང་མའི་ཁ་ལ་ཡང་ཉན་འཇོག་བྱས་མེད་པ་མ་ཟད། སྤྱིར་བླ་མས་བུམ་པ་གར་བཞག་མ་གཏོགས། བུམ་པས་བླ་མ་གར་བཞག་མེད་རུང་། ཕྱག་མཛོད་དབང་ཤུགས་དང་ཐབས་ལ་མཁས་སྟབས། བུམ་པས་བླ་མ་གར་བཞག་གིས་གནང་སྟངས་ཆགས་པ་ཡང་མང་དུ་བྱུང་ཡོད། རྒྱུན་དུ་ཕྱག་མཛོད་དང་གསོལ་དཔོན་གཉིས་རྒྱུ་ལ་ཧ་ཅང་རྔམས་ཤིང་བླ་བྲང་གི་བདག་དབང་ཤོར་དོགས་ཀྱིས་གྲྭ་རྒན་ཅུང་ཤེས་ཡོན་ཡོད་པ་དང་། བཏང་འཛིན་ཅུང་བྱེད་དཀའ་བའི་རིགས་དགོན་པ་ནས་ཐབས་ཤེས་རྩལ་སྒྲུག་གིས་ཕྱིར་འབུད་བྱས་ཤིང་དེའི་གྲངས་འབོར་ནི་ཧ་ཅང་ཉུང་ཉུང་ཞིག་མིན།
དེའི་དཔེ་མཚོན་ཙམ་ཞུས་ན་སྐུ་གོང་མའི་ཆིབས་འཁོར་པ་མིང་ལ་ཆོས་དར་ཞུ་བ་ཞིག་ཡོད་པ་དེར་སྐུ་གོང་མས་ཐུགས་ཧ་ཅང་མཉེས་པོ་གནང་གི་ཡོད་རུང་། སྐུ་གོང་མ་གཤེགས་རྗེས་ཁོང་གཉིས་ཀྱིས་དགོན་པ་ནས་ཕྱིར་འབུད་བྱས་ཡོད་པ་ལྟ་བུ་རེད། དེ་ལྟར་སྐུ་གོང་མས་མཉེས་པོ་གནང་ས་ཁོང་ལྟ་བུ་ཡང་ཕྱིར་འབུད་བྱེད་ཕོད་ན་གཞན་སྨོས་ཅི་ལ་དགོས་ཏེ་ཟུར་བལྟས་ལེབ་མཐོང་གི་དཔེ་ལྟར་ཡིན། སྐུ་གོང་མའི་བླ་བྲང་གི་བདག་དབང་ཆ་ཚང་ཁོང་གཅེན་གཅུང་གཉིས་ལ་ཡོད་སྟབས། ངན་པས་སྡེ་དཔོན་བྱེད་པ་དེ། སྤྱང་ཀིས་ལུག་རྫི་བྱེད་པ་འདྲ་ཞེས་པ་ལྟར་སྐུ་གོང་མར་དད་ལྡན་རྣམས་ནས་ཕུལ་བའི་དངུལ་དངོས། གསེར་དང་གཟི། གཡུ་དང་བྱུ་རུ་ལ་སོགས་པ་རྣམས་ཕ་ཡུལ་གཞིས་ཀྱི་སྤུན་མཆེད་རྣམས་ལ་བསྐུར་ཏེ་གཞིས་སུ་ཡོད་པའི་ནང་མི་སྤུན་མཆེད་རྣམས་ཧ་ཅང་ཕྱུག་པོ་བཟོས་ཡོད་པ་གཞིས་ཀྱི་ཁྱིམ་མཚེས་པ་རྣམས་ལ་ལག་མཐིལ་གྱི་ཀྱུ་རུ་ར་བཞིན་དུ་རྒྱུས་མངའ་ཡོད་པ་གསལ་རིས་ཐང་གསལ་ལྟར་རེད།
དེ་དང་འབྲེལ་བའི་སྒྲུང་ཐུང་ཞིག་ངག་རྒྱུན་དུ་འདི་ལྟར་གྲགས་ཡོད་དེ། དད་ལྡན་འབྱོར་བ་ཅན་ཞིག་ནས་རང་གི་བསོད་ནམས་གསོག་ཆེད་དུ་སྐུ་གོང་མར་གཟི་རིན་ཐང་ཅན་ཞིག་དད་རྟེན་དུ་ཕུལ་ཡོད་པ་དང་། ཕྱིས་སུ་གཟི་དེ་ཕྱག་མཛོད་བསྟན་སྐྱོང་གིས་ཕ་ཡུལ་གཞིས་ཀྱི་ནང་མིར་བསྐུར་ཏེ་ནང་མིས་གཟི་དེ་ནང་དུ་ཉར་ཚགས་མ་བྱས་པར་གཞན་ལ་ཕྱིར་བཙོང་བྱས་ཡོད། དེ་རྗེས་གཟི་དེ་ཚོང་པ་གཅིག་གི་ལག་ནས་གཅིག་ལ་བརྒྱུད་དེ་མཐར་དེ་སྔོན་སྐུ་གོང་མར་ཕུལ་མཁན་གྱི་ཚོང་པ་དེའི་ལག་ཏུ་རག་སྟེ་བློ་ཕམ་དང་སྐྱོ་སྣང་ཚད་མེད་ཞིག་བྱུང་བའི་སྒྲུང་ཐུང་འདི་ངག་རྒྱུན་དུ་རླུང་ལྟར་གྲགས་ཡོད། དེ་ལྟ་བུའི་བྱེད་སྟངས་ནི་ཕྱི་སྟོན་པའི་ན་བཟའ། ནང་སྤྱང་ཀིའི་རྣམ་ཤེས་ཞེས་པ་ལས་མ་འདས་པས་ཆོས་པ་ཞིག་གི་ངོས་ནས་བཤད་ན་སྟོན་པའི་ཞབས་འདྲེན་ཡིན་པ་བརྗོད་ག་ལ་དགོས།
གང་ལྟར་སྐུ་གོང་མའི་དགོན་པ་ཐུབ་བསྟན་ཆོས་གླིང་གི་བདག་དབང་ཡོངས་རྫོགས་ཁོང་གཅེན་གཅུང་གཉིས་ཀྱིས་བཟུང་ཡོད་ཅིང་། རྒྱུན་དུ་དེའི་བདག་དབང་དེ་གནའ་བོའི་དུས་རབས་ཀྱི་རྒྱལ་ཕྲན་ལམ་ལུགས་བཞིན་ཕ་ཤུལ་བུ་འཛིན་ལྟར་སྤུན་མཆེད་རྒན་གཞོན་ཁོ་ནས་ད་བར་བཏང་འཛིན་བྱས་ཡོད་ལ། ཕྱིས་སུ་ཡང་བདག་དབང་དེ་བློས་གཏོང་མི་བྱེད་པའི་དམ་བཅའ་ནི་སྲོག་ལ་བབས་ཀྱང་བཙན་སྲུང་བྱེད་རྒྱུའི་རེ་ངན་ཡོད་པ་ནི་དགོན་པར་དགེ་བཙུན་ཁ་གྲངས་ ༥༩༤ ཙམ་ཡོད་པ་ནས་བརྒྱ་ཆ་དགུ་བཅུས་ཡོངས་གྲགས་སུ་ངོས་འཛིན་བྱེད་ཀྱི་ཡོད། དེས་ན་དེ་ལྟ་བུའི་བདག་དབང་སྲུང་སྐྱོབ་དང་བརྟན་སྲུང་ཆེད་དེ་རིང་སྐུ་གོང་མ་དང་རྗེས་འཇུག་གདུལ་བྱ་ཡོངས་རྫོགས་ཐུགས་ཕམ་ཡོང་གཞིིའི་ཡང་སྲིད་རྩོད་རྙོག་ཅན་འདི་ཕྱག་མཛོད་དང་གསོན་དཔོན་གཉིས་ཀྱིས་རང་རེའི་མིག་སྔར་བཞག་པའི་ལག་རྗེས་དེ་ཡིན།
བཞི་པ། ཡུམ་ཚེ་དབང་སྒྲོལ་མའི་རྨི་ལམ།
རྒྱ་ནག་དམར་ཤོག་ཚོགས་པའི་སྲོལ་ངན་བཞིན་སྔོན་ཚུད་ནས་གཏན་འཁེལ་ཟིན་རུང་། ཕྱི་ཚུལ་དུ་ཕྱོགས་གཉིས་ནས་མོས་མཐུན་བྱུང་ལུགས་ཀྱི་ཁ་གཡང་སྒྲོག་ཕྱིར་ཚོགས་ཆེན་འདུ་སྐོང་བྱེད་སྲོལ་གྱི་ངན་གོམས་ཡོད་པ་བཞིན། ཕྱག་མཛོད་དང་གསོལ་དཔོན་གཉིས་ནས་ཀྱང་ཡང་སྲིད་གང་དུ་སྐྱེ་དགོས་མིན་དང་གང་ཞིག་ཡིན་དགོས་པ་ཐག་ཆོད་ཟིན་རུང་། དྲི་ངན་ཐལ་བས་འགེབས་བྱེད་དུ་ཐབས་བརྒྱ་ཇུས་སྟོང་ལམ་ནས་ཡང་སྲིད་འཚོལ་ཁུལ་བྱས་ཤིང་། ད་ལྟའི་ཡང་སྲིད་དུ་གྲགས་པ་འདིའི་ཡུམ་ཚེ་དབང་སྒྲོལ་མ་ནི་ཕྱག་མཛོད་དང་གསོལ་དཔོན་གཉིས་ཀྱི་གཅེན་མོའི་བུ་མོ་ཡིན་པ་དང་། སྐུ་གོང་མ་འཚོ་བཞུགས་སྐབས་གསོལ་ཐབ་ནང་ལས་ཀ་བྱེད་མཁན་གྱི་གཡོག་མོ་ཞིག་ཡིན།
འོན་ཀྱང་གཡོག་མོ་ཡིན་པ་ཙམ་གྱིས་ཡང་སྲིད་མ་འཁྲུངས་པས་མ་ཁྱབ་ཅིང་། སྐུ་གོང་མའི་ཞབས་གཡོག་པ་ཚོས་ཤེས་གསལ་ལྟར་ན། ཁོ་མོ་རྒྱུན་དུ་ཀུན་སྤྱོད་དེ་ཙམ་ཡག་པོ་མེད་པ་མ་ཟད། སྐུ་གོང་མ་ལ་ཡང་སྤུན་ཉེའི་འདུ་ཤེས་འོག་དད་གུས་མེད་པར་ནང་ཚགས་ཀྱིས་སྐུ་གོང་མའི་མདུན་ལ་ཡང་དུག་ལོག་གྱོན་སྟངས་སོགས་ལ་འཛེམས་གཟོན་བྱེད་ཀྱི་མེད་པར་བརྟེན། སྐུ་གོང་མས་ཀྱང་མཉེས་པོ་གཏན་ནས་གནང་གི་མེད་ཚུལ་བརྗོད་ཀྱི་ཡོད། དེས་ན་གཡོག་མོ་ཞིག་ལ་ཡང་སྲིད་མི་འཁྲུངས་པའི་ངེས་པ་མེད་རུང་། སྐུ་གོང་མས་མཉེས་པོ་མ་གནང་ས་ཞིག་ལ་ཡང་སྲིད་འཁྲུངས་པ་ནི་ཡ་མཚན་སྐྱེ་འོས་པ་ཞིག་རེད།
སྐུ་གོང་མ་གཤེགས་རྗེས་ཕྱག་མཛོད་ཆེན་མོས་ཐབས་ཇུས་འོག་ཚེ་དབང་སྒྲོལ་མ་གཉེན་སྒྲིག་བྱེད་དུ་བཅུག་སྟེ་ཕྲུ་གུ་བཟོ་བར་བསྐུལ་མ་བཏང་ཡོད་པ་དང་། ཁོ་མོས་ཀྱང་ཐབས་ཇུས་དེའི་རྒྱབ་ལྗོངས་ཤེས་ཀྱི་ཡོད་སྟབས། ཁོ་མོར་ཕྲུ་གུ་དང་པོ་དེ་འཁོར་རྗེས་མི་ཚོར་གལ་ཏེ་ཕྲུ་གུ་འདི་བུ་ཡིན་ཚེ་སྐུ་གོང་མའི་ཡང་སྲིད་ཡིན་ཚུལ་བརྗོད་ཀྱི་ཡོད་ལ། ཉེ་འཁོར་གྱི་མི་ཚོས་ཀྱང་ཁོ་མོར་རྨི་ལམ་དེ་འདྲ་ཞིག་གཏོང་གི་ཡོད་པ་ཤེས་ཀྱི་ཡོད།
རང་གི་སྐད་ཅིག་གཉིས་པ་ཙམ་ཡང་རང་ཉིད་ལ་ལྐོག་ཏུ་གྱུར་བའི་ཁོ་མོར་མཚོན་ན་ཁོག་པའི་ནང་གི་ཕྲུ་གུ་དེ་བུ་ཡིན་པའི་དབང་དུ་བཏང་རུང་། སྐུ་གོང་མའི་ཡང་སྲིད་ཡིན་མིན་ནི་དེ་བས་ཀྱང་བཤད་ཚོད་དཀའ་བ་ཞིག་ཏུ་གྱུར་ཡོད། འོན་ཀྱང་རྒྱུ་མཚན་ཅི་ཞིག་གིས་ཁོ་མོས་དེ་ལྟར་གདེང་ཚོད་དང་ལྡན་པའི་སྒོ་ནས་ཁོ་མོའི་རྨི་ལམ་དེ་དངོས་ཡོད་ཡིན་པར་གཞན་ལ་འགྲེལ་བརྗོད་ཐུབ་ཀྱི་ཡོད་དམ། ཨ་ཞང་དང་ཨ་ཁུས་ཐབས་ཇུས་དེ་གསང་བ་སྔགས་ཀྱི་གདུལ་བྱའི་རྒྱུད་སྨིན་བྱེད་དུ་བསྟན་པའི་དབང་ལུང་མན་ངག་བཞིན་ཞལ་སློབ་རྣམས་ཀྱི་རྒྱུད་སྨིན་བྱེད་དུའང་སྔ་ས་ནས་དེ་ལྟར་རྣ་ལམ་དུ་བྱང་བཅུག་པ་ཡིན་ནམ། མིན་ན་ཁོ་མོ་དེ་ལྟར་རྨི་ལམ་སྐྱིད་པོ་ཞིག་གཏོང་འགོ་ཇི་ལྟར་ཚུགས་པ་ཡིན་ནམ།
འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་ཁོ་ཚོ་སྤུན་མཆེད་ཚོའི་རང་ཁེའི་ཕུགས་དམིགས་དང་འབྲེལ་བའི་ཐོག་མའི་རྨི་ལམ་དེ་མངོན་འགྱུར་བྱུང་མེད། དེའི་རྒྱུ་མཚན་ནི་ཚེ་དབང་ལྷ་མོའི་མངལ་ན་འཁོར་བའི་ཕྲུ་གུ་དང་པོ་དེ་བུ་ཞིག་མིན་པར་བུ་མོ་ཞིག་སྐྱེས་ཡོད་པས་རེད། དེ་ལྟ་ནའང་ཁོ་མོའི་ཨ་ཞང་དང་ཨ་ཁུའི་བླ་བྲང་གི་བདག་དབང་བསྲུང་བའི་དམ་བཅའ་དེ་བློ་བརྟན་འགྱུར་མེད་ངང་དུ་གནས་སྟབས། སླར་ཡང་ཁོ་མོར་ཕྲུ་གུ་བུ་ཞིག་སྐྱེ་རྒྱུར་ངང་སྒུག་བྱེད་རྒྱུ་ལས་འོས་གཞན་མ་མཆིས་སྟབས་ཁོ་མོར་སླར་ཡང་ཕྲུ་གུ་སྐྱེ་དགོས་པའི་བསྐུལ་མ་བཏང་ཡོད། དེ་ལྟ་བུའི་འཁྲབ་ཚན་དེ་འཁྲབ་བཞིན་པའི་སྐབས་སུ་གཡས་གཡོན་གྱི་དགོན་པའི་གྲྭ་བཙུན་དང་རྗེས་འཇུག་པ་རྣམས་ཀྱིས་རྗེས་མའི་ཕྲུ་གུ་དེ་བུ་ཡིན་ན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་བྱེད་ཀྱི་རེད་ཞེས་མི་འདོད་པའི་ཟུར་ཟ་བྱས་ཡོད།
གྲྭ་བཙུན་རྣམས་ལ་མཚོན་ན་དེ་ལྟ་བུའི་ནང་རུལ་གྱི་བྱ་སྤྱོད་ལ་མི་འཐད་པ་ཆེན་པོ་ཡོད་རུང་། ཕྱག་མཛོད་དང་གསོལ་དཔོན་དབང་བཙན་སྟབས་གོམ་གསུམ་སྤོས་ན་ཉྭ་བཅད། ཚིག་གསུམ་བཤད་ན་ལྕེ་བཅད་ཞེས་པ་ལས་མ་འདས་སྟབས་ཁ་ཡོད་རུང་བཤད་དབང་མེད། མིག་ཡོད་རུང་ལྟ་དབང་མེད་པར་མི་སྨྲའི་བརྟུལ་ཞུགས་མི་བཟུང་ཀ་མེད་ཆགས་ཡོད། དེ་ལྟ་བུའི་བརྒྱུད་རིམ་ཁྲོད་འཇིག་རྟེན་གྱི་བྱ་བ་རྣམས་མ་བསམ་ས་ནས་ཡོང་བ་བཞིན་ཕྱག་མཛོད་ཆེན་མོའི་ཐབས་ཇུས་ལམ་ལྷོངས་བྱུང་སྟེ་ཚེ་དབང་སྒྲོལ་མར་བུ་ཞིག་སྐྱེས་ཡོད་པ་མ་ཟད། ཚེ་དབང་སྒྲོལ་མ་སྐུ་གོང་མའི་སྤུན་ཉེ་ཡིན་སྟབས་བུ་དེ་ཡང་སྐུ་གོང་མ་དང་འདྲ་བོ་ཞིག་སྐྱེས་ཡོད། དེ་ལྟར་སྐུ་གོང་མ་འདྲ་བོ་ཞིག་ཡོད་པ་དེས་དོན་དངོས་ལ་དེ་ཙམ་མཁྱེན་རྟོགས་མེད་པའི་བོད་རིགས་གཞན་གྱིས་ཀྱང་’’སྐྱབས་བསུ་མཆི། སྐུ་གོང་མ་འདྲ་བ་ལ་”ཞེས་ལག་ཟུང་སྙིང་ཁར་སྦྱར་ནས་རྒྱབ་སྐྱོར་ཐོབ་རྒྱུར་ཡང་ཆར་པ་ཆུ་གྲོགས་ཀྱི་དཔེ་བཞིན་དུ་གྱུར་ཡོད་པས་ཚེ་དབང་སྒྲོལ་མའི་རྨི་ལམ་དེ་མངོན་འགྱུར་ཐུབ་པ་བྱུང་ཡོད།
ལྔ་པ། མིག་སྔར་ལྷག་པའི་མཇུག་འབྲས།
གོང་དུ་ཞུས་པ་ལྟར་ད་ལྟའི་ཡང་སྲིད་འདི་དངོས་གནས་ཡིན་པའི་དབང་དུ་བཏང་རུང་ཡང་སྲིད་རྩད་འཚོལ་གྱི་བརྒྱུད་རིམ་ཡང་དག་དང་ཕྱི་གསལ་ནང་གསལ། ཡིད་ཆེས་ཕུགས་འཕེལ་འཁེལ་བ་ཞིག་བྱུང་མེད་སྟབས། ཆུ་བོ་མགོ་ནས་རྙོག་ན་རྔ་མ་མི་དྭངས་ཞེས་པའི་དཔེ་ལྟར་སྐུ་གོང་མའི་དགོན་པར་དགེ་འདུན་པ་བོད་རིགས་ཞལ་གྲངས་ ༡༡༣ དང་ཤར་པའི་དགེ་འདུན་པ་གྲངས་ ༥༨། བོད་རིགས་བཙུན་མ་ ༣༥༢ དང་ཤར་པའི་བཙུན་མ་ ༧༠། ཨ་རི་པའི་བཙུན་མ་ཞལ་གྲངས་ ༡ བཅས་ཁྱོན་དགེ་བཙུན་ཞལ་གྲངས་ ༥༩༤ ཡོད་ཅིང་། དེའི་ནང་ནས་ད་ལྟའི་ཡང་སྲིད་འདིར་ངོས་འཛིན་ཞུ་མཁན་གྱི་གྲངས་འབོར་དེ་བརྒྱ་ཆ་གཅིག་ཙམ་ཡང་ཟིན་གྱི་མེད། དེ་ཙམ་དུ་མ་ཟད་སྐུ་གོང་མའི་ཞལ་སློབ་སྐྱ་མི་ཇི་སྙེད་ཅིག་ཡོད་པ་དེ་དག་མང་ཆེ་བས་ཀྱང་ངོས་འཛིན་གཅིག་མཚུངས་སུ་ཞུ་ཡི་མེད།
དེས་ན་ཁ་མཁས་ཤིང་ཁོག་པ་དུག་ལྟར་གཙོག་པའི་ཕྱག་མཛོད་དང་གསོལ་དཔོན་གཉིས་ཀྱིས་བསྟན་དོན་དུ་མ་བསམ་པར་རང་ཁེ་གཙོ་སྒྲུབ་ཀྱིས་ཡང་སྲིད་འཚོལ་ཐབས་མ་བྱེད་པའི་གོང་དུ། དེ་རིང་ཞལ་སློབ་འདི་ལྟ་བུའི་ངོས་འཛིན་མི་བྱེད་པའི་མཇུག་འབྲས་དང་། དེ་ལྟར་རལ་གྲི་གནམ་གཡུགས་བྱེད་བབ་དེས་བླ་བྲང་གི་བདག་དབང་བརྟན་སྲུང་བྱེད་རྒྱུ་ལས་ལྡོག་སྟེ་ཁ་ཐོར་དགུ་ཐོར་དུ་མི་འགྲོ་བའི་ངེས་པ་མེད་པའི་མཇུག་འབྲས་འདི་དག་ལ་བསམ་བློ་ཙམ་ཡང་འཁོར་མེད་པ་ནི་གློ་བའི་སྨན་དུ་མ་སོང་། མཆིན་པའི་དུག་ཏུ་སོང་ཡོད་པས་ཁོང་གཉིས་ལ་བླ་བྲང་གི་བདག་དབང་མུ་མཐུན་རྒྱུན་འཛིན་བྱེད་པའི་འོས་འབབ་མེད་པ་མ་ཟད། ལམ་ནོར་ལྡོག་ཤེས་ཀྱིས་དགོན་པའི་བདག་དབང་གྲྭ་མང་ལ་ཕྱིར་སྤྲོད་དགོས་པ་ཡང་ཆགས་ཡོད།
མདོར་ན་ཡང་སྲིད་རྩད་འཚོལ་གྱི་བརྒྱུད་རིམ་ཁྲོད་སྐུ་གོང་མའི་ཞལ་ཆེམས་ལྟར་རྩད་འཚོལ་ཞུས་མེད་པ་མ་ཟད། ༸གོང་ས་མཆོག་གི་བཀའ་ཡང་ཇི་བཞིན་བསྒྲུབ་མེད་པ། ཕྱག་མཛོད་དང་གསོལ་དཔོན་གཉིས་ལ་རྒྱུ་རྔམས་དང་བླ་བྲང་གི་བདག་དབང་ཤོར་དོགས་རྒྱུན་དུ་ཡོད་པ། ཡུམ་ཚེ་དབང་སྒྲོལ་མའི་བཤད་སྟངས་དེ་དག་ལས་གསལ་བཤད་ཐུབ་འོང་བ་ནི་ཡང་སྲིད་རྩད་འཚོལ་གྱི་བརྒྱུད་རིམ་ལ་དོགས་པ་མི་བྱེད་རང་བྱེད་ཆགས་ཡོད་པ་དེ་རེད།
སྤྲུལ་སྐུའི་ལམ་ལུགས་ལ་བསྒྱུར་བཅོས་གཏོང་རག་བར་དུ་གཅིག་མགོ་གཅིག་གིས་སྐོར་ནས་འགྲོ་གི་རེད།
རྒྱུས་ཡོད་པས་རྒྱུས་གཏམ་བཤད་འདུག སྤྲུལ་སྐུ་ཕལ་ཆེ་བ་འདི་འདྲ་རང་རེད། རྒྱུ་མཚན་དེས་ཕྱིར་ན་སྤྲུལ་སྐུ་ངོས་འཛིན་བྱེད་རྒྱུ་མཚམས་འཇོག་དགོས་ཞེས་མང་མང་གིས་བཤད་སོང།
དགོན་པའི་དབང་ཆ་ཡོངས་རྫོགས་རང་གི་མི་ལ་ཕྱིན་པའི་མཇུག་འབྲས་རེད། དེ་སུ་ཡི་སྐྱོན་རེད། བླ་མ་ཁོང་ལ་སྐྱོན་ཡོད་པའི་རྟགས་རེད། བླ་མ་ཁོང་ཡང་དག་མིན་པའི་རྟགས་རེད། ངས་ནམ་རྒྱུན་བསམ་བློར་བོད་ཀྱི་བླ་ཆེན་ཕལ་མོ་ཆེས་དངོས་ཟ་རུལ་སུངས་རེད་བསམ་གྱི་ཡོད། དེངས་དུས་རྒྱ་ནག་ནང་དུ་ལྐོག་ཟ་རུལ་སུངས་ཟེར་ནས་འུར་ལངས་ནས་བཤད་ཀྱི་ཡོད། ངས་བལྟས་ནས་བོད་ཀྱི་བླ་མ་ཕལ་མོ་ཆེ་དངོས་ཟ་རུལ་སུངས་རེད་ཟེར་ནས་འུར་ལངས་ནས་བཤད་དགོས་འདུག །
ཨ་ལེ། ད་བྱས་དུས་རྒྱལ་བ་རིན་པོ་ཆེས་བླ་མ་རྫུན་མ་ཞིག་རྟེན་གནང་ཡོད་པ་འདྲ། རེད་པེ།
འདི་འདྲ་བའི་བོད་པ་ཚང་ལ་བླ་མ་སྤྲུལ་སྐུའི་ལོ་རྒྱུས་མང་ནི་རེད། ནང་པ་གཞན་གྱིས་བོད་པའི་ནང་བསྟན་ལ་བླ་མའི་ཆོས་ལུགས་ཞེས་བཤད་པར་རྒྱུ་མཚན་མེད་པ་མ་རེད། བླ་མའི་ཆོས་ལུགས་ལ་བསམ་གཞིག་དགོས་རྒྱུའི་དུས་ཞིག་སླེབས་ཡོད།
ནང་དོན་གང་ཡིན་ཡང་ ཡི་གེ་དེ་དངོས་གནས་ཡག་པོ་ཞིག་བྲིས་འདུག་ ཀློག་བདེ་པོ་ ནང་དོན་གསལ་པོ་ཡག་པོ་ཞིག་བྲིས་འདུག་ རྩ་བའི་བོད་པའི་བླ་མ་དང་དགོན་པ་མང་ཆེ་བའི་ནང་དངུལ་དང་དཔལ་འབྱོར་གྱི་སྙོགས་་དྲ་འཇིག་བརྟན་པ་ལས་མང་བ་ཡོད་པ་རེད་ སྙོགས་དྲ་ཡང་ཆེ་བ་ཡོད་པ་རེད་ འཇིག་རྟེན་པའི་རྒྱུ་དངོས་རང་གིས་དཀའ་ལས་རྒྱབ་ནས་བྱུང་བ་དང་ བླ་མ་དང་དགོན་པ་རྣམས་ཀྱི་རྒྱུ་དངོས་ནི་་ཤི་པོ་དང་གཞན་གྱི་དཀའ་ངལ་རྒྱབ་པ་རྐྱང་རྐྱང་རེད་ ཁོང་ཚོས་སངས་རྒྱས་ཀྱི་རྗེས་དྲངས་པ་ཡིན་ཟེར་ནས་ སངས་རྒྱས་ཀྱིས་མ་གནང་བ་དང་མི་དགོས་པ་ཚང་མ་ཁོང་ཚོར་དགོས་རེད་ སངས་་སྔག་ཡིན་ཟེར་ནས་སངས་རྒྱས་ཀྱི་མ་བྱེད་གསུང་པ་ཚང་མ་བྱེད་ཀྱི་རེད་
རྒྱལ་བ་རེན་པོ་ཆེས་བླ་མ་རྫུན་མ་བརྟེན་གནང་བ་མ་རེད་ད་ བླ་མ་རྫུན་མས་རྒྱ་བ་རེན་པོ་ཆེ་ལ་དབུ་སྐོར་ཞུ་ཡི་ཡོ་རེད་ དིང་སྐབས་བླ་མ་ཁ་ཤས་དང་ཕྱི་རྒྱལ་ཁག་ལ་ཡོད་པའི་རྣམས་གྲྭའི་གྲྭ་ལོག་ཚོས་རྒྱ་བ་རེན་པོ་ཆེ་ལ་སྤྲེ་ལས་དང་དབུ་སྐོར་ཞུས་ནས་བོད་པའི་སྤྱི་ཚོགས་ཐོག་མ་བདེ་བ་བཟོ་ཀྱིན་འདུག་ སྡོལ་རྒྱལ་གྱི་གནས་དོན་ཡང་གྲྭ་ལོག་ཚོས་ཆེ་རུ་གཏང་གི་འདུག་ བཟའ་ཙང་བར་ལ་མཛུལ་མཁན་ཡང་གྲྭ་ལོག་རེད་ དིང་སྐབས་ཆོས་དང་སྲིད་གཉིས་ཀའི་ཐོག་ལ་མི་བྱེད་དགུ་བྱེད་བྱེད་མཁན་ཚང་མ་་གྲྭ་ལོག་རེད།
འདིར་་སྨིན་གླིང་གདུང་སྲས་་ཅེས་པ་ཞིག་འདུག་པས་ཁོང་་་གཉོས་་་ཀྱི་གདུང་འཛིན་དངོས་གནས་ཤིག་ཡིན་ནམ། ཁ་ཤས་ཀྱིས་ཟེར་ན། སྔོན་གྱི་ལོ་རྒྱུས་སུ་ཡོད་པའི་གཉོས་ཀྱི་གདུང་འཛིན་ཡིན་པའི་སྨིན་གླིང་གི་གདུང་རབས་དེ་ཆད་ནས། དུས་ཕྱིས་སུ་སྤྲུལ་སྐུ་ངོས་འཛིན་གྱི་ལམ་ནས་ཁྲི་གསོལ་ཞུས་པ་ལྟར་རྒྱ་གར་དུ་འཁོད་པའི་སྨིན་གླིང་ཁྲི་ཆེན་གྱི་སྤྲུལ་རབས་འདི་བྱུང་བ་ཡིན་པར་གླེང་། དེ་བདེན་པ་ཡིན་ནམ་ལགས། །
༼སྐུ་གོང་མ་མྱ་ངན་ལས་འདས་རྗེས་ཀྱི་ཞག་དགུ་ཚར་མ་ཐག༽ ཞེ་དགུ་ཚར་མ་ཐག་ཡིན་ནམ་སྙམ། །
ཡང་སྲིད་མ་སྲིད་ཟེར་བ་ཞིག་གཏན་ནས་མེད་ན་ཡག
དྲ་གྲོགས་ཀུན་གྱིས་མཁྱེན་གསལ་ལྟར། ཕྲན་རང་སྤྲུལ་སྐུ་འདོད་མཁན་དང་། བོད་བསྟན་དགོན་གྱི་བདག་པོ་མང་ཆེ་བ་སྤྲུལ་སྐུ་ཡིན་པས་རེ་ཞིག་དེའི་ལམ་ལུགས་ལྟར་སོང་ན་ཕན་པ་ཆེ་བར་བཤད་མཁན་ཞིག་ཡིན། ༡༽འགྱུར་བ་གཏོང་ཕྱོགས། འོན་ཀྱང་དུས་སུ་བབ་ཚེ་སྤྲུལ་སྐུའི་ལམ་ལུགས་ལ་འགྱུར་བ་དག་དག་གཏོང་དགོས་པར་ཡང་འདོད། ད་ལྟ་ཡོད་པ་དག་ལ་འགྱུར་བཅོས་གཏོང་དགོས་ན་རིག་གནས་གསར་བརྗེ་ལྟ་བུའི་གནམ་ས་གཡོ་བའི་ལས་འགུལ་ཞིག་མ་སྤེལ་ན་འགྲུབ་ཐབས་དཀའ། དེའི་ནུས་པ་རྒྱ་ནག་ལས་སུ་ལའང་མེད། གལ་སྲིད་བོད་གཞུང་གིས་བྱས་པ་ཡིན་ན་དེ་དུས་ཤུགས་ལྡན་ཚོགས་པ་ལྟ་བུ་མང་པོ་ཞིག་ཏུ་འགྱུར་ངེས་པ་ཡིན། ཆོས་ལུགས་ངོས་ནས་བསམ་ན་དམ་ཉམས་ཀྱི་ལུང་བ་གང་བ་ཞིག་བཟོ་བས་དེ་ལས་ལྷག་པའི་བསྟན་པ་ལ་གནོན་སྐྱེལ་རྒྱུ་མེད། དེ་བས་ད་ལྟ་ཡོད་པ་རྣམས་མཇུག་སྒྲིལ་ནས་སྲུལ་སྐུ་ངོས་འཛིན་གྱི་ལམ་ལུགས་ཚོད་འཛིན་ནན་པོ་ཞིག་བྱས་ན་རིམ་བཞིན་འགྱུར་བ་ཐེབས་ནས་གཙང་དག་ཞིག་ཡོང་རེ་ཆེ། ༢༽བོད་ཀྱི་ཆོས་རྒྱུན་ཁག་ནང་གི་སྤྲུལ་སྐུ་ཆེས་མང་བ། དང་པོ་རྙིང་མ་དང་། གཉིས་པ་བཀའ་བརྒྱུད། གསུམ་པ་དགེ་ལུགས། བཞི་བ་ཇོ་ནང་། ལྔ་བ་ས་སྐྱ། དྲུག་པ་བོན་པོ་རེད་སྙམ། སྤྲུལ་སྐུ་ངོས་འཛིན་ཆེས་མང་བ་གནང་མཁན་༧གོང་ས་མཆོག་དང་། ཏཱ་ཡི་སི་ཏུ། ཀརྨ་པ། བདུད་འཇོམས། དིལ་མགོ་མཁྱེན་བརྩེ། གྲུབ་དབང་པདྨ་ནོར་བུ་སོགས་རེད། སློབ་མ་ལ་མཚོན་ན། གོང་གི་དེ་དག་ཚད་ལྡན་གྱི་བླ་མ་ཡིན་པས་དེས་བཀའ་གནང་ནས་ངོས་འཛིན་བྱས་པ་མ་རེད་ཅེས་དགག་པ་བྱེད་མི་ཐུབ་སོ། །༣༽སྐུ་སྐྱེ་གོང་མའི་ཡང་སྲིད་འཁྲུལ་མེད་ཡིན་པའི་སྒྲུབ་བྱེད་ནི་བོད་ཀྱི་བླ་ཆེན་ཚོ་ལའང་མི་འདུག མོ་རྩིས་དང་བརྟག་པ་བཟང་བས་གོང་མའི་འཕྲིན་ལས་མཇུག་སྐྱོང་མཁན་གྱི་ཚབས་སུ་མངའ་གསོལ་བ་ཙམ་མོ། དགོས་མཁོ་དེ་བསྐང་ཐུབ་ན་འགྲིགས་པར་སེམས། ༤༽དགོས་པ། སྤྲུལ་སྐུའི་དགོས་པ་དགོན་པ་ཚོར་འགན་ཁུར་མཁན་དང་། མགོ་བསྡུ་མཁན་ཙམ། དབང་ལུང་མན་ངག་གི་རྒྱུན་འཛིན་མཁན་གྱི་ཚབ་མཚོན་ཙམ་མོ། །༥༽ཆོས་རྒྱུན་ཁག་གི་དབུ་འཛིན། ས་སྐྱ་པའི་དྲི་མེད་གདུང་རྒྱུད་རླབས་ཆེ་བས་རྩོད་པ་མེད་མགོ་ཞབས་ལུས་ཆུད་རེད། དགེ་ལུགས་པ་ཤེས་ཡོན་དང་བསླབ་པའི་རྒན་རིམ་ནས་འགྲོ་དགོས་པས་ཤིན་ཏུ་ལེགས། བོན་པོ་ལ་གདུང་རྒྱུད་གཙོ་བས་དེ་ལའ་མི་ལེགས་པ་མེད། དཀའ་ངལ་ཆེ་བ་དེ་བཀའ་བརྒྱུད་དང་རྙིང་མ་རེད། བླ་ཆེན་ཞིག་གཤེགས་ཚར་རྗེས་རྩོད་པ་ཚར་རྒྱུ་མེད། དབུ་འཛིན་ཀྱང་བཀུར་འོས་རེ་གཉིས་ལས་གཞན་ཕལ་ཆེར་ཆགས་སྡང་གི་གཡུལ་འཐབས་མང་པོ་ཞིག་བྱས་རྗེས་སུ་རྒྱལ་བ་དེ་འགྲོ་དགོས་པ་རེད། ལས་ཀ་གཙོ་བོ་བོད་གཞུང་ལ་འབྲེལ་བ་བྱེད་མཁན་དང་དེའི་བྱ་བབསྒྲུབ་མཁན་ཙམ་གྱིས་ཆོག་པར་སེམས། ཤེས་ཡོན། བསླབ་པ། མི་གཞི། སྤྲུལ་སྐུའི་རྩོད་པ་སོགས་ཇི་ཡོད་ཟུར་དུ་བཞག བོད་གཞུང་དང་མཐུན་ཉེ་ཞིག་བཟོ་ཐུབ་ནདབུ་འཛིན་ཐོབ་པ་ལཐེ་ཚོམ་མེད། ཁག་ཡང་མེད། རྙིང་མ་དང་བཀའ་བརྒྱུད་མགོ་མཁྲེགས་པས། གཞན་གྱི་འོག་ཏུ་འགྲོ་དཀའ། བོད་གཞུང་ནང་དུ་རྐུབ་སྟེགས་ལེན་པར་ཡང་ཕལ་ཆེ་བ་མོས་པ་མེད་པས་ཚབ་མཚོན་ཞིག་མིང་འདོགས་ས་རྙེད་དུས་མི་བྱེད་ཐབས་མེད་ལྟ་བུའང་ཆགས་ཡོད། ༦༽་ཉེ་ཆར་རྒྱ་ནག་དུ་ཆོས་ཀྱི་རྒྱལ་པོ་ཟེར་མཁན་ཚོར་དགག་དགོས་ཟེར།དེ་མི་ཤེས་ཡོན་མེད་པ་་རེ་གཉིས་ཀྱི་སྙན་པྲ་ཞུས་པའམ། ཆོས་རྒྱུན་ཁག་གི་དབུ་འཛིན་ཚོར་གོ་ནོར་ཐེབས་པ་འདྲ། ཆོས་ཀྱི་རྒྱལ་པོ་ཞུ་མཁན་ཚོའི་རྒྱབ་ན་དགོན་སྡེ་རེ་དང་། དེ་ལ་རྒྱབ་སྐྱོར་གྱི་ལོ་རྒྱུས་རེ་བཤད་རྒྱུ་ཡོད་པས་འགྱུར་བ་གཏོང་དཀའ་བར་སེམས། རྒྱ་ནག་སྐད་དུ། (法王)བོད་སྐད་དུ་ཆོས་རྗེ། རྗེ་དང་རྒྱལ་པོ་དོན་ཕལ་ཆེར་གཅིག་ཡིན། འདི་རྒྱ་བོད་ལ་ཡོངས་སུ་གྲགས་པ། ཆོས་རྗེ་ཀཿཐོག་པ། དགའ་ལྡན་ཤར་བྱང་ཆོས་རྗེ། བྱམས་ཆེན་ཆོས་རྗེ། འཇམ་དབྱངས་ཆོས་རྗེ། ཆོས་རྗེ་ཀརྨ་པ། ཇོ་ནང་ཆོས་རྗེ་དྲུང་པ་སོགས་ཤིན་ཏུ་མང་། དེ་བཞིན་དགོན་པ་ཁ་ཤས་ཀྱི་བླ་སྐོས་ལ་ཆོས་རྗེ་བླ་མ་སོགས་ཞུ་བའི་སྲོལ་ཡོངས་སུ་གྲགས། ཆོས་རྒྱུན་སུ་ཡིན་ཀྱང་སློབ་མ་རྣམས་ཀྱིས་བླ་མར་ཆེ་བརྗོད་ཇི་རིགས་པ་ཡོད་ལ། མང་ཆེ་བས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ངེས་པ་དོན་གྱི་རྡོ་རྗེ་འཆང་། ཁོ་བོ་རིགས་བདག་ག་གེ་མོ་ཟེར་བ་དར་ཡོད། འདི་དག་ནི་ཁོ་བོའི་རྣམ་རྟོག་སྟེ། འགལ་བ་ཇི་མཆིས་འཐོལ་ཞིང་བཤགས་སོ། །
དྲི་མེད་ལྷག་བསམ་ལགས་ཀྱིས་བྲིས་པ་ལ་མངོན་པར་བསྟོད་དོ། ཁ་བརྡའི་དྲ་རྒྱའི་ནང་དུ་ཆེ་དགའ་སའི་རྩོམ་པ་པོ་དྲི་མེད་ལྷག་བསམ་རེད་ཟེར་ན་ཆོག ཁོང་ལ་གྲུབ་མཐའི་ཕྱོགས་རིས་མེད་པ། ལྟ་རྒྱ་ཆེ་བ། བློ་གཟུ་བོར་གནས་པའི་མཁས་དབང་ཞིག་རེད། །
བླ་མ་མང་ཆེ་བའི་ཕྱག་འཛོད་དེ་དེ་བཞིན་རེད་ ད་དུང་ཕྱག་འཛོད་ཁ་ཤས་མི་སྐྱ་ཆགས་ཀྱང་སོ་སོའི་བུ་དང་བོ་མོ་དགོན་པའི་དགོན་འདག་བྱས་ནས་སྤྲུལ་སྐུ་བེད་ཅོད་གཏོང་མཁན་ཀྱང་ཡོད་བཞི་ན་པ་རེད་ བྱས་ཙང་བྱས་ཉི་ཤས་གོང་སྤྲུལ་སྐུ་ཡིན་ཟེར་བའི་པར་དེ་ཐོང་བ་དང་ཁ་ནས་དེ་ལྟར་ཐོན་སོང་དེང་སང་སྤྲུལ་སྐུ་དེ་ཚོ་སྐུ་གོང་མ་འདྲ་བ་ལ་པེ་ནོར་རེན་པོ་ཆེའི་ཡང་སྲིད་ཀྱང་སྐུ་རྩ་་ཡིན་མིན་མེ་ཤེས་ཏེ་འདྲ་པོ་འདུགས་ སྤྲུལ་སྐུ་མང་ཆེ་བ་ཕྱག་འཛོད་ཀྱི་གང་ཞགས་རེད་ གོང་དུ་སུང་པ་ནང་བཞིན་སྤྲུལ་སྐུའི་ལམ་ལུགས་དེ་མེད་ན་ཡག་ཤོད་རེད་ དམང་གཙོའི་ལམ་གསོལ་མཐུན་པ་དགེ་ལྡན་འཁྲི་པའི་ལམ་གསོལ་དེ་ཡག་ཤོད་དང་དེང་གི་དུས་སུ་རན་ཤོས་རེད་འདུགས་གོ།
དངོས་གནས་བླ་མའི་ཡང་སྲིད་འཁྲུལ་བྲལ་ཡིན་པར་རང་ཉིད་ཀྱིས་ངེས་ཤེས་ཐོབ་པ་དང་གཞན་ལ་རྟགས་དང་མཚན་ཁ་གསལ་པོར་གསུང་རྒྱུ་ཡོད་ན་མགཏོགས་ཡིན་ཤག་བྱེད་ནས་བོད་མི་རྣམས་མགོ་བོ་མི་བསྐོར་བའི་གསོལ་འདེབས་དེ་བླ་ཆེན་གྱི་མིང་ཡོད་པ་རྣམས་ལ་ཞུ་དགོས། མི་ཆོས་བླ་མའི་རྫུན་བཤད་ན་སོ་སོར་ཐར་པའི་སྡོམ་པ་གཏོང་རྒྱུ་ཡིན་ན། བོད་ཀྱི་བླ་ཆེན་མང་ཆེ་བ་ཞིག་ལ་བུ་མེད་མེད་ཀྱང་སྤྲུལ་སྐུ་ངོས་འཛིན་བྱས་པ་དེ་མི་ཆོས་བླ་མའི་རྫུན་དུ་ལོག་པར་གོ་མ་ཆགས་པས་དེ་དག་ལའང་སྡོམ་པ་ཡོད་མེད་ཞིབ་འཇུག་དགོས། ང་ནི་དངོས་གནས་བླ་ཆེན་རྣམས་ཀྱི་ལས་སྟངས་ལ་ཞེན་པ་ལོག་སོང་། གོང་དུ་བཞུགས་མཁན་རྣམས་ཀྱིས་རྫུན་རྐྱང་རྐྱང་བཤད་ན་ང་ཚོསམསུ་ལ་ཡིད་ཆེས་བྱ་དགོས་སམ། ད་ནི་བོད་པ་ལ་མདུན་ལམ་ཧང་ཡང་མེད་ོར་མཐོང་གི
རྒྱལ་བ་རིན་པོ་ཆེས་ངོས་ལན་གཙང་མ་གཙང་རྐྱང་གནང་བ་དང་ཕྱག་ཐིམ་བཅས་སྨིན་གླིང་རྒྱལ་སྲས་ལ་གནང་ཚར་འདུག་པས་ཁྱི་རྗེས་རུས་སྟེང་གི་ངུ་ཟུག་ཅེས་པ་དེ་ཡིན་པས་རི་ཕྲུག་གིས་སེམས་ལ་ཞོགས། སྐུ་སྒེར་ཡིག་ཚང་ནས་ ༄༅༎སྨིན་གླིང་མཁན་ཆེན་ངག་དབང་རྒྱ་མཁྱེན་རབ་རྒྱ་མཚོ། ཞེ་ཆེན་རབ་འབྱམས་ངག་དབང་ཆོས་དཔལ་རྒྱ་མཚོ། དིལ་མཁྱེན་ཡང་སྤྲུལ་ཨོ་རྒྱན་བསྟན་འཛིན་འཇིགས་མེད་ལྷུན་གྲུབ། བདུད་འཇོམས་ཡང་སྤྲུལ་ཨོ་རྒྱན་བསྟན་འཛིན་ཡེ་ཤེས་རྡོ་རྗེ།བྱང་སྟག་ལུང་རྩེ་སྤྲུལ་པདྨ་དབང་རྒྱལ།སྐུའི་ཚ་ཕྲུག་ངག་དབང་ཆོས་འཕེལ་རྒྱ་མཚོ་བཅས་ནས་བརྟན་ཞུ་འབྱོར་པར། བརྟག་པ་བགྱིས་གསལ།རིན་པོ་ཆེ་མཆོག་གི་ཡང་སྤྲུལ་ཟུར་འཁོད་མིང་གཞུང་ནས་སྐྱེད་བྱེད་ངག་དབང་ཆོས་འཕེལ་རྒྱ་མཚོ་དང་།སྐྱེད་མ་ཚེ་དབང་སྒྲོལ་མ་ཟུང་གི་ཁྱེའུ་སྦྲུལ་ལོ་པར་ངོས་འཛིན་བྱས་ན་བཟང་།སྤྲུལ་སྐུ་ཉིད་ནས་འཇམ་དབྱངས་གཟུངས་སྔགས་དང་ཚིག་བདུན་གསོལ་འདེབས་རྒྱུན་གསོག་བྱེད། ཤྰཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏྰ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ཤིང་ལུག་ཟླ་༤ཚེས༩ ཕྱི་ལོ་ཟླ་ཚེས་ལ་ཞེས་ངོས་འཛིན་གསལ་ཐག་ཆོད་པར་སྤེལ་ཟིན་པ་ལ་རྒོལ་ན་ཡག་པོ་མི་འདུག xx
དོག་པ་འདི་སེལ་རྒྱུ་ལས་སླ་པོ་རེད། གོང་གི་རྩོམ་ཡིག་ནང་གསལ་ལྟར་ན་ཕྱག་མཛོད་དང་གསོལ་དཔོན་གཉིས་ཀྱིས་དང་པོ་སྨིན་གླིང་གདུང་སྲས་ལ་ཐུགས་རྟགས་ཞུས་ནས་དེའི་རྒྱབ་གཉེར་ཡིག་ཆ་གོང་ས་མཆོག་ལ་ཕུལ་རབས་བཤད་འདུག ད་དེ་འདྲ་ཡིན་མིན་སྨིན་གླིང་གདུང་སྲས་དང་གོང་མཆོག་གཉིས་ལ་བཀའ་འདྲི་ཞུས་ན་གསལ་པོ་གསལ་རྐྱང་ཆགས་འགྲོ་ཡི་རེད། དེ་མིན་ཕྱོགས་གཉིས་ཀ་ལ་ཡིད་ཆེས་དཀའ་མོ་རེད།
རྩོམ་ཡིག་འདི་དུས་ཐོག་ཆར་པ་རང་རེད། བཀའ་དྲིན་ཆེ།
གང་ལྟར་ཕྲུ་གུ་དེ་སྙིང་རྗེ། མི་ཤེས་བཞིན་དུ་རྙོག་གླེང་ཞིག་གི་ནང་དུ་བཙུད་པ་རེད། བོད་ཀྱི་སྤྲུལ་སྐུ་མང་ཆེ་བ་དེ་འདྲ་རེད། མཐར་གཏུགས་ན་ལས་ངན་རེད་ཡ།
ཚན་རིག་གི་དུས་རབས་ལ་ཡང་མི་རྣམས་ཀྱི་ཐོག་མིའི་བསམཚུལ་ལས་གོ་ལྡོག་སྟེ་སྲོལ་རྒྱུན་དང་ཆོས་ལུགས་ཇེ་ཁོ་དང་ཇེ་དར་རེད། སྤྲུལ་སྐུའི་ལམ་ལུགས་ནི་དེ་ལས་ཀྱང་ཨ་སྒོར་ཡོ་སྒོར་རྒྱ་སྒོར་སོགས་གང་ཐད་ནས་་ཇེ་ཁོ་ཇེ་དར་་ཡིན་པ་་ས་རིས་ཐང་གསལ་རེད། སྤྲུ་སྐུའི་ལམ་ལུགས་རྩ་རྫོགས་བཏང་འདོད་ཡོད་པའི་མོོའོ་ཙེ་ཏུང་གི་གསར་བརྗེའི་བསམ་བློ་ཡོད་མཁན་རང་རེའི་ཡར་ཐོན་ཅན་་ཚོ་ནི་སྡུག་སྒོམས་རྒྱག་རྒྱུ་ལས་ཅི་བྱ་ཏོལ་མེད་རེད། འོན་ཀྱང་སོ་སོའི་ཁ་ནི་སོ་སོའི་རང་རེད། གང་འདོད་ཤོད་ཅིག
སྤྲུལ་སྐུའི་ལམ་ལུགས་་དེ་རྫུན་མ་ཡིན་པ། ༡༩༩༢ ལོར་ཞྭ་དམར་པ་དངསི་ཏུ་པ་གཉིས་ཀྱི་ཀརྨ་པའི་ཡང་སྲིད་ངོས་འཛིན་བྱེད་སྟངས་དེ་ནས་གཟུང་ཤེས་སོང་། སི་ཏུ་པའི་འདའ་ཁའི་ཞལ་ཆེམས་རྫུན་མ་ཡིན་པ་དང་། ཞྭ་དམར་པ་ལ་འདའ་ཁའི་ཞལ་ཆེམས་ཡོད་རབས་བཤད་ནས་སྟོན་རྒྱུ་མེད་པ་བཅས་རེད། གང་ལྟར་གཉི་གའི་ཀརྨ་པ་མི་འདྲ་བ་གཉིས་ངོས་འཛིན་བྱེད་པ་རེ།
ཡང་སྲིད་ཀྱི་སྐོར་དེ་སྐྱེ་བ་སྔ་ཕྱི་ཞེས་པ་ཞིག་ངོ་མ་ཡོད་རུང་མེད་རུང་། སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་སྟངས་དེ་བོད་རྒྱུད་ནང་བསྟན་གྱི་ཆོས་ལུགས་ནས་བཤད་པ་དེ་གཞིར་བཞག་བྱས་པ་ཧ་ཅང་གི་ཡག་པོ་མཐོང་སོང་། དེ་ནི་གདན་ས་ཆེན་པོ་རྣམ་གྲོལ་གླིང་ནི་ཕྱག་མཛོད་སོགས་མི་གཅིག་གི་དབང་འོག་དང་ལག་ལ་མེད་པ་དང་། གཉིས་ནས་ཆོས་སྡེ་དེར་གནས་པའི་མཐོ་བླ་མ་ནས་དམངས་གྲྭ་བཙུན་བར་ཆོས་ལུགས་དང་སྤྱི་ཚོགས་འགྲོ་སྟངས་གང་ཐད་ལ་མཁྱེན་རྒྱ་ཆེན་པོ་ཡོད་པ། གསུམ་དུ་མཁན་ཆེན་ཞལ་བགྲེས་རྣམས་དང་དཔལ་ཡུལ་སྐུ་ཆེན་རིན་པོ་ཆེ་རྣམ་པ་བླ་མ་ཚད་ལྡན་ཚུལ་ལྡན་ཡིན་པས་རེད། ལྷག་པར་དུ་རིགས་དང་རུས་ཕར་བཞག། འཁྲུངས་སའི་ཡུལ་ཡང་༧སྐྱབས་རྗེ་སྐུ་གོང་མ་དང་འབྲེལ་འདྲིས་གང་ཡང་མེད་པར་ཁམས་དང་དབུས་གཙང་གི་ཁྱད་པར་ཡོད་པ་དེ་ཡོངས་སུ་གསལ་པོ་རེད། དེ་འདྲའི་ཆོས་ལུགས་ཀྱི་བྱེད་སྒོ་གཞིར་བཞག་ཐོག་ནས་ངོས་འཛིན་བྱས་ན་རབ་དང་ཕུལ་རེད།
རྟ་བདུན་དབང་པོས་དམན་པ་ལ་གཟིགས་མཐོང་གནང་བར་ཐུགས་རྗེ་ཆེ་ཞུ། ཕྲན་གྱིས་མཆན་གང་བྲིས་པ་དེ་དག་ལོ་རྒྱུས་དང་ཡིག་ཆ། སྐབས་རེར་གཞན་གྱིས་བཤད་པ་གཞིར་བཟུང་ལ་རང་གིས་དཔྱད་པ་ཅུང་ཟད་རེ་བྱས་པའི་ཁུལ་ཡིན། གཞི་མེད་སྒྲོ་འདོགས་མ་བྱས་པར་རློམ་ཡང་སྐབས་རེར་སྔ་ཕྱི་དྲོའི་བསམ་བློ་གཏོང་སྟངས་མི་འདྲ་བ་སོགས་མ་རིག་པའི་ཁུང་བུའི་ནང་ནས་ཆགས་སྡང་གི་སྨྱོ་ཆུས་བཟི་བས་རང་ཉིད་ལང་རྒྱུས་དེ་ཙམ་མེད་པའི་་ལབ་རྡོལ་ཡང་ཅི་རིགས་བྱུང་བར་འགྱོད་ཅིང་། གཟིབོར་གནས་པ་ཀུན་ལ་བཤགས་སོ། །
ཡང་སྲིད་དུ་མ་བྱུང་བའི་ཐད་ལ། བསམ་གཞིག་ཅིག་བྱས་ན། ༡༽སྤྲུལ་སྐུ་དག་མ་ནི་ཤིན་ཏུ་དཀོན་ཞིག་མང་ཆེ་བ་བརྟགས་པ་ལེགས་པ་སོགས་ཀྱི་རྒྱུ་མཚན་ལ་ཡིད་ཆེས་པས་གོང་མའི་འཕྲིན་ལས་སྐྱོང་མཁན་གྱི་ཚབས་སུ་བསྐོས་པ་ལྟ་བུ་ཞིག་རེད། བོད་ལ་སྤྲུལ་སྐུ་སུམ་སྟོང་ཡོད་པའི་དབང་དུ་བྱས་ན། རྩོད་པ་ཅན་དང་ཞབས་འདྲེན་ཞུ་མཁན་བརྒྱ་ཆའི་གསུམ་ཙམ་རེད། དགེ་བཤེས། སློབ་དཔོན། གདུང་རྒྱུད། མཁན་པོ་སོགས་དང་བསྡུར་ན་དགེ་སྐྱོན་ཕལ་ཆེར་གཅིག་རེད། མ་འདྲ་ས་དེ་སྤྲུལ་སྐུ་ལ་ཆུང་ངུའི་དུས་ནས་འཚོ་བ་དང་སློབ་སྦྱོང་དམིགས་བསལ་ཡོད་པ་ཙམ་རེད། བླ་ཆེན་འགའ་ཞིག་ལས་སྤྲུལ་སྐུ་ཕལ་ཆེར་ལ་དམིགས་བསལ་དེ་ཡང་ཐོབ་མི་འདུག ༢༽སྔར་ཡིན་ན་རྙིང་མ་ལ་སྤྲུལ་སྐུའི་རྩོད་པ་ཆེར་མེད། གདུང་རྒྱུད་དང་། སྤྲུལ་བའི་གཏེར་སྟོན་རྣམས་ཀྱིས་བསྟན་པ་བསྐྱང་སྲོལ་ཡོད་པ་དང་། རྩོད་གཞི་བླ་བྲང་དང་། དཔལ་འབྱོར། ཐོབ་ཐང་སོགས་མེད་པས་ཡིན་ནམ། དག་སྣང་ཆེ་བས་ཡིན་ཆ་མ་འཚལ། རྩོད་པ་ཕྲན་བུ་རེ་བྱུང་དུས་ཀྱང་དམོན་མོ་རེ་བྱས། མཐུ་ཏེ་བཏང་ནས་བདེན་རྫུན་ལྷ་དང་སྲུང་མར་ཐག་གཅོད་བཅུག་པ་ལྟ་བུར་སྣང་། གུ་རུའི་གཏེར་ལུང་ཀུན་ན་ཁོ་རང་གི་བསྟན་པ་ཁོང་གིས་སྤྲུལ་བའི་གཏེར་སྟོན་སོགས་ཀྱིས་སྐྱོང་བས་གཞན་ལ་ལས་འགན་མེད་པ་ལྟ་བུར་བཤད་ཡོད། ད་ལྟ་རྡོ་གྲུབ་གཉིས་ནི་ཐུགས་མཐུན་བླ་སློབ་དམ་གཙང་རེད། ཀཿཐོག་དགེ་རྩེ་བཞི་དང། བདུད་འཇོམས་གཉིས་སོགས་ཡང་སྲིད་ཁ་ཤས་ཡོད་པ་ལ་འགལ་བ་ཆེན་པོ་མེད་པ་འདྲ། བཙན་བྱོལ་ནང་ནས་རྙིང་མས་ཀྱང་སྤྲུལ་སྐུ་ལ་རྩོད་པ་འདི་སྲིད་དོན་པར་ཁ་མིག་ཡར་ལྟོས་བྱས་པ་ཙམ་མོ། །༣༽རྩོད་པ་ཆེ་རིགས། ཆོས་རྒྱུན་ལ་བསམ་ན། བཀའ་བརྒྱུད་དགེ་ལུགས་གཉིས་ཀའི་ནང་དུ་སྤྲུལ་སྐུའི་དོན་དུ་དམག་འཁྲུགས། འཐབ་རྩོད། གཡོ་སྒྱུ་ཁྲམ་གསུམ་ཅི་རིགས་འཁྲབ་ཡོད་པར་མངོན་། ཐ་མར་རྒྱབ་རྩ་སུ་ཆེ་གཡོ་རྒྱུ་སུ་མཁས། འགྲན་པའི་ཐ་མར་བསོད་ནམས་ཅན་ཞིག་ལ་རྒྱལ་ཁ་ཐོབ་པ་མང་། དགེ་ལུགས་ལ། རྒྱལ་དབང་དྲུག་པ། པཎ་ཆེན་དགུ་བ། ཨ་མདོ་འཇམ་དབྱངས་བཞད་པ་གཉིས་པ། བྲག་ཡབ་སྐྱབས་མགོན། ལི་ཐང་སྐྱབས་མགོན། གཙོས་གསེར་ཁྲི་གཉིས་པ་སོགས་ཀྱི་དོན་དུ་དམག་འཁྲུགས་ཀྱང་བྱུང་མྱོང་། བཀའ་བརྒྱུད་པར། ཀརྨ་པ་བཅུ་གསུམ་པ། ཞྭ་དམར་བཅུ་བ། ཀོང་སྤྲུལ་གཉིས་པ། མཁྱེན་བརྩེ་གཉིས་པ། འབྲུག་ཆེན་དྲུག་པ། འབྲི་གུང་ཆེ་ཆུང་ཚང་གོང་མ། ཆགས་མེད་བཞི་བ་སོགས་མང་པོར་རྩོད་པ་བྱུང་མྱོང་ཡོད། ། ས་སྐྱ་པ་མང་ཆེ་བ་དབོན་བརྒྱུད་ཀྱིས་སྐྱོང་པས་རྩོད་པ་ཆེར་མེད། རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་གཉིས་པའི་ཡང་སྲིད་སྐུ་གཤེགས་དུས་དེ་ལ་ཡང་སྲིད་མ་བཙལ་བར་། སྔོན་ཆར་རྫོང་གསར་གྱིས་ཁས་ལེན་མེད་པའི་ཀཿཐོག་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རྫོང་སར་དུ་གདན་དྲངས་པ་ལྟ་བུ་ཡོད་མྱོང་། ཇོ་ནང་གདུང་རྒྱུད་དབོན་རབས་དང་། མཁན་རབས། རྡོ་རྗེ་སློབ་དཔོན་ཀྱིས་སྐྱོང་པས་ད་བར་རྩོད་པ་ཆེན་པོ་བྱུང་མྱོང་མེད། བོན་པོ་གདུང་རྒྱུད་སློབ་དཔོན་གྱིས་སྐྱོང་བར་རྩོད་པ་བྱུང་བའི་ལོ་རྒྱུས་མ་མཇལ། སྤྲུལ་སྐུའི་རྩོད་པ་ཐག་གཅོད་པར་བྱེད་པ་ལ་དང་པོ་རྩོད་པ་ཆེ་སའི་ཆོས་རྒྱུན་ནས་ཞིབ་འཇུག་ཅིག་བྱེད་དགོས་པར་སྣང་། །
འོ་དྲི་མེད་ལགས་བཀའ་དྲིན་ཆེ། སྤྲུལ་སྐུའི་བཟོ་གྲྭ་རྫུན་མ་ཐེར་འདོན་གནང་བར། འདི་ཡི་སྐོར་ལ་ལོ་རྒྱུས་ཞིབ་འཇུག་ཅིག་བགྱིས་ན་མ་འོངས་པར་ཕན་ཐོགས་ཆེན་པོ་ཡོང་རེ་འདུག བོན་ལུགས་ལ་གདུང་རྒྱུད་ཀྱིས་བཟུང་བ་ལུང་པ་ཁུག་འཁྱོག་དེ་འདྲ་ལ་ཡོད་པ་ལས། གྲྭ་ས་སོགས་ནི་བརྟགས་རིལ་དྲིལ་ནས་ཐག་གཅོད་བྱེད་དེ་དབུ་འཛིན་བྱེད་པ་ལས་གདུང་རྒྱུད་དང་སྤྲུལ་སྐུས་འཛིན་སྲོལ་མི་འདུག དེ་ཡང་ལུང་ཚན་དང་རྒྱལ་ཁབ་མི་རིགས་སོགས་ཀྱིས་དབྱེ་བ་མེད་པར་ལྷ་དང་སྲུང་མར་བདེན་པ་བདར་ནས་གང་ཐོན་པ་དེ་ལ་ངོས་འཛིན་བྱེད་སྲོལ་ཡོད་འདུག དེ་མིན་སྤྲུལ་སྐུའི་བཟོ་གྲྭ་ཆེན་པོ་དེ་འདྲ་མེད་ཅིང་གྲྭ་སར་སྤྲུལ་སྐུ་དང་ཁྲི་པ་སློབ་དཔོན་སོགས་གང་ཞིག་ཕེབས་རུང་གྲལ་སྣེ་ནས་གྲྭལ་མགོར་འགྲོ་དགོས་པ་ལས་དམིགས་བསལ་གཏོང་སྲོལ་མི་འདུག ད་ལྟའང་བོན་པོར་སྤྲུལ་སྐུ་བཅུ་ཕྲག་གཉིས་ཙམ་ལས་སྤྲུལ་སྐུ་མང་པོ་ཡོད་མི་འདུག ད་ང་ཚོས་སྤྲུལ་སྐུའི་སྐོར་ལ་རྩོམ་སྒྲིག་ཚོགས་ཆུང་ཞིག་བཙུགས་ནས་ཞིབ་འཇུག་གི་སྙན་ཐོ་ཞིག་བཏོན་ནས། སྤྲུལ་སྐུ་རྫུན་མའི་རིགས་སྤྲུལ་སྐུའི་བཟོ་གྲྭ་བདག་པོར་ཕྱིར་སློག་གིས་སླད་ཕྱིན་བཟོ་གྲྭ་དེ་ནས་སྤྲུལ་སྐུ་བཟོ་མི་རུང་བའི་ཐ་ཚིག་ནན་པོ་བསྒྲགས་ནས་བཟོ་གྲྭ་ཁག་ལ་ཞིབ་འཇུག་ནན་པོ་བྱེད་དགོས། ད་ལྟའི་རྒྱ་ནག་གི་དཔོན་པོས་ལྐོག་ཟ་བ་རྣམས་རྩ་མེད་དུ་གཏོང་བཞིན་པ་ལྟར་ངེས་པར་དུ་དགོས་པ་འདུག དེ་མིན་ང་ཚོས་ཁ་སྟོང་ནང་གི་ཚིག་སྟོང་བཤད་ན་ཁ་བརྡའི་དྲ་བའི་ས་དམིགས་འགེངས་བྱེད་ལས་ཕན་པ་མི་འདུག་བསམ།
བོད་འདིར་་ང་བླ་མ་མང་ལ་། སྤུན་མཆེད་བླ་མ་ཡང་མང། རང་བཟོས་བླ་མ་དང། གཞན་བཟོས་བླ་མ་ཡང་མང་ངོ། དཔེར་ན་སྤུན་གཅིག་བླ་ཆེན་ཆགས་ན་། སྤུན་གཞན་བླ་མ་མང། དཔེརན་མངའ་རེས་རིན་པོ་ཆེ་དང། སྟག་སྩེ་རིན་པོ་ཆེ་བཞིན་ནོ། བླ་མའི་བྱུང་རབས་འདི་བོད་རྒྱུད་ནང་བསྟན་གྱི་གཞུང་ཤིང་རེད་དང། གང་ལྟར་བླ་མ་མང་ན་དགའ་བསུ་ཡོད།
བླ་མ་རྫུན་མ་མང་ཙམ་བཟོས་ནས་རྒྱ་ནག་གི་དངོས་ཆས་རྫུན་མའི་ཁ་གཏད་བཅའ་དགོས།
བཀླགས་ཟིན།
སྙན་པོ་ཞིག་བྲིས་འདུག
བདེན་པ་ཡིན་སྲིད།
ངའི་ངོ་ཤེས་ཞིག་གིས་ཀྱང་ཞང་པོའི་སྤྲུལ་སྐུ་རང་གི་བུ་མོ་ཆུང་བའི་བུ་ལ་ངོས་འཛིན་བྱེད་དུ་བཅུག་མྱོང་།
ངས་དེ་རིང་དེ་དྲན་ན་སེམས་སྐྱོ་ལ་དགོད་བྲོ་བ་ཞིག་རེད།
ཡང་སྲིད་འཁྲུལ་བྲལ་རྙེད་པ།
https://www.facebook.com/photo.php?fbid=1138367982846652&set=pcb.1138368352846615&type=1&theater
ཡར་བཤད་མར་བཤད་ཅི་བྱས་ཀྱང་གཙོ་བོ་སྤྲུལ་སྐུའི་ལམ་ལུགས་མེད་པ་བཟོ་སྒྱུ་ནི་གནད་ཀྱི་སྙིང་པོ་ཡིན།
རེད། སྤྲུལ་སྐུའི་ལམ་ལུགས་ངེས་པར་དུ་མེད་པ་བྱེད་ཐུབ་ཚེ་བྱེད་དགོས་རེད། འོན་ཀྱང་མེད་པ་བྱེད་ཐུབ་ཀྱི་མ་རེད། ད་དུང་མི་དམངས་བརྒྱ་ཆ་དྲུག་བཅུ་ནས་བདུན་ཅུས་སྤྲུལ་སྐུ་ལམ་ལུགས་ལ་འདོད་པ་ཡོད་པ་རེད། དེའི་ཕྱིར་མེད་པ་བཟོ་ཐུབ་ཀྱི་མ་རེད། གལ་ཏེ་བཟོ་ཐུབ་ནའང་སྙོག་དྲ་ཚ་བོ་རེད། །
སྤྲུལ་སྐུའི་ལམ་ལུགས་མེད་པར་བྱེད་པ་ལ། སྤྲུལ་སྐུའི་བཟོ་བདག་གམ་འབྱུང་གནས་དེ་མེད་པར་བྱེད་དགོས། དེ་ལྟར་བྱེད་པ་ལ་རྙོག་ཁྲ་ཚ་བོ་རེད། རྨོངས་དད་མེད་པར་བྱེད་དགོས། བླ་མའི་ལམ་ལུགས་མེད་པར་བྱེད་དགོས། དེ་མིན་སྤྲུལ་སྐུའི་བཟོ་བདག་མེད་པར་མི་བྱེད་པར་དེས་བཟོས་པའི་སྤྲུལ་སྐུས་ཅིག་ཅིག་མིག་མིག་ཟེར་ནས་བཤད་བསྡད་ན། རྩ་བ་བོར་ནས་ཡལ་གར་འཇུས་ཏེ་འབད་བརྩོན་བྱས་པ་དང་གཅིག་མཚུངས་རེད། ང་ཚོས་སྤྲུལ་སྐུས་འགྲིག་གི་མི་འདུག་ཅེས་བཤད་རུང། སྤྲུལ་སྐུའི་བཟོ་བདག་ལ་ནམ་ཡང་དགག་པ་བྱེད་ཀྱི་མེད། སྤྲུལ་སྐུ་ནི་ཐོག་མར་བྱིས་པ་སྣབ་ཚར་དཔྱོད་མེད་བསམ་མེད་ཀྱི་དུས་སུ་ངོས་འཛིན་བྱས་པ་ཡིན་པས། བྱིས་པ་ཆུང་ངི་ཞིག་ལ་དགག་པ་བྱེད་པ་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་བ་རེད། མདའ་ཡི་ཆུ་རྙོག་འབྱུང་སའི་གནད་དོན་ལ་མི་སྤྱོད་པར་མདའ་རུ་ཆུ་རྙོག་ལ་མིག་ལོག་ལྟས་པས་ཕན་པ་ཡོད་པ་མ་རེད།
རྟ་བདུན་དབང་པོ་དང་ཁྱུང་སེས་གསུང་པ་ལྟར། སྤྲུལ་སྐུ་མེད་པ་བྱེད་པར། དེ་ངོས་འཛིན་མཁན་ཚོར་ཁྲིམས་ཞིག་འཇོག་དགོས། དེ་རང་རེ་བོད་ཀྱིས་བཀུར་བར་འོས་པའི་བླ་ཆེན་ཚོ་རེད། དེའི་སྐོར་ལ་ལས་ཀ་ཞིག་མགོ་བརྩམ་པ་དང་ཡང་ན་རྩོམ་མཁན་རྣམས་བོད་ཀྱི་སྤྱི་ཚོགས་ན་ཕུད། ཡང་ན་བླ་ཆེན་ཚོ་འཁྲུགས་ནས་བོད་སིལ་བུ་སྟོང་དུ་འཐོར་བས་ཕན་ལས་གནོད་པ་ཆེ། སྤྱི་ཚོགས་ངོས་ནས་སྤྲུལ་སྐུ་རྩིས་མེད་མ་གྱུར་བར་བྱེད་ཐབས་གང་ཡང་མེད། ད་བར་མི་ཆེན་བླ་ཆེན་ཚོའི་ཞུ་དག་དང་གྲོས་ཆོད་ནི་རང་ཕྱོགས་དགའ་ཉེའི་བླ་སྤྲུལ་རྣམས་སྲ་བརྟན་ཡོང་ཐབས་དང་། ཉམས་ཆུང་རྒྱབ་རྩ་མེད་པའི་སྤྲུལ་མིང་རྣམས་ལ་སྐྱོན་གྱི་ཕུང་པོ་མང་པོ་བརྩེགས་ནས་ཆེན་པོ་རྣམ་གཙང་མ་བཟོ་བའི་སྐུ་གླུད་དུ་གཏོང་ཐབས་ཙམ་ལས་སྤྱི་ལ་འགྱུར་བ་ཞིག་གཏོང་མི་ཐུབ། གནས་སྐབས་བོད་ནང་གི་སྤྲུལ་སྐུ་མང་ཆེ་བས་སྤྱི་ཚོགས་ལ་གོ་ཆོད་ནས་ཡོད་པ་ལྟར་མཐོང་བས་མེད་པ་གཏོང་དགོས་པའི་རྒྱུ་མཚན་ལེགས་པོ་ཞིག་ཀྱང་རྙེད་དཀའ་བར་སེམས།
མཁས་དབང་དྲི་མེད་ལྷག་བསམ་གྱི་གསུངས་ལ་ངོ་སོ་བསྟོད་དོ། སྤྲུལ་སྐུ་བདེན་པ་དེ་ང་ཚོ་ལ་མཁོ། ས་ཕྱོགས་དགེ་བར་ཤིས་པའི་གནས་མཆོག་ཏུ།།ཡབ་ཀྱི་མཆོག་གྱུར་ངག་གི་མཚན་ཅན་དང་།།ཡུམ་གྱི་མཆོག་གྱུར་ཚེ་ཡི་མིང་ཅན་ལ།།སྲས་ཀྱི་མཆོག་གྱུར་མི་ཡི་སེངྒེ་འབྱུང་།།ཞེས་ལུང་བསྟན་པ་ལྟར་ཡབ་ངག་དབང་ཆོས་དཔལ་རྒྱཡ་མཚོ་དང་། ཡུམ་ཚེ་དབང་སྒྲོལ་མའི་སྲས་སུ་འཁྲུངས་པ་འདི་དག་དངོས་ནས་མངོན་སུམ་དང་རྗེས་དཔག་ལུང་ཚད་མའི་གྲུབ་པའི་སྤྲུལ་སྐུ་འཁྲུལ་མེད་རྙེད་འདུག གྲུབ་པད་ནོར་ཡང་སྲིད་འདི་གཉིས་ལ་ཁྱབ་སྲིད་དང་གཡོ་འཕྲུལ་གྱིས་མ་གོས་པས་དགའ་སྤྲོ་བརྟས།། དེ་མིན་ནག་ཆུ་ཁ་བའི་བུ་ཆུང་དང་ཆབ་མདོའི་ནག་རིལ། རྒྱ་མིའི་པན་ཆེན་སོགས་མངོན་སུམ་དུ་རྫུན་ལ་བླ་དཔོན་ཚོས་རྒྱབ་གཉེར་བྱེད་པ་ནི་ངོ་ཚ་དང་ལས་འབྲས་མེད་པའི་ལས་ཀ་ལས་གཞན་དུ་མ་མཐོང་ངོ་།།
མགོ་ཤིག་ཙ་རེ། རྐུབ་སྐྱག་པ་ཙ་རེ། ལུས་དྲི་མ་ཙ་རེ། ལྷ་སྒྲུང་གི་ཞིང་ཁམས་སུ་རྨོངས་དད་ཀྱི་གཉིད་ལ་ཤོར་བའི་མི་རིགས་འདིས་འཕྲོད་བརྟེན་མ་ཤེས་པ་དང་། ཟས་བཟའ་མ་ཤེས་པ་སོགས་ཕྱོགས་མང་པོ་ནས་རྗེས་ལུས་ཡོད་དུས་་་རྒད་མ་རན་གོང་ནས་རྒད། ཤི་མ་རན་གོང་ནས་ཤི་འགྲོ་ཡི་ཡོད། སྐད་ཆ་འདི་དག་དངོས་ཡོད་གནས་ཚུལ་ཡིན། བྱམས་སྙིང་རྗེ་ཡི་དྲི་མ་ཙམ་ཡོད་པའི་མི་ཞིག་ཡིན་ན་བོད་མི་རིགས་ཀྱི་སྡུག་གི་ཁུར་བོ་འདི་ལ་བསམ་གཞིག་རེ་གནོང་རོགས་བྱོས།
རང་རེ་འབྲེལ་ཡོད་ཀྱི་སྐྱབས་གནས་དམ་པ་ཁོང་རྣམས་ལ་ཞུ་སྨོན་སོགས་གང་ཡང་མ་དགོས་སྙམ། ཁོང་ནས་བསྟན་འགྲོའི་དོན་དུ་ཡང་སྲིད་འཁྲུལ་བྲལ་ཞིག་ཕེབས་པ་གདོན་མི་ཟ་ཡང་ཕྱག་གསོལ་རྣམ་པས་བྱེད་ལས་ལ་བློ་ཕམ་ཆེ་བས་དངོས་སློབ་རྣམས་ནས་ཐབས་ལམ་གཞན་ཞིག་ཡོད་ན་ནི་རྩལ་རན་དང་དེ་མིན་ཐུགས་ངལ་ལས་གོང་མའི་རྣམ་ཐར་འདི་ཡིས་འཁྱོངས་པའི་གསོལ་འདེབས་ཞུ་རྒྱུ་ཐབས་ལམ་ཡག་ཤོས་སྙམ།
ལྷན་རྒྱས་ལ་བཀྲ་ཤིས་བདེ་ལེགས་ཞུ། རྣམ་པ་ཚོས་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་སྐོར་རྩོད་པ་ཉག་ཉོག་མང་པོ་ཞིག་གླེང་འདུག་པས། ཕན་པ་ལས་གནོད་པའི་རྒྱུར་འགྲོ་ངེས་པ་ཅན་ཞིག་ཡིན་པས་བཏང་སྙོམ་བཞག་ན་ལེགས་སམ་སྙམ། ཡང་སྲིད་ཡིན་མིན་གྱི་ཐག་བཅད་ནི་བླ་མ་ཁོང་དང་འདྲ་བ་ཞིག་གིས་ཐུགས་ཐག་གཅོད་དགོས་པ་ལས་དེ་མིན་གང་བྱུང་གིས་གང་དྲན་ལྟར་ཡོང་མི་སྲིད་པ་ཞིག་ཡིན་པས། གང་ལྟར་བསོད་ནམས་ཅན་གྱི་བྱིས་ཆུང་དེ་ནི་ཡང་སྲིད་ངོ་མ་ཡིན་ནའང་འདྲ་མིན་ནའང་འདྲ་༧གོང་ས་ཡིད་བཞིན་ནོར་བུས་གཙུག་ཕུད་བཞེས་ཏེ་ཐུགས་ཐག་བཅད་ཟིན་འདུག་པ་མ་ཟད། གང་གི་བླ་མའི་ཡང་སྲིད་དེ་གོང་ས་མཆོག་ཉིད་ནས་མ་མཁྱེན་པ་ག་ལ་སྲིད། བླ་མ་གང་ལ་དད་པ་ཡོད་མཁན་ཞིག་ཡིན་ཕྱིན་ཐུགས་ལྷོད་ལྷོད་ངང་བཞུགས་པར་མཛོད་ཅིག
མི་གཙང་བ་དཀྲུགས་ན་དྲི་ངན་བྲོ་རྒྱུ་ལས་ཕན་པ་ཅང་མེད་དོ།། དེ་མིན་དད་པ་མེད་ཅིང་གཡོ་གཏམ་ཅན་ཚོས་ཇི་ཙམ་རི་བོང་ཅལ་སྒྲོག་བྱས་ཀྱང་ལས་ངན་བསག་པའི་རྒྱུར་ངེས་པ་ཅན་ཞིག་གོ། ད་དུང་མ་འགྲིགས་མདོག་མདོག་བཤད་སྡོད་ན་ནམ་མཁའ་སྟོང་པ་ལ་མདའ་འཕེན་པ་དང་གཅིག་མཚུངས་རེད་དོ།།
ཡང་སྲིད་རྙེད་སྟངས་སྐོར་ལ།
https://www.facebook.com/lhasetsang/videos/vb.100002642078748/797722723659123/?type=2&theater
སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་བླ་མ་ཡག་པོ་ཞིག་ཡིན་རབས་ཐོས་མྱངས། ཁོང་གི་ཡང་སྲིད་ཚད་ལྡན་ཞིག་ཕེབས་པའི་རེ་བ་ཆེ། སྤྲུལ་སྐུ་བདེན་རྫུན་གང་ཡིན་གྱི་སྐོར་ལ་ང་ལྟ་བུར་སྐད་ཆ་ཚིག་གཅིག་ཀྱང་གླེང་རྒྱུའི་སྤོབས་པ་མེད། ཡིན་ནའང་རྩོམ་ཡིག་འདི་ལ་སྤྲུལ་སྐུའི་གནད་དོན་ལས་གཞན་པའི་བོད་ཀྱི་བན་དེའི་སྤྱི་ཚོགས་ཀྱི་གནས་སྟངས་ག་འདྲ་ཞིག་ཡིན་མིན་སློབ་སྦྱོང་བྱ་རྒྱུ་འདུག་པས་ཐེངས་ཁ་ཤས་བཀླགས་ཡོད། །