དོལ་སྨྱོན།
སྤྲིན་པ་དག་ནི་རླུང་གི་རྗེས་འགྲོ་སྟེ།།
སེམས་པ་འདི་ཡང་ཚོར་བའི་རྗེས་སུ་འགྲོ།།
ཚོར་བ་དེ་ཡི་རྩ་བ་བསྔོགས་གྱུར་ན།།
བག་ཆགས་ཞེས་པའི་ཡིག་འབྲུ་གཉིས་པོ་ཉིད།།
ཉིན་གྱི་སྣང་བ་དག་ཀྱང་འགྱུར་ནས་འགྲོ།།
མཚན་གྱི་མུན་པ་དེ་ཡང་ཡལ་ནས་འགྲོ།།
བག་ཆགས་དེ་ཡི་རྩ་བར་སིམས་པ་ཡི།།
ཞལ་རས་དེ་ནི་ད་དུང་མཛེས་པ་ཉིད།།
ཉི་མ་དག་ནི་རླུང་གིས་ཡར་ཡར་སྤུར།།
ཟླ་བ་དག་ཀྱང་རླབས་ཀྱིས་མར་མར་བདས།།
སེམས་དང་སེམས་ཀྱི་ཟབ་སར་འཐིམ་པ་ཡི།།
འཛུམ་ཆུང་དེ་ནི་སྔར་བཞིན་ཡིད་དུ་འོང་།།
དུས་ཚོད་དེ་ནི་མི་སྡོད་འགྲོ་བ་སྟེ།།
སེམས་ཀྱི་འཆར་སྒོ་དེ་ཡང་འགྱུར་ནས་འགྲོ།།
འགྱུར་མེད་རྟག་བརྟན་གཤིས་སུ་གྲུབ་པ་དེ།།
ཞལ་རས་སྒོར་སྒོར་དེ་ལས་གཞན་དུ་སུ།།
བརྩེ་བ་རླུང་བུ་ཡིན་རུང་ཡིན་དུ་ཆུག།
དུང་བ་ཆུ་མོ་ཡིན་ནའང་ཡིན་དུ་ཆུག།
ཞལ་རས་སྒོར་སྒོར་དྲན་པའི་བདེ་བ་འདི།།
གནམ་ས་གཉིས་ན་དཀོན་པའི་བདེ་སྐྱིད་ཡིན།།
ཞལ་རས་སྒོར་སྒོར་མིག་གི་བདུད་རྩི་ཡིན།།
གཉེན་འཇམ་གཤིས་བཟང་སེམས་ཀྱི་ཟས་མཆོག་ཡིན།།
སྤྱད་པས་འཛད་དུ་མེད་པའི་བདེ་སྐྱིད་འདི།།
ལུས་སེམས་གཉིས་ལ་ཕན་པའི་སྨན་མཆོག་ཡིན།།
ཁྱོད་ཀྱི་ལུས་དེ་ང་ལ་མ་དབང་རུང་།།
ཁྱོད་དང་ང་གཉིས་མཉམ་བཤིབས་མ་བྱུང་རུང་།།
ལྷད་མེད་ཡིན་པའི་ཁྱོད་ཀྱི་མི་གཤིས་དེ།།
ནམ་ཡང་བདག་གི་སྒལ་ཚིགས་སྒྲེང་ས་ཡིན།།
༢༠-༠༧-༢༠༡༥།
ཤ་དང་རུས་པའི་བརྩེ་དུང་ཟེར་བ་དེ། །སེམས་དང་བསམ་པ་སྦྲེལ་བས་ཡོང་དྭོགས་མེད། །སྙིང་ཆུང་དམར་པོ་གཏའ་མར་འཇོག་དགོས་ཀྱང་། །ཡ་ཡུད་ཆེན་པོས་དམར་འཛིངས་བྱེད་དགོས་རེད།།
ལྷ་རྗེ་དོལ་སྨྱོན་གྱི་རྩོམ་ཡིག་བཀླགས་པས་དགའ་བ་སྐྱེས། མིང་ཚིག་འགའ་ཞིག་ལ་དོགས་གཅོད་ཞུ་བ་ནི། བག་དང་ཆགས་ཞེས་མིང་ཚིག་གཉིས་ཀྱིས་བག་ཆགས་ཞེས་པ་གྲུབ། མིང་ཚིག་དེ་གཉིས་ལ་དོན་མི་འདྲ་བ་མང་། དཔེར་ན། བག་ཡོད་དང་། འདོད་ཆགས་ཞེས་སོགས་སོ། འོན་ཀྱང་འདིར་བག་ཅེས་པ་ཕྲ་བ་སྟེ་ཆུང་བའི་དོན་དང་། ཆགས་ཞེས་པ་འགྲུབ་པའི་དོན་ཡིན་དགོས་པར་སེམས། གཞུང་གཞན་ན་བག་ལ་ཉལ། ཞེས་པ་དང་དོན་གཅིག་ཏུ་འདོད་དོ།
་
ཞལ་རས་སྒོར་སྒོར་དེ་ལས་གཞན་དུ་སུ།།
་
འདི་ལ་ཡང་རྟོག་དཔྱོད་དགོས་པར་མཐོང་སྟེ། ཞིབ་པར་དོན་མ་རྟོགས། དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས་ལེགས་བཤད་ལྗོན་དབང་དུ།
་
སུ་ནི་གང་ཟག་གང་ཀུན་ལའོ།
་
ཞེས་པ་ལྟར་གསལ་བཤད་ཅིག་མཛོད། ཞུ་བ་ལགས་སོ།
བཀུར་འོས་རྒན་ལ་དྭགས་མཆོག་ལ་འཚམ་འདྲི་ཞུ།
བག་ཆགས་ཀྱི་ཐ་སྙད་ལ་དབྱེ་ཞིབ་གནང་བར་བཀའ་དྲིན་ཆེ། བློ་སྐྱེད་བྱུང་བར་ཕན།
སུ་ནི་གང་ཟག་ལ་འཇུག་པ་དང་། གང་ཟག་དེའི་ཞལ་རས་སྒོར་སྒོར་ཡིན་དུས།
དེ་ལྟར་བྲིས་པ་ཡིན་ལགས།