ཁ་བ་ནག་པོ།
དེ་རིང་གནམ་སའི་མཐའ་ལ་ཅེར་ནས་ངུ་འབོད་བྱས།
རྒྱ་མཚོའི་རླབས་དང་མིག་ཆུས་བྲང་ཁོག་བརླན།
དྲང་བདེན་ལ་རྒྱབ་སྐྱོར་མེད་ས་ནས།
གཉོམ་ཆུང་ལ་ཐུབ་ཚོད་གཏོང་ས་ནས།
སྨྲ་བརྗོད་ལ་རང་དབང་མེད་ས་ནས།
མི་རིགས་ཀྱི་དཔའ་བོ།
སྐྱེས་ཆེན་དམ་པ།
རྒན་རྒོན་རྣམས་ཀྱི་ལག་རྟེན།
དྭ་ཕྲུག་རྣམས་ཀྱི་ཕ་མ།
རིག་གཞུང་གི་སྲོག་རྩ་མཐུད་མཁན།
ཡིག་རྨོངས་སྨག་རུམ་སེལ་བའི་སྒྲོན་མེ།
བོད་མིའི་སེམས་ཀྱི་སྐར་མ་འོད་ཆེན་ཞིག
འདི་ལྟར་ཡལ་སོང་།
ང་ཚོའི་སེམས་ལ་མུན་པ་འཐིབ།
ང་ཚོའི་མིག་ལ་མཆི་མ་འཁྱིལ།
འཛམ་གླིང་ས་ཆེན་ཁྱོན་འདིར།
ཁྱེད་ལ་མྱ་ངན་ཞུ་མཁན་གྲངས་ལས་འདས།
དྲང་བདེན་ཞིག་ཡོད་ན།
རྒྱུ་འབྲས་ཞིག་ཡོད་ན།
སྙིང་རྗེ་ཞིག་ཡོད་ན།
བོད་མི་ཚོར་སྡུག་བསྔལ་འདི་འདྲ་ཡོང་དོན་ཅི།
བོད་མི་ཚོར་དྲག་གནོན་འདི་འདྲ་བྱེད་དོན་ཅི།
བོད་མི་ཚོར་མནར་གཅོད་འདི་འདྲ་གཏོང་དོན་ཅི།
ངོ་མ། དེ་རིང་བོད་མིའི་བདེ་སྡུག་ཆེད།
བཙོན་ན་བཞུགས་པའི་དཔའ་རྒོད་ཚོ་དྲན་གི
རྒྱ་དམར་གྱི་བཙན་གནོན་འོག་འཚོ་བོད་མི་རྣམས་དྲན་གི
༢༠༡༥ ཚེས་ཟླ༧ ཚེས་༡༥ ལྷག་དཀར་ཉིན།