ལྷ་རྩེའི་ཁུ་བྱུག
ས་ཆ་འདི་ནི་རག་ཤུལ་རྒོད་སྟོད་མོ་ཧུ་ཁའི་ས་ཡི་དཀྱིལ་སྙིང་ལྟ་བུ་ཡིན། མཚོ་ཆུང་འདི་ལ་གཡུ་མཚོ་རུ་འབོད། གཡུ་མཚོ་ནི་མེས་པོའི་ངག་རྒྱུན་ལ་འབྲུག་མོའི་རྟ་ཆུ་བླུད་ས་ཡིན་པར་གྲགས། སྤྱིར་མོ་ཧད་ཁ་འདིའི་ས་ཆ་ནི་འབྲུག་མོའི་རྟ་འཚོ་ས་ཡིན་པར་བཤད། དེ་དག་ནི་མེས་པོའི་བཤད་སྲོལ་ཙམ་ནི་བོད་སྤྱི་ཡོངས་དང་འདྲ། ངས་དེ་རིང་འདི་ནས་ཡར་བརྩིས་པའི་མི་ལོ་སུམ་ཅུ་ལྷག་གི་དྲན་པ་དུམ་བུ་ཞིག་བསྐྱར་དུ་གསོས་སོང་། ས་ཆ་འདིར་འགྲོ་མ་མྱོང་ནས་མི་ལོ་ཉི་ཤུའི་ཡན་ལས་འདས། དབྱར་གནང་ངལ་གསོ་དང་བསྟུན་ཏེ་དེ་རིང་ས་ཆ་འདིར་ཅུང་ངལ་གསོས་མོད། རྫ་རིའི་རྩེ་ནས་སྤྲིན་པ་དག་ཕན་ཚུན་འགྲན་བཞིན་ལངས་སོང་བས་ཆར་ཞིག་འབབ་པའི་གནམ་ངོ་རེད་ཅེས་རོགས་པ་ཚོས་བཤད་ཐལ།
ངས་དྲན་པའི་ལོ་རྒྱུས་ཐུང་ཐུང་ནི་འདི་ལྟ་སྟེ། སྐབས་དེར་ང་རང་ལོ་དགུ་ཡིན་པའི་དུས་ཤིག་སྟེ། སུ་རུག་རུ་ཆེན་གྱི་རུ་ཆུང་སོ་སོ་ནས་བྱིས་པ་རེ་རེ་བདམས་ཏེ། བོད་ཀྱི་གསོ་རིག་སློབ་དགོས་པའི་བརྡ་སྦྱོར་གཞི་རིམ་དུ་འབྱོར། སྨན་པ་གསང་སྔགས་མདུན་དུ་བྱིས་པ་དྲུག་བསྡུ་བའི་ནང་ནས་རུ་ཆུང་ལྔ་པ་ཚང་ནས་ཕ་འདས་པོའི་རེ་བ་བཞིན་ང་འགྲོ་དགོས་འདུག དེ་དུས་འབྲོག་པའི་སེམས་ཁམས་ལ་བུ་ཕྲུག་སློབ་གྲྭར་མངགས་ལ་ཤིན་ཏུ་འཚེར། སྐབས་དེའི་ང་རང་ནི་སློབ་གྲྭ་དང་སློབ་སྦྱོང་གི་གོ་རྟོགས་མེད་ཁར་ཀློག་ཀྱང་འབྲི་དེད་ཙམ་ལས་འཁྱོངས་ཀི་མེད། སྨན་སློབ་ཟེར་བ་དེའང་ཅི་འདྲ་ཞིག་ཡིན་པ་མི་ཤེས། གསལ་གསལ་ཐེངས་ཐེངས་ཤིག་དྲན་སོས་པ་ནི། ང་རང་སློབ་གྲྭ་འགྲོ་ཉིན་ཕ་འདས་པོ་ནི་རབ་ཅིག་དགའ་ཡོད་པ་དྲན། ཡིན་ནའང་ང་ནི་བྱིས་པ་སྐྲག་ཤོར་ཞིག་ཡིན་པས་སེམས་ལ་སྐྲག་སྣང་ཕྲན་བུ་ཡོད་པ་ད་ལྟའང་དྲན། ང་ལའང་ཁག་མི་འདུག་སྟེ་ཕ་མ་ཁ་བྲལ་ཏེ་སྒོ་ཐེམ་བརྒལ་བ་ཐེངས་དང་པོ་ཡིན་ལ། སློབ་གྲྭར་སོང་བའང་ཐེངས་དང་པོ་ཡིན། ད་ཆར་བལྟས་ན་ང་འགྲོ་སའི་ལྷ་རྗེ་རྣམ་ཚང་ལ་ཐག་ཤིན་ཏུ་ཐུང་། དེ་དུས་ནི་ད་ལྟ་ལེ་བར་ཁྲི་ལས་རིང་བའི་ཚོར་བ་ཡོད། ཧེ་ཧེ། དེ་ནི་བྱིས་པའི་སེམས་རེད།
ཉི་མ་དེའི་གཟའ་སྐར་ཚེས་གྲངས་ད་ལྟ་མི་དྲན། ངའི་ཉལ་ཆས་དང་། བྲོ་ཁ་ཕ་འདས་པོས་ཁུར་རྩ་བཅས་ཏེ་ཁོང་གིས་ཁུར། ང་ལག་པས་ཁྲིད་དེ་རྐང་ཐང་གིས་ལམ་ལ་ཆས། ཕ་འདས་པོ་ནི་དུས་རྒྱུན་ཁ་བཏོན་དག་དག་འདོན་སྲོལ་ཡོད་མོད། ཉིན་དེར་ང་ལ་སློབ་སྦྱོང་ཧུར་བརྩོན་དགོས་པའི་བསླབ་བྱ་མང་དུ་གནང་མོད། ངས་ནི་ཅི་ཡང་མ་ཤེས། ཁྱིམ་ཚང་དབུལ་བས་ངའི་སྟོད་གོས་རྙིང་སོང་ཞིག་ལས་མེད། ཕ་འདས་པོའི་སེམས་ཀྱིས་བཟོད་ཐུབ་ཀི་མེད་པ་འདྲ་བས། ཁོང་གི་སྟོད་ལྭ་དེ་ཕུད་ནས་ང་ལ་གཡོགས། ཡིན་ནའང་ལོ་ཚོད་མ་ལོན་པའི་ཁོ་བོས་སྟོད་ལྭ་ཆེ་དྲགས་ཏེ་མི་འཚམས་མོད། ལྷ་རྗེ་རྣམ་ཚང་གཡུ་མཚོའི་ཉེ་འགྲམ་ན་ཡོད་པས། ཐིགས་སྐུད་སོགས་གཡར་ཏེ་སྟོད་ལྭ་ཆུང་བཅུག་ལག་པས་ཚེམ་བུ་དྲུབས་ཏེ་ང་ལ་འགྲིག་པ་ཞིག་བྱུང་། ང་ནི་བསམ་མེད་ཡིན་པས་རང་ཉིད་སྟོད་ལྭ་ཡོད་པས་དགའ་དྲགས་ཏེ་ཕ་འདས་པོ་ལ་གྱོན་པ་མེད་པར་ཕངས་སེམས་སྐྱེ་མ་ཤེས། དེ་དུས་ཕ་འདས་པོས་སྟོད་ལྭ་བསྐྱར་བཟོ་གནང་ཡུལ་གྱི་ས་ཆ་ནི་གཡུ་མཚོ་འདིའི་འགྲམ་དུ་རེད། དེས་ན་གཡུ་མཚོ་འདི་མཐོང་དུས་ངས་ཕ་འདས་པོའི་བྱམས་བརྩེའི་ཞལ་རས་ཡིད་ལ་འཁོར་བྱུང་། སྐབས་དེའི་འཚོ་བ་ད་ལྟ་ཡིན་ན་ཕ་འདས་པོའི་གློ་ན་ང་རང་ཡོད་ཨང་སྙམ་པའི་ཚོར་བ་གཡུ་མཚོའི་རླབས་འཕྲེང་ལྟར་གཡོས་སོང་། ཡིན་ནའང་ལོ་ཟླའི་འགྲོས་ཀྱིས་ཡང་ཡང་བསྐོར་བས་དེ་རིང་གཡུ་མཚོའི་འགྲམ་ན་ལྷ་རྗེ་རྣམ་ཚང་གི་འཚེར་ཤུལ་ཙམ་ཡང་མི་འདུག་ལ་ཕ་འདས་པོའི་གྲིབ་གཟུགས་ཀྱང་ག་ན་ཡོད། ང་ཡང་སླད་མར་གཡུ་མཚོའི་འགྲམ་ན་འགྲོ་ཐུབ་མིན་ཀྱང་ལྐོག་གྱུར་རེད།
སྐྱོ་བ་མི་བྱ་འདི་ནི་འཁོར་བའི་ཆོས་ཉིད་རེད། མི་རྟག་པའི་རི་ཐང་འདི་འདྲའི་འདབས་སུ་འདུ་འབྲལ་གྱི་དགའ་སྐྱོ་ནི་འཇིག་རྟེན་པའི་ལས་དབང་རེད། ཡིན་ནའང་མཚོ་འདིས་སྐད་ཆ་བཤད་ཤེས་པའི་དབང་དུ་བཏང་ན་སྐབས་དེའི་ཕ་ཡི་བརྩེ་བ་ཅི་ཙམ་ཞིག་ཡོད་པ། བུ་ཕྲུག་ང་ལ་བཅངས་པའི་རེ་བ་ཅི་ཙམ་ཡོད་པ། སྐབས་དེའི་འཚོ་བ་དཀའ་ཁག་ཅི་ཙམ་ཡོད་པ་སོགས་མོལ་སྲིད་མོད། ད་ལྟ་ནི་ཆར་འབྲུ་རྡོག་མ་རེ་ཟུང་གཡུ་མཚོར་ལྷུང་སོང་བ་ལས་གྲག་འགུལ་ཅི་ཡང་མི་འདུག །མཚམས་འདིར་བསླེབས་དུས་འདས་དོན་ལས་སད་དེ་ལམ་དུ་ཆས་ལ་རན་པས་གཡུ་མཚོ་བདེ་མོ། གསེར་ཉ་བདེ་མོ། ད་དུང་ལུག་རུ་མེ་ཏོག་བདེ་མོ། །
2015 07 15
ཡ་ཡ་ད་ངོ་མ་ངེད་ཅག་བུ་རུལ་རྣམས་ནི་དྲིན་ཕ་མ་གློ་རུ་ཡོད་དུས་དྲིན་མི་དྲན། ན་ཚོད་རྒས་ལ་ཐུག་དུས་ཆ་མེད་རྒྱུས་མེད་ཀྱི་མི་ཡུལ་དུ་ཁེར་རྐྱང་དུ་འདུག་སྐབས་དྲིན་ཕ་ལོ་མ་ལོའི་བཀའ་དྲིན་དྲན། དྲིན་དྲན་པ་བརྩེ་བ་ཡོད་པའི་དན་རྟགས་ལགས་ཀྱང་་་དྲིན་དྲན་དུས་དྲིན་ལོ་མེད་ཀི་སེམས་མ་སྡུག དེ་ལས་དྲིན་ཕ་མའི་དོན་དུ་འགྲོ་བ་གཞན་ལ་ཕན་འདོགས་དང་ཆོས་གྲུབ་མཐའི་དབར་ལ་ཆགས་སྡང་མེད་པར་རང་ལ་བགོ་སྐལ་གང་བྱུང་དེ་ལ་ཧུར་བརྩོན་གྱིས།
གྲོགས་པོ་ལགས། སྐབས་དེའི་ཆུ་དེ་ད་ལྟ་ཡོད་པ་མ་རེད། དེ་རྒྱུགས་ཟིན་པས་སོ། དེ་ལ་རྒྱུན་གྱི་མི་རྟག་པ་ཟེར།