ཏཱ་ན་བློ་བཟང་།
སྤྲིན་པས་ལྡིང་ཁང་ཕུབ་པ་ལྷོ་ཡི་ཕྱོགས།།
རླུང་བུར་གཤོག་པ་ཐོགས་པ་རྒོངས་ཁའི་དུས།།
ཉི་མའི་ཚོར་བ་དེ་ཡང་དམར་པོ་ཡིས།།
མི་སེམས་སྒུལ་སོང་སྐུད་སྣེ་འདར་ལྕིག་ལྕིག།།
སྤང་ལ་དྲན་པ་ཤོར་བ་རླབས་གཉེར་ཆགས།།
ཕྱིར་མིག་ལམ་དུ་ཆས་པ་གྲང་ཤུར་ཤུར།།
འཚོ་བའི་མཁའ་དབུགས་དེ་ཡང་སྐར་ཆ་ཙམ།།
བསེར་མ་རླུང་བུས་ནུབ་ཁའི་སྙན་ངག་བྲིས།།
གངས་ཀྱི་འདབ་མ་བབས་པའི་རི་འདབ་ནས།།
གསེར་ཏོག་རྒྱ་ཕིབས་སེར་པོ་དགོང་ལ་ཟུགས།།
འདབ་ཆགས་སྟོང་གིས་དབྱངས་རྟ་འཐེན་པ་དེ།།
འཁོར་བའི་གྲོང་གི་གླུ་སྐད་དང་པོ་འོ།།
ཇ་ཤིང་ཟིལ་བ་ཁྲོམ་མེ་སྙིང་ལ་ཟུགས།།
སྙིང་གི་འོད་མདང་དེ་ཡང་རླངས་པ་བཞིན།།
དུང་བས་མཚན་མོ་སྒུལ་བའི་ས་སྲོས་འདིར།།
དགུ་ཚིགས་ཀློང་ནས་སྐར་འོད་འཁྱག་ལ་འབྱར།།
སེམས་ཀྱི་དམིགས་པ་ཕྱི་རོལ་ཡུལ་ལ་ཤོར།།
ཡུལ་གྱི་ཁྲུང་ཁྲུང་ལག་རྡང་འཐེན་ནས་འཕུར།།
འཁོར་བའི་གསང་བ་ཉུལ་པའི་མགྲོན་པོ་དེ།།
སྐྱོ་ངལ་མགོ་འཇུག་མེད་པར་འཐིབ་ནས་ཐལ།།
བོད་རྒྱལ་ལོ ༢༡༤༢/༡ /༡༡ ལ།