ཁང་ཟླ་སྲས།
ཚེ་འདིའི་ཕན་ན་འཚོ་བ་གཞན་ཡོད་ཅེས།།
ཐར་པ་འཚོལ་རྣམས་སྤོབས་པས་བསྒྲགས་མོད་ཀྱང་།།
མར་མེ་ཤི་དང་སྡོང་རྒན་འགྱེལ་བ་ལྟར།།
ཀུན་གྱིས་མྱང་བ་འདི་སྣང་ཙམ་དུ་ངེས།།
མི་རྣམས་འཚོ་བ་སྡུག་གི་ཆེད་མིན་ཡང་།།
འཚོ་བའི་གཞུང་ལམ་སྡུག་བསྔལ་གཟེར་གྱིས་ཁེངས།།
གཟེར་རྩེ་རེ་རེ་འགོག་པའི་སྦྱོར་བ་རུ།།
གསར་རྙིང་ལྟ་བའི་རྣམ་གཞག་མང་དུ་བྱུང་།།
འོན་ཀྱང་མྱོང་བྱེད་རྣམ་པར་ཤེས་པའི་རྒྱུན།།
མ་རིག་འཛད་དང་ཤེས་རབ་རྒྱས་ཁྱད་ཀྱིས།།
རྟེན་འབྱུང་འཁོར་ལོའི་རིམ་པ་རྣམ་གཉིས་སུ།།
འཆད་པ་ནང་བསྟན་མཁས་པའི་སྒྱུ་འཕྲུལ་ཉིད།།
འདི་ལ་རིག་གསར་བ་དག་ཞིབ་དཔྱད་ཀྱང་།།
གང་ཞིག་བདེན་པའི་གཞི་རྩ་མ་རྙེད་པས།།
ཆོས་ཀུན་རྡུལ་རྫས་གྱིས་ནི་གྲུབ་སོ་ཞེས།།
སྨྲ་བ་ཡང་མཁས་པའི་གསུང་དུ་གོ་བར་དཀའ།།
བླུན་པོ་དག་ནི་ཚོར་བའི་བཅུད་ཀྱིས་བཟི།།
མཁས་རྣམས་འདུ་ཤེས་རྩོད་པའི་གྲི་ལ་ལྕེབས།།
བསམ་གཏན་པས་ཀྱང་མུན་བསྒོམས་བྱེད་དུས་འདིར།།
གོ་ལའི་ཁམས་འདིར་སྣང་བ་སུ་ཡིས་བསུ།།
མདོར་ན་རྒྱུ་མཚན་ལྡན་པའི་དད་པ་དང་།།
རིག་གསར་པ་ཡི་རྣོ་ངར་དོག་སློང་གཉིས།།
མི་ཚེ་འདི་ལ་ལྷན་དུ་དྲིལ་ཤེས་ན།།
ད་གཟོད་བདེ་བའི་ལམ་བུ་རྙེད་པ་ཡིན།།
བྲོ་བ་དང་ཉམས་གཉིས་ཀ་འདུག