༄༅། །འབར་ཁམས་ཀྱི་གནའ་བོའི་རྡོ་མཁར།
རྩོམ་པ་པོ། ཏ་རེ་སྐྱིད། སྒྲོལ་དཀར་སྐྱིད།
འབར་ཁམས་ནི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་ལ་ཡོད། ས་རྒྱ་ལ་སྤྱི་ལེ་གྲུ་བཞི་མ་6633ཡོད་པ་དང་། འབར་ཁམས་གྱི་ལོ་རྒྱུས་ཡུན་རིང་ཞིང་། རྫོང་ཁོངས་སུ་ལྷ་ཤུགས་གནའ་ཤུལ་དང་མཁོ་ནོ་གནའ་ཤུལ་ལ་བརྟག་ཞིབ་བྱས་པ་ལྟར་ན་འབར་ཁམས་ཀྱི་ལོ་རྒྱུས་ནི་གནའ་རབས་རྡོ་ཆས་གསར་པའི་དུས་རབས་སུ་ཁུངས་འདེད་བྱེད་ཐུབ། འབར་ཁམས་རྫོང་གི་གྲོང་མི་མང་ཆེ་བ་ནི་རྒྱལ་རོང་བ་ཡིན་ལ། 2006ལོར་བསྡོམས་རྩིས་བྱས་པ་ལ་མི་གྲངས་ཁྲི་5.5་ཙམ་ཡོད་ལ་དེའི་ནང་བོད་རིགས་ཁྲི་4ཙམ་ཡོད་པས་བརྒྱ་ཆ་71.91ཟིན། རྒྱལ་རོང་ཞེས་པ་ནི་རྒྱལ་མོ་ཚ་བ་རོང་གི་བསྡུས་མིང་ཡིན།
ལོ་རྒྱུས་ཐོག་རྡོ་མཁར་འཛུགས་སྐྲུན་བྱས་པའི་དུས་རབས་དང་འཛུགས་གནས། དབྱིབས། མཐོ་ཚད། ཐོབ་ཐང་སོགས་མི་འདྲ་བས་སོ་སོ་ལ་རང་རང་གི་སྤྱོད་སྒོ་དང་མཚོན་དོན་ཡོད་དེ། ལ་ལ་ནི་དམག་བརྡ་གཏོང་བྱེད་དང་ལ་ལ་ནི་གཡུལ་ས་དང་། ཉེན་གཡོལ་ཁང་། མཐའ་མཚམས་ཀྱི་རྟགས། ཆོས་སྒྲུབ་ས། བང་མཛོད་སོགས་ཡིན་པ་མ་ཟད། ད་དུང་རྒྱལ་པོའི་དབང་ཆ་དང་གོ་གནས་མཚོན་རྟགས་ཀྱང་ཡིན། ང་ཚོས་དཔྱད་པ་ལྟར་ན་འབར་ཁམས་ཀྱི་ཁོངས་སུ་ད་ལྟ་རྡོ་མཁར་61དང་མཁར་ཁྱིམ་760ཡོད། དེའི་ནང་དུ་རྡོ་མཁར་ཟུར་བརྒྱད་ཅན་3དང་ཟུར་དྲུག་ཅན་2 ཟུར་ལྔ་ཅན་མཁར་2ཡོད་ལ་གཞན་རྣམས་ཟུར་བཞི་ཅན་ཡིན། དེ་དག་ལོ་ངོ་བརྒྱ་ཕྲག་ཁ་ཤས་འདས་ཀྱང་སྤུས་ཀ་ལེགས་ཤིང་རྒྱ་ཁྱོན་ཆེ་བའི་རྒྱལ་པོའི་མཁར་དང་རྡོ་མཁར་སོགས་ད་ལྟའང་ཡོད་པ་མ་ཟད། དེའི་ནང་དུ་ཟུར་ལྔ་ཅན་དང་། བརྗིད་རྔམ་ཆེ་ཞིང་ལྟ་ན་སྡུག་པའི་ཟུར་བརྒྱད་ཅན་དང་། གས་སྐྱོན་ཡོད་པའི་ཟུར་དྲུག་ཅན་གྱི་རྡོ་མཁར་སོགས་ཡོད། དེ་མིན་ད་ལྟ་བེད་སྤྱོད་བཞིན་པའི་མཁར་ཁྱིམ་མང་པོ་ཡོད། གཞན་ཡང་རྡོ་མཁར་གྱི་རྩིག་ངོས་ལ་ལྟ་ན་སྡུག་པའི་རི་མོ་ཁྱད་པར་ཅན་ལྡན།
རྒྱལ་པོའི་རྡོ་མཁར།
འབར་ཁམས་ལ་སྔར་རྒྱལ་ཁག་བཞི་ཟེར་བའི་རྒྱུ་མཚན་ནི་འབར་ཁམས་ས་ཁུལ་ལ་སྔར་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ནང་གི་མཆོག་རྩེ་རྒྱལ་པོ་དང་རྫོང་འགག་རྒྱལ་པོ། དམ་པ་རྒྱལ་པོ། སོ་མང་རྒྱལ་པོ་བཅས་རྒྱལ་ཁག་བཞི་ཡོད་པ་ཡིན། རྒྱལ་པོའི་ཕོ་བྲང་རྡོ་མཁར་བཟོ་སྐབས་རང་རང་གི་མངའ་ཁོངས་ནས་རྡོ་བཟོ་ལག་རྩལ་ཆེས་ལེགས་པོ་ཡོད་པ་ལ་བཀའ་བཏང་ནས་སྐྲུན་དུ་འཇུག་པ་མ་ཟད། རྒྱལ་པོ་གཞན་པའི་མངའ་འོག་གི་བཟོ་མཁས་པ་གདན་དྲངས་ཏེ་སྐྲུན་པ་ཡིན་པ་དང་། རྡོ་མཁར་བཟོ་སྐབས་མི་ཤུགས་དང་དངོས་ཤུགས་འབོར་ཆེན། དུས་ཡུན་རིང་པོ་བཅས་སོང་ཡོད་པས། རྒྱལ་པོའི་ཕོ་བྲང་དང་རྡོ་མཁར་གྱི་བཟོ་སྐྲུན་རྒྱ་ཁྱོན་ཆེ་ཞིང་བཟོ་སྐྲུན་སྤུས་ཀ་ལེགས་པ་མ་ཟད། རྒྱལ་རོང་བོད་དམངས་རྡོ་མཁར་བཟོ་བའི་ལག་རྩལ་ཆེས་མཐོ་བའི་ཆུ་ཚད་མཚོན་ཐུབ།
མཆོག་རྩེ་རྒྱལ་པོའི་རྡོ་མཁར་།
མཆོག་རྩེ་རྒྱལ་པོའི་རྡོ་མཁར་ནི་འབར་ཁམས་རྫོང་མཁར་དང་བར་ཐག་སྤྱི་ལེ་བདུན་ཡོད་པའི་ཤར་ཕྱོགས་ཀྱི་མཆོག་རྩེ་གྲོང་བརྡལ་གྱི་སའི་སོ་གྲོང་སྡེར་ཡོད་ལ། མཆོག་རྩེའི་རྒྱལ་རབས་དང་པོ་ནི་སྤྱི་ལོ་1286ལོར་སྲིད་དབང་འཛིན་འགོ་བཟུང་བའི་རྒྱལ་པོ་སྟག་འབུམ་ཡིན་པ་དང་། དེ་ནས་བཅིངས་འགྲོལ་མ་གཏོང་བར་དུ་རྒྱལ་རྒྱུད་ཁྱོན་བསྡོམས་བཅུ་བདུན་སོང་། རྒྱལ་པོ་སྟག་འབུམ་ནི་སོ་མང་རྒྱལ་རབས་གསུམ་པའི་རྒྱལ་པོ་རྒྱལ་སྩ་བན་ཐར་གྱི་བུ་གསུམ་ལས་ཆུང་བ་ཡིན། མཆོག་རྩེ་རྒྱལ་རབས་གསུམ་པའི་རྒྱལ་པོ་ནམ་མཁའ་འབུམ་གྱིས(1401ལོ་ནས་1447)སྲིད་དབང་བཟུང་དུས། རྒྱལ་པོས་རྗེ་ཙོང་ཁ་པའི་དངོས་སློབ་ཚ་ཁོ་ངག་དབང་གྲགས་པར་རོགས་བྱས་ནས་མཆོག་རྩེ་རྡོ་མཁར་ཡི་ལྷོ་ཕྱོགས་སུ་ཚ་ཁོ་དགོན་པ་བཏབ། མཆོག་རྩེ་རྒྱལ་རབས་ལྔ་བའི་རྒྱལ་པོ་རྒྱ་གར་འབུམ་(1512ལོ་ནས་1571)གྱིས་སྲིད་དབང་འཛིན་དུས། རྒྱལ་པོས་ཁུ་འཇོ་བླ་མ་ནོར་བུ་ལ་རོགས་བྱས་ནས་མཆོག་རྩེ་རྡོ་མཁར་འགྲམ་དུ་སའི་སོ་དགོན་པ་བཏབ་པ་དང་རྗེས་སུ་དགོན་པ་ནང་དུ་བླ་མ་ནོར་བུའི་སྐུ་གདུང་བཞེངས་ཡོད། མཆོག་རྩེ་རྒྱལ་རྒྱུད་ཀྱི་ནང་དུ་རྒྱལ་མོ་གཉིས་ཡོད་ལ་དེ་ནི་རྒྱལ་རབས་བཅུ་གཅིག་པ་རྒྱལ་མོ་གཡུང་དྲུང་ལྷ་མོ་(1818ལོ་ནས་1843)དང་རྒྱལ་རབས་བཅུ་གསུམ་པ་རྒྱལ་མོ་རིན་ཆེན་ལྷ་མོ་(1873ལོ་ནས་1891)གཉིས་ཡིན། མཆོག་རྩེ་རྒྱལ་རབས་བཅོ་ལྔ་བའི་རྒྱལ་པོ་མཁྱེན་རབ་དམ་པ་རྒྱ་མཚོ་ནི་(1894ལོ་ནས་1910)དགེ་ལུགས་པའི་བླ་མ་ཡིན་པས་རྒྱལ་རྒྱུད་མེད་པས། 1912ལོར་ཝུན་ཁྲོན་བ་སི་རྒྱལ་རབས་ཉེར་གཉིས་པའི་རྒྱལ་པོ་སོ་ཀོ་ཞིན་གྱི་བུ་བསོད་ནམས་ཚེ་རིང་གིས་མཆོག་རྩེ་རྒྱལ་རབས་བཅུ་དྲུག་པ་བྱས། མཆོག་རྩེ་རྒྱལ་རབས་རྗེས་མའི་སྲིད་དབང་འཛིན་མཁན་ནི་སོ་ཀོ་ཁོན་ཡིན། 1935ལོའི་ཟླ་7པར། མའོ་ཙེ་ཏུང་དང་ཀྲུའུ་ཏེ་བཅས་དམར་དམག་རྒྱང་འགྲོ་དུས་སུ་མཆོག་རྩེ་རྡོ་མཁར་དུ་ཉི་མ་ཁ་ཤས་བསྡད་མྱོང་། 2005ལོར་རྒྱལ་ཁབ་འབྲེལ་ཡོད་སྡེ་ཁག་གིས་མ་དངུལ་བཏང་སྟེ་ཡུལ་མི་རྣམས་ཀྱིས་སྔར་གྱི་རྡོ་མཁར་གྱི་་རྨང་གཞིའི་ཐོག་ཞིག་གསོ་བྱས་ཏེ་ད་ལྟ་རྒྱལ་རོང་མི་དམངས་ཀྱི་རིག་གནས་དང་དམར་དམག་རྒྱང་སྐྱོད་རིག་དངོས་བཤམས་སྟོན་ཁང་དུ་གྱུར།
འབར་ཁམས་ཀྱི་མཆོག་རྩེ་དང་རྫོང་འགག དམ་པ། སོ་མང་བཅས་ཀྱི་རྒྱལ་པོ་བཞིའི་རྡོ་མཁར་ལ་དཔྱད་པ་ལྟར་ན། མཆོག་རྩེའི་རྡོ་མཁར་ནི་སྔར་བརྩེགས་དགུ་ཡིན་ལ་ཕྱིས་སུ་བརྩེགས་དྲུག་གྱུར་པ་ལས་གཞན་པའི་རྡོ་མཁར་ཚང་མ་བརྩེགས་དགུ་ཅན་ཡིན། དེ་མིན་གྲོང་མི་ཚོའི་རྡོ་མཁར་ནི་བརྩེགས་བདུན་མན་ཡིན། དེ་ནི་གནའ་བོའི་རྒྱ་ཡིག་དུ་འཁོད་པའི་“རྒྱལ་པོ་བརྩེགས་དགུ་ལྡན་པའི་ཁང་དུ་སྡོད་”དང་མཐུན། ང་ཚོས་1907ལོར་འབར་ཁམས་ཡོང་བའི་དབྱིན་ཇི་བ་པུ་ལུ་ཁེ་ཡིས་བླངས་པའི་མཆོག་རྩེའི་རྡོ་མཁར་གྱི་པར་ལ་བལྟས་ན། ལོ་བརྒྱ་སྔོན་གྱི་མཆོག་རྩེའི་རྡོ་མཁར་ནི་བརྩེགས་དགུ་ཡིན་པ་རྟོགས་ཐུབ།
རྫོང་འགག་རྒྱལ་པོའི་རྡོ་མཁར་།
རྫོང་འགག་རྡོ་མཁར་ནི་འབར་ཁམས་རྫོང་ནུབ་ཕྱོགས་སྤྱི་ལེ་16ཡོད་པའི་རྫོང་འགག་གྲོང་བརྡལ་གྱི་འབྲུག་འཁྱིལ་རི་སྒང་དུ་གནས། རྡོ་མཁར་ནི་སྤྱི་ལོ་634ལོར་རྫོང་འགག་འཕན་ཁོའི་(ཁོ་འཕན་ཡང་ཟེར)རི་ཐོག་ཏུ་བཞེངས། སྤྱི་ལོ་736ནས་791ལོའི་བར་ལོ་ཆེན་བཻ་རོ་ཙ་ན་རྫོང་འགག་ཏུ་བྱོན། སྤྱི་ལོ་780ལོར་སྔར་ཆུ་ཕོ་ལ་ཡོད་པའི་བོན་དགོན་ཞིག་ནང་བསྟན་ཆོས་ལུགས་ལ་བསྒྱུར་ནས། མིང་ལ་ཆུ་འཕོ་ནོར་བུ་གླིང་ཞེས་བཏགས། འཕན་བཞེར་ནི་ཞང་ཞུང་དཔོན་ཞིག་གི་རྒྱུད་ཡིན་ལ་བོད་རྒྱལ་གྱིས་རྒྱལ་རོང་ས་ཁུལ་དུ་མངག་པའི་དམག་དཔོན་ཡིན། འཕན་བཞེར་བུ་གཉིས་ཡོད་པས་གཅིག་གིས་རྫོང་འགག་གི་རྒྱལ་རྒྱུད་བཟུང་བ་དང་། གཅིག་ནི་ཁྲོ་སྐྱབས་རྒྱལ་རྒྱུད་ཀྱི་རྒྱལ་རབས་དང་པོ་ཡིན། སྤྱི་ལོ་1254ལོར་རྒྱལ་པོ་རྣམ་རྒྱལ་གྱིས་རྒྱལ་སྲིད་འཛིན་དུས་རྒྱལ་མཁར་འཕན་ཁོ་ནས་འབྲུག་འཁྱིལ་རི་སྒང་དུ་སྤོས། སྔར་འབྲུག་འཁྱིལ་རི་སྒང་ཐོག་ལ་ཡོད་པའི་རྫོང་འགག་རྡོ་མཁར་ཞིག་ནས་ཤུལ་ཙམ་ལས་མེད་ཀྱང་དེའི་གཡས་གཡོན་གྱི་ཟུར་བཞི་ཅན་གྱི་རྡོ་མཁར་གཉིས་པོ་བརྩེགས་དགུ་ལྡན་པ་ད་ལྟའང་ཡོད། སྔར་དམག་འཐབ་ཀྱི་སྐབས་སུ་མི་རྣམས་རྡོ་མཁར་ནང་ཡིབ་ཐུབ་པ་མ་ཟད། མི་རྣམས་ཀྱིས་དོང་ལམ་ནས་ཆུ་འགྲམ་དུ་ཕྱིན་ཏེ་ཆུ་ལེན་པ་དང་། ཕ་རོལ་པོ་ལ་དམག་བཀྱེ་ས་བྱེད་ཐུབ་པ་མ་ཟད། རྒྱུ་ནོར་གསོག་འཇོག་བྱེད་སའང་ཡིན། རྒྱལ་རོང་བ་རྣམས་ཀྱིས་རྡོ་མཁར་མིང་ལ་“ཁོ་བྲོ”ཟེར་བ་ནི་རྒྱུ་ནོར་འཇོག་གནས་ཞེས་པའི་དོན་ཡིན། ལོ་རྒྱུས་ཐོག་རྡོ་མཁར་ནི་རྒྱལ་པོའི་དབང་ཆ་དང་ཐོབ་ཐང་མཚོན་བྱེད་ཡིན་པས། རྒྱལ་པོའི་རྡོ་མཁར་ནི་ས་དེའི་ཆེས་མཐོ་བ་དང་། ཟུར་མང་བ། བརྗིད་ཉམས་ཆེ་བ་དང་རྩིག་རྩལ་ཆེས་ལེགས་པའི་རྡོ་མཁར་ཡིན།
དམ་པ་རྒྱལ་པོའི་རྡོ་མཁར།
དམ་པ་རྒྱལ་པོའི་རྡོ་མཁར་ནི་འབར་ཁམས་རྫོང་དམ་པའི་ཡུལ་ཚོའི་ཀ་ལིང་གྲོང་ཚོ་ལ་ཡོད། དམ་པ་རྒྱལ་པོ་དགེ་ལེགས་ཀྱིས་སྲིད་དབང་མ་བཟུང་སྔོན་དུ།(སྤྱི་ལོ་1685ལོ་ནས་1693བར)དགེ་ལེགས་རྒྱལ་པོས་སྲིད་དབང་བཟུང་བ་ནས་བཅིངས་འགྲོལ་མ་གཏོང་བར་དམ་པ་རྒྱལ་པོའི་རྒྱལ་རྒྱུད་ཉེར་གཉིས་བརྒྱུད་ལ། དེའི་ནང་ལ་རྒྱལ་མོ་གཉིས་བྱུང་མྱོང་སྟེ་གཅིག་ནི་ཚེ་རིང་ལྷ་སྐྱིད་(1893ལོ་ནས་1926བར་) དང་གཅིག་ནི་རྗེས་རབས་རྒྱལ་མོ་བསོད་ནམས་དབང་མོ་(1946ལོ་ནས་བཅིངས་འགྲོལ་བཏང་སྔོན)ཡིན། དམ་པ་རྡོ་མཁར་གཡས་གཡོན་ལ་སྔོན་རྡོ་མཁར་གཉིས་ཡོད་ལ་དམ་པ་རྡོ་མཁར་དང་གཡོན་ཕྱོགས་ཀྱི་རྡོ་མཁར་ནི་1933ལོར་བརླགས། ད་ལྟ་གཡས་ཕྱོགས་ཀྱི་རྡོ་མཁར་ཡོད་ཅིང་ཟུར་བཞི་ཅན་ཡིན་ལ། བལྟས་ན་གཟི་བརྗིད་ལྡན་ཞིང་བརྩེགས་དགུའི་མཐོ་ཚད་སྨི་29ཡོད། མཁར་མགོ་ཕྱོགས་བཞི་ལ་པད་རྒྱན་ཡོད། རྗེས་རབས་རྒྱལ་མོ་བསོད་ནམས་དབང་མོས་རྡོ་མཁར་སླར་གསོ་བྱེད་ཆེད་ཤིང་ཆ་མང་པོ་གྲ་སྒྲིག་བྱས་ཀྱང་། བཅིངས་འགྲོལ་བཏང་རྗེས་བསོད་ནམས་དབང་མོས་ཤིང་ཆ་དེ་ཚང་མ་དམ་པའི་གྲོང་ཚོ་དགུ་ལ་བགོས་ནས་སློབ་གྲྭ་འཛུགས་རྟེན་བྱས།
སོ་མང་རྒྱལ་པོའི་རྡོ་མཁར།
སོ་མང་རྒྱལ་པོའི་རྡོ་མཁར་ནི་སོ་མང་ཡུལ་ཚོ་མུར་ཁྱུ་གྲོང་ཚོ་ནང་ཡོད་ལ། སྔར་གྱི་སོ་མང་རྡོ་མཁར་གྱི་གཡས་གཡོན་དུ་རྡོ་མཁར་གཉིས་ཡོད་ཀྱང་ད་ལྟ་ནུབ་ཕྱོགས་ཀྱི་རྡོ་མཁར་བརྩེགས་དགུ་མ་ལས་མེད་དེ་། སོ་མང་རྒྱལ་རབས་དང་པོ་ནི་བཙན་པོའི་གདུང་རྒྱུད་མངའ་བདག་ཁྲི་ལྡེའི་བུ་མདའ་དར་དཀོན་མཆོག་སྐྱབས་ཡིན། ཁོང་ནི་སྤྱི་ལོ་1183མངའ་རིས་ནས་ལྷ་རྒྱལ་གླིང་དུ་ཕེབས། རྒྱལ་པོ་ནོར་བུས་རྒྱལ་སྲིད་བཟུང་དུས་(1301ལོ་ནས་1354བར) ལྷ་རྒྱལ་གླིང་ནས་མུར་ཁྱུར་སྤོས། རྡོ་མཁར་མིང་ལ་ཕོ་བྲང་འགྱུར་མེད་མཁར་ལྗོངས་ནོར་བུའི་གླིང་ཟེར། མདའ་དར་དཀོན་མཆོག་སྐྱབས་ཀྱིས་སྲིད་དབང་བཟུང་ནས་1913ལོར་བདུད་འདུལ་པད་མ་རིག་འཛིན་གྱི་བར་རྒྱལ་རབས་བཅུ་དྲུག་བརྒྱུད། 1914ལོ་ནས་1950བར་སོ་མང་ལ་རྒྱལ་པོ་རེས་སྡོད་ཀྱི་རྣམ་པས་སྲིད་བཟུང་། སོ་མང་རྒྱལ་རྒྱུད་ཀྱི་ནང་དུ་སྙན་གྲགས་ཆེ་བའི་རྒྱལ་མོ་གཉིས་ཡོད་ལ་གཅིག་ནི་(1737ལོ་ནས་1757བར)རྒྱལ་མོ་སྒྲོལ་མ་མཚོ་དང་། རྒྱལ་མོ་བསོད་ནམས་སྒྲོལ་མ་(1798ལོ་ནས་1814བར)གཉིས་ཡིན། ཆིང་གོང་མ་ཆན་ལུང་གིས་ཆུ་ཆེན་ལ་དམག་ཐེངས་གཉིས་གཏོང་སྐབས། རྒྱལ་མོ་བསོད་ནམས་མཚོས་ཆིང་གོང་མ་ལ་ལ་རྒྱབ་སྐྱོར་བྱས་པས། གོང་མ་ཆན་ལུང་གིས་‘ཡིག་དཔོན་རྣམས་འགྱོགས་དང། དྲག་དཔོན་རྣམས་རྟ་ཐོག་ནས་འབབ་’ཅེས་པའི་གསེར་བྱང་གནང་། གསེར་བྱང་དེ་ནི་སྔར་སོ་མང་རྒྱལ་སྒོར་ཡོད། དུས་དེར་སོ་མང་རྒྱལ་མོའི་སྙན་གྲགས་ཆེ་བས། 1896ལོར་རང་ལོ་65ལོན་པའི་དབྱིན་ཇིའི་ས་གཤིས་རིག་ཚོགས་ཀྱི་བུ་མོ་ཁོངས་མི་དང་པོ་སྙན་གྲགས་ཆེ་བའི་གནས་ཡིག་རྩོམ་པ་པོ་དབྱི་ས་པེ་ན་པེ་ཏེ་ཁྲེང་ཏུའུ་ནས་སོ་མང་རྒྱལ་མོའི་ལོ་རྒྱུས་ཐོས་པས། ཐག་རིང་ཞིང་ས་དོག་ལ་མ་འཛེས་པ་རྨིན་ཅང་དང་མྱག་ལོ། སྤོ་དཀར་ལ་བཅས་བརྒྱུད་ནས་སོ་མང་རྡོ་མཁར་ལ་ཐོན་པ་དང་དམངས་ཁྲོད་དུ་སོ་མང་རྒྱལ་མོའི་ལོ་རྒྱུས་འདྲི་རྩད་བྱས།
དབྱི་ས་པེ་ན་པེ་ཏེ་ཡིས་རྡོ་མཁར་གྱི་སྒོ་ནི་བླངས་ཆོག་པའི་རྡོ་དང་ས་སྤུངས་པ་ཡིན་པས་དངོས་པོ་སྣ་ཚོགས་རྡོ་མཁར་ནང་དུ་འདྲེན་སླ་བ་དང་། རྟ་ཟོག་ཀྱང་རྡོ་མཁར་ནང་དུ་ཁྲིད་ཆོག མི་རྣམས་ཀྱིས་རྡོ་མཁར་ཕྱིའི་ས་རྡོ་སོགས་བསལ་ནས་སྐས་བཙུགས་ནས་ནང་དུ་སོང་རྗེས་སྐས་མཁར་ནང་དུ་བླངས་ཆོག་པས་རྡོ་མཁར་འདི་མིང་དོན་མཚུངས་པས་ཉེས་གཡོལ་ཁང་ཡིན། རྡོ་མཁར་གྱི་འོག་ཏུ་རྟ་ཟོག་འདོག་པ་དང་སྟེང་དུ་མི་བསྡད། འབྲུ་རིགས་ཀྱང་བཞག་ཆོག དེ་ནི་གྲོང་སྡེ་ཞིག་གི་རྡོ་མཁར་འགའ་ལ་དཔྱད་པ་ལས་ཤེས་པ་ཡིན། སྐབས་དེར་རྒྱལ་པོ་དང་དཔོན་པོ། ཡང་ན་ཕྱུག་པོ་རྣམས་ལ་རང་རང་གི་ཉེན་གཡོལ་བྱེད་སའི་རྡོ་མཁར་ཡོད་ཚོད་རེད། རྡོ་མཁར་གྱི་བཟོ་སྐྲུན་བྱེད་སྟངས་ནི་ཀླ་ཀློས་སྐྲུན་ཐུབ་པ་ཞིག་གཏན་ནས་མིན།
ཟུར་བརྒྱད་རྡོ་མཁར།
འབར་ཁམས་ལ་བརྗིད་ཉམས་ལྡན་ཞིང་བཀོད་ལག་རབ་ཏུ་མཛེས་པའི་རྡོ་མཁར་ཟུར་བརྒྱད་ཅན་གསུམ་ཡོད་པ་སྟེ་དེ་ནི་རྫོང་འགག་གི་ཆུ་ཕོ་གྲོང་སྡེ་ལ་གནས་པའི་བཟོ་བུ་རྡོ་མཁར་དང་བཀའ་ཙུ་རྡོ་མཁར། ཀྱོམ་ཀྱོའི་བྲོ་ཤོག་རྡོ་མཁར་ཡིན། བཟོ་བུ་རྡོ་མཁར་ནི་ལྷོར་གནས་པས་ལྷོ་མཁར་དང་། བཀའ་ཙུ་རྡོ་མཁར་ལ་བྱང་མཁར་ཡང་ཟེར། དེ་གཉིས་ཀྱི་བར་ལ་སྨི་བརྒྱ་ཙམ་ལས་མེད། བཟོ་བུ་རྡོ་མཁར་ཟེར་དོན་ནི་བཟོ་བུ་ཚང་དང་ཉེ་བས་རེད། རྡོ་མཁར་དེ་ནི་ཁ་ཤར་ལ་འཁོར་ཡོད་ཅིང་མཐོ་ཚད་སྨི་29བརྩེགས་དགུ་ཡོད། རྡོ་མཁར་འདི་དང་བྱང་ཕྱོགས་སུ་གནས་པའི་རྡོ་མཁར། འབོ་སྟུག་ཡུལ་ཚོ་བཅས་བར་ལ་འབྲེལ་མཐུད་བྱེད་ཐུབ་པའི་དུང་ལམ་ཡོད་པ་དང་། དུང་ལམ་ནང་ཆུ་ཁུར་བའི་མི་གཉིས་ཐུག་ནའང་འགྲོ་ཆོག་པར་བཤད། རྡོ་མཁར་འདི་བཟོ་སྐྲུན་བྱས་པའི་ལོ་ནི་ཧྥ་རན་སིའི་ཧྥ་ཏེར་ཁེ་ཏ་རུག་གིས་རྡོ་མཁར་གྱི་ཤིང་ལ་དཔྱད་པ་ལྟར་ན་སྤྱི་ལོ་1230དང་1400བར་ཡིན།
ཀྱོམ་ཀྱོའི་བྲོ་ཤོག་རྡོ་མཁར་རྫོང་ལ་མཐོ་ཚད་སྨི་43.2བརྩེགས་དགུ་ཡོད། འདི་ནི་ད་ལྟ་རྒྱལ་ཡོངས་ཀྱི་ཟུར་བརྒྱད་རྡོ་མཁར་ཆེས་མཐོ་བ་ཡིན། དེའི་ཤིང་ལ་དཔྱད་པ་ལྟར་ན་དེ་ནི་སྤྱི་ལོ་1400ནས་1470ལ་སྐྲུན་པ་ཡིན།
དེ་མིན་འབར་ཁམས་ལ་བཀོད་ལེགས་རྡོ་མཁར་ཟུར་ལྔ་ཅན་དང་། མཁར་ཁང་མཐུད་པ་དམངས་ཀྱིས་རྡོ་ཁང་དུ་སྐྲུན་པའི་རྡོ་མཁར་སོགས་ཡོད། རྡོ་མཁར་ལ་ལའི་རྩིག་ངོས་རྡོ་དཀར་གྱིས་གཡག་མགོ་དང་རྟ་མཆོག་སོགས་དོད་དུ་བཅུག་ཡོད། ལོ་རྒྱུས་དང་ཁྱད་པར་དུ་རྡོ་མཁར་སྐོར་གྱི་དཔྱད་གཞི་ཡིག་ཆ་རབ་ཏུ་དཀོན་པས། ང་ཚོས་འབར་ཁམས་ས་ཁུལ་གྱི་རྡོ་མཁར་གྱི་གནས་ཚུལ་གསལ་བོ་ཤེས་པར་དཀའ་ནའང་། ད་ལྟ་ཡོད་པའི་རྡོ་མཁར་ལ་རྩད་ཆོད་ཞིབ་འཇུག་དང་དམངས་ཁྲོད་ཀྱི་བཤད་སྲོལ་སོགས་འཚོལ་སྡུད་བྱས་པར་བརྟེན། རྡོ་མཁར་ལ་ངོས་འཛིན་ངེས་ཅན་ཡོད་པ་འདིའོ། རྡོ་མཁར་ཞིབ་འཇུག་བྱེད་རྒྱུ་འདི་ནི་བོད་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ཞིབ་འཇུག་བྱེད་པའི་བདེན་དཔང་དང་རིག་གནས་ཤུལ་བཞག་ཕུལ་བྱུང་ཞིག་ཡིན་ཞིང་། འདི་རྣམས་འཛམ་གླིང་རིག་གནས་རྗེས་ཤུལ་གྱི་མིང་ཐོར་འགོད་པའི་ཡར་ཞུ་ཕུལ་ཡོད།
ཕྱི་གླིང་བུད་མེད་བོད་ཀྱི་རྡོ་མཁར་ཞིབ་འཇུག་པ་ཞིག་ཡོད་པ་དེའི་མིང་ལ་བདེ་སྦྱིན་བཟང་མི་ཟེར་རམ།
རྫོགས་ཆེན་པ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་རང་རྣམ་དུ་སོ་མང་རྒྱལ་མོ་མ་བུ་གཉིས་ཀྱིས་སྐྱབས་ཞུའི་ཡི་གེ་ཕུལ་ལུགས་འདུག་པ་དེ་རྒྱལ་མོ་བསོད་ནམས་སྒྲོལ་མ་ཡིན་བསམས།
དེ་ལ་བརྟེན་ནས་རྒྱལ་རོང་ཅོག་ཙེ་རྒྱལ་པོའི་ཐུགས་མ་བདེ་བར་ཞབས་དཀར་ཚང་ལ་ཁོ་རང་ལ་མཐུ་གཏད་མ་གནངས་རོགས་ཞེས་པའི་ཡི་གེ་ཕུལ་བ་དང་། ཞབས་དཀར་བ་ཚང་གིས་དེའི་ལན་དུ། ང་གཞོན་སོ་དཀར་གྱི་དུས་སུ་གཞན་ལ་མཐུ་གཏད་བྱེད་མ་མྱོང་བ་ཞིག་གིས་རྒན་མགོ་དཀར་གྱི་དུས་སུ་དེ་འདྲ་གཏན་ནས་བྱེད་མི་སྲིད། སོ་མང་རྒྱལ་མོ་མ་བུ་གཉིས་ཀྱི་ཡི་གེའི་ནང་དུ་མོ་མ་བུ་གཉིས་ལ་ཚེ་སྒྲུབ་རེ་བྱོས་ཟེར་བ་ལས་ཅི་ཡང་མི་འདུག་ཅེས་ཡིག་ལན་དང་ཆོས་ཀྱི་ལེགས་སྐྱེས་གནང་འདུག་པར་བརྟགས་ན། འདི་དུས་སོ་མང་དང་ཅོག་ཙེ་རྒྱལ་ཁག་གི་བར་དུ་འབངས་མི་སེར་དང་དབང་ཆ། ཡང་ན་ས་ཞིང་དང་ཆོས་ལུགས་ཀྱི་རྩོད་རྙོག་ཅིག་ཡོད་འདུག