ཏཱ་ན་བློ་བཟང་།
ལྷིང་འཇགས་མཚན་མོའི་ཁ་དབུགས་ཟླ་འོད་ལ་འདྲེས་ན།།
དུངས་པའི་རྒྱུ་སྐར་ལྷེམ་ལྷེམ་མཁའ་མཐའ་ནས་འཚེར་བས།།
གངས་ཀྱི་འདབ་མ་ཐོར་བའི་དྭངས་གཙང་གི་རླབས་རིས།།
མིག་སྤུའི་མཐའ་ནས་འཛུམ་པའི་ཟིལ་ཆབ་ལ་འཐིམ་སོང་།།
ལམ་ཆེན་ཐགས་སུ་འཐེན་པའི་གཞི་མདོ་ལ་བལྟས་ན།།
ཁྱི་སྐད་གཉོམ་པོ་རླུང་གི་རྒྱུ་བ་དང་སྡེབ་པས།།
སེམས་པར་འཚུབ་ཆ་འཁོར་བའི་བསམ་གཞིག་གི་མེ་ལོང་།།
མུན་པར་སྙན་ངག་བརྩེགས་པའི་མིག་ཆུ་དེ་ཡིན་སོང་།།
སྐར་ཚོགས་ངོས་ལ་ཡུལ་གྱི་ལྷིང་འཇགས་དེ་འཕྲོས་པས།།
ལྗོན་ཤིང་རྩེ་མོ་འདར་བའི་ཤག་སྒྲ་ལ་ཉན་ན།།
ཕྱི་ནང་མེད་པར་བཞུར་བའི་མི་སེམས་ཀྱི་ཐིགས་པ།།
དབྱངས་ཀྱི་ཕར་ནང་མཐོང་བའི་ཆུ་ཤེལ་དེ་ཡིན་སོང་།།
སེམས་ཀྱི་ཟབ་སར་ལྷུང་བའི་རྨི་ལམ་གྱི་མཛེས་སྡུག།
སྐྲ་ཤུད་སྨ་ར་ཐོར་བའི་བགྲེས་པོ་དེ་ཡིན་ན།།
དྭངས་གཙང་འོད་ཀྱིས་གང་བའི་བྱིས་དུས་ཀྱི་འཚོ་བ།།
འོ་ཇ་ཁམ་གང་འཐུང་སའི་ཕོར་བ་ཁ་ནས་ཤུད་སོང་།།
སྒེའུ་ཁུང་ནུབ་ཁར་གཏན་པ་སུན་སྣང་གི་གཞི་མ།།
ནུབ་རླུང་དལ་བུར་གཡོ་བ་སྟོང་བསམ་གྱི་ཡལ་ག།།
བདེ་ལྡན་ཞིང་ནས་འཕྱུར་བའི་དུད་སྤྲིན་ཞིག་ཡིན་པས།།
ལུས་ཀྱི་དབང་རྩ་འགྱེད་པས་རྩམ་དྲི་དེ་ཤོར་ཐལ།།
ལོ་མང་བྲིས་པའི་ངྷི་སྐད་གྱ་གྱུ་མའི་འདབ་ལོ།།
གསེར་གྱི་སྒོ་ཆེན་རྡུང་བའི་མཚན་གཞུང་འདིར་བཞུར་བས།།
སྟོང་བ་མཐའ་དབུས་མེད་པའི་ཨ་ཇོ་ངའི་མགུར་ལ།།
དབྱངས་ཅན་ལྷ་མོ་འཛུམ་པའི་ཟུར་མིག་ཅིག་གནང་རོགས།།
དྲན་པ་རྒྱང་དུ་ཡལ་སོང་གཟུགས་མེད་ཀྱི་ཁ་བ།།
མུ་ཏིག་རྡོག་མ་ཐོར་བའི་མཚན་གུང་འདིར་འཕྲོས་སོང་།།
མུན་པས་འཇིགས་སྣང་སྐུལ་བ་སྐྱོ་གདུང་གི་རླབས་སྒྲ།།
ཟེར་མ་གཉིད་ལྕོག་ཅན་དེའི་སྔས་འགྲམ་ལས་བཞུར་ཐལ།།
༢༠༡༤ /༨ /༡༤མཚན་མོར།
གཉོམ་པོ་ཞེས་པའི་དོན་གང་ཡིན་ནམ། ཤད་རྒྱབ་སྟངས་ཀྱི་སྐོར་ལ་ཅུང་ཞུ་ན། དང་པོ་ཤད་ཅེས་པའི་དོན་ནི། སོ་མངས་ཀྱི་སོ་དང་འདྲ་བ་ཡོད་པས་ཤད་ཅེས་བཤད་པར་སེམས། འདི་ལ་མི་འཐད་པ་ཡོད་ན། གསུང་གྲོགས་མཛོད། ཚིགས་བཅད་མུ་མཐུད་ནས་འབྲི་ན། གཉིས་ཤད་དགོས་ཀྱང་། དེབ་གཟུགས་སུ་ཚིག་རྐང་རེ་རེ་ནས་མགོ་ཚུགས་པས་གཉིས་ཤད་ལ་དགོས་པ་མེད་པར་མ་ཟད་ཤད་གཉིས་པ་དེ་དོན་མེད་དུ་མཐོང་། དོན་མེད་ཀྱི་བྲིས་སྤང་དགོས་པ་དེབ་འགོད་སྟངས་ཀྱི་ལུགས་སུ་བྲིས་ཡོད་པ་ཞིག་བཀླགས་པ་ཡིན། འོན་ཀྱང་རྐང་བཞི་ལོངས་པ་ན། དང་པོ་ཤད་གཉིས་རྒྱབ། དེ་ནས་ཚིགས་བཅད་ཀྱི་ཨང་གྲངས་རྒྱབ་སྟེ། སླར་ཡང་གཉིས་ཤད་རྒྱབ་པ། དེབ་གཟུགས་སུ་བཀོད་པའི་ལེགས་སྦྱར་གླེགས་བམ་ཀུན་ཏུ་ཡོད་པ་ལྟར། བཀའ་མདོ་སྡེ་རྒྱ་ཆེར་རོལ་པ་དང་། བསྟན་བཅོས་ཚད་མ་རྣམ་འགྲེལ་སོགས་ལེགས་སྦྱར་ན་ཡོད་པའི་གླེགས་བམ་ཡོངས་ན་ཡོད་པ་ལྟར་བན་བོན་གྱི་གླེགས་བམ་དེབ་གཟུགས་སུ་བསྐྲུན་པ་རྣམས་ལ་དེ་ལྟར་བྱེད་ཐུབ་ན། ཚན་རིག་གིས་དཔེ་སྐྲུན་བྱེད་པ་ལ་མཛེས་སོ།
གཉོམ་པོ་ཞེས་པ་མི་གཤིས་གཉོམ་པོ། ཤིང་གཉོམ་པོ། གཉོམ་སྐད་སོགས་བོད་ཀྱི་སྐད་ལ་མང་། ལ་དྭགས་བློ་འཇམ་པའི་བྲིས་ཡིག་འདི་དག་ལོག་སྐད་འདྲ་ཞིག་ཡིན་འདུག་པས་གསལ་པོ་གོ་དཀའ་ཡང་། ཚིགས་སུ་བཅད་པའི་མཐར་ཉིས་ཤད་མི་དགོས་པར་བཤད་ཀྱིན་པ་འདྲ། གླེགས་བམ་མམ་དཔར་ཤིང་དུ་བརྐོས་པའི་བོད་ཀྱི་དཔེ་རྙིང་མང་དག་ཅིག་ཏུ་ཚིགས་བཅད་ཀྱི་མཐའ་རུ་ཉིས་ཤད་འབྲི་བའི་ཚེ་ཚིགས་རྐང་དང་པོའི་མཐའ་རུ་ཤད་དང་པོ་དང་། ཚིགས་རྐང་གཉིས་པའི་མགོ་རུ་ཤད་གཉིས་པ་བཞག་ཡོད་པ་ལྟ་བུའི་སྣང་ཚུལ་ཡོད་ཀྱང་། དེ་ནི་དཔར་བརྐོ་བའི་དུས་སུ་ཡིག་མཁན་གྱིས་མ་འདྲེས་མ་འཛིང་བའི་མཛེས་ཆ་ཙམ་ལས་ཁུངས་འདི་རེད་ཅེས་པ་ཞིག་མེད་པར་སྣང་ལ། ཡིག་དབུར་ཤད་འཇོག་པ་ནི་མ་དག་རྒྱུན་འབྱམས་ཡིན་ཚུལ་ལ་མཁས་པའི་དབང་པོ་རྗེ་དམུ་དགེ་བསམ་གཏན་སོགས་ཀྱིས་མང་པོ་གསུངས་ཡོད་པས་འདིར་ཡིག་ཚོགས་སྤུངས་པའི་དགོས་དོན་མེད་པ་འདྲ།
ཤད་ལ་འདི་དག་ཡོད་དེ། ཆིག་ཤད་༼ ། ༽དང༌། ཉིས་ཤད་༼ ། ། ༽ བཞི་ཤད་༼།། །། ༽ དང༌། སྦྲུལ་ཤད་༼ ༈ ༽ ཆེན་སྤུངས་ཤད་༼ ༑ ༽དང་། གཏེར་ཡིག་ཚེག་ཤད་༼ ༔ ༽ སོགས་ཡོད་པ་ལས་སྐབས་བབ་ཀྱི་ཐོབ་ཚུལ་ཡང་མི་འདྲ། དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་ལེགས་བཤད་ལྗོན་པའི་དབང་པོ་རུ། ” ཚིགས་བཅད་ག་མཐར་ཆིག་ཤད་བྱ། །རྫོགས་ཚིག་མཐའ་ཅན་ལྷུག་པ་དང་། །ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ། །དོན་ཚན་ཆེན་མོ་རྫོགས་པ་དང་། །ལེའུའི་མཚམས་སུ་བཞི་ཤད་དགོས། །”ཞེས་གསུངས་པ་འདི་ལྟ་བུའི་བརྡ་སྤྲོད་པའི་གཞུང་ལ་བལྟ་དགོས་པ་ལས་གནའ་ནས་རེད་ཅེས་པའི་ཤོག་ལྷེ་ཁ་ཤས་ལ་ཤི་འཐམ་རོ་འཐམ་བྱེད་པ་ནི་རིགས་པ་དང་ལྡན་པའི་བྱ་བ་མ་ཡིན་ནོ།། །།
ཚིགས་བཅད་ག་མཐར་ཆིག་ཤད་བྱ། །རྫོགས་ཚིག་མཐའ་ཅན་ལྷུག་པ་དང་། །ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ། །དོན་ཚན་ཆེན་མོ་རྫོགས་པ་དང་། །ལེའུའི་མཚམས་སུ་བཞི་ཤད་དགོས། །
ཡང་ན།
ཚིགས་བཅད་ག་མཐར་ཆིག་ཤད་བྱ། །
རྫོགས་ཚིག་མཐའ་ཅན་ལྷུག་པ་དང་། །
ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ། །
དོན་ཚན་ཆེན་མོ་རྫོགས་པ་དང་། །
ལེའུའི་མཚམས་སུ་བཞི་ཤད་དགོས། །
དཔལ་དོན་མཆོག་དང་། ཀརྡོ་གཉེར་ཕྱག་པ་་མཆོག་གིས་བདག་གི་མཆན་བུར་སྐྱོན་ཡོན་བརྗོད་པར་ལན་རྒྱབ་དགོས་པར་མཐོང་། བློ་གཟུ་བོར་གནས་པའི་སྒོ་ནས་ལན་གསུང་བའི་རེ་བ་བྱེད། ཤད་རྣམས་ཀྱི་ངོ་སྤྲོད་ལེགས་པར་མཛད་པར་ཐུགས་རྗེ་ཆེ། ལོག་སྐད་ཀྱི་སྒྲ་དོན་དགོས་སོ་སྙམ་པས། དེ་ཡི་སྒྲ་དོན་ལ་སྒུག་ཡོད། དེ་སྔ་བོད་ཀྱི་མཁས་པ་རྣམས་ཀྱིས་བྲིས་པའི་དཔེ་ཆ་དག་ནས་བཏུས་པའི་བོད་ཨིན་ཚིག་མཛོད་དག་ན་མེད་པ་ཕྱིས་ཀྱི་བོད་རྒྱ་ཚིག་མཛོད་ན། གཉོམ་ཆུང་། ཞེས་ཉམས་ཆུང་ཞེས་པར་ལུང་པ་འགའི་ཁ་སྐད་ཤོར་བ་རྨ་མེད་པའི་གཏམ་མོ།
“ཚིགས་བཅད་མུ་མཐུད་ནས་འབྲི་ན། གཉིས་ཤད་དགོས་ཀྱང་།” ཞེས་པར་དགོངས་བཞེད་དགོས་པ་ཡིན།
ཀརྡོ་གཉེར་ཕྱག་པ་མཆོག་གི་མཆན་ན། ཚིགས་བཅད་མུ་མཐུད་ནས་འབྲི་བ་དང་། ཚིགས་བཅད་རྐང་པ་རེ་རེ་བཞིན་ཡིག་འཕྲེང་གཅིག་ཏུ་བཀོད་པ་གཉིས་སུ་སྣང་། དང་པོ་དེ་བདག་གིས་ཀྱང་འདོད། གཉིས་པ་དེ་རྒྱ་གར་མཁས་པས་བྱས་པ་དེ་མཛེས་པར་མཐོང་ངོ་།
གཉིས་པ་དེ་རྒྱ་གར་མཁས་པས་བྱས་པ་དེ་མཛེས་པར་མཐོང་ངོ་། ཞེཨ་པ་གཉིས་པ་དེ་དིང་དུས་རྒྱ་གར་མཁས་པས་བྱས་པ་ལྟར་བོད་ཡིག་ཏུ་ཡང་བྱེད་ན་མཛེས་པར་མཐོང་ངོ་། ཞེས་བཅོས་སོ།