རོ་བདག
_____ང་རང་ཆེས་དགའ་སའི་མི་དེ་ལ།
༡༽
ས་མཐའ་ནས་ལོ་ཟླ་ཞིག་ཕར་སྐྱེལ་དུས
བར་སྣང་གི་སྐྱོ་རོགས་སུ་གྱུར་བའི་ཉི་མ་ཞིག་ཐོལ་གྱིས་མངོན
ཉི་མའི་འོད་ཟེར་དག་ས་ཆེན་གྱི་སྙིང་ཀར་མར་ལྷུང་བས
མི་ཡུལ་གྱི་འཇིག་རྟེན
འཛུམ་མདངས་ཀྱིས་བཀང་བའི་ཁམས་ཆེན་པོ་ཞིག
ནམ་ཟླ་གློ་བུར་དུ་ཇེ་འཁྱག་ཇེ་འཁྱག་ཏུ་གྱུར
སེམས་པ་ཡང་སྐད་ཅིག་ལ་ཇེ་གྲང་དུ་སོང་བས
གནམ་སའི་བར་མཚམས་ཀྱི་ཧྲག་བར་འདི་ནས
ངས་དབུལ་ཕོངས་ཀྱི་སྡུག་བསྔལ་འཁུར་ཏེ
རྒྱང་རིང་ལ་ཉན་བཞིན་རྒྱང་རིང་ལ་ཅེར
༢༽
སེམས་པ་ལ་རྨི་ལམ་གྱི་གཤོག་པ་ཐོགས་པས
འོད་ཕུང་ཞིག་ལ་ལག་སྙོབ་བྱེད་བཞིན
འཆར་ཡན་གྱི་ཀློང་ནས་ཁྱེད་ཀྱི་ཁ་དོག་བཙལ
དངངས་སྐྲག་ངང་དྲན་རྟོག་གི་ཚོར་བས་བསུས་པ་ནི
སྟེས་དབང་གིས་སྦྱིན་པ་མ་ཡིན་པར
ལས་དབང་གིས་གོ་སྒྲིག་བྱས་པ་དང་འདྲ
༣༽
ས་སྲོད་ལ་མཚམས་སྤྲིན་གྱི་རྣ་རྒྱན་བཏགས་ཀྱང
རླུང་བུ་འཇམ་པོ་དག་བསིལ་བསིལ་ངང་རྒྱུ་བཞིན་འདུག
ངས་མི་ཡུལ་འདིའི་ཆེས་དྭངས་པའི་མཛེས་པ་རུམ་ནས
ལོ་ཟླའི་ཉག་ག་ཞིག་གི་ལྷིང་འཇགས་སྲུང་དུས
དྲན་གདུང་གི་ཡོལ་ངོས་སུ་འགུལ་བ་ནི
མིག་ཞགས་ལ་འཁྱིལ་བའི་འོད་འཚེར་བ་དེའོ
༤༽
སྐབས་དེར དུས་ཚོད་ཀྱི་ཐག་སྒྲ་རེ་རེས་རྒྱང་རིང་གི་གོམ་སྒྲ་རེ་རེར་ཅེར
ཡིད་ཁམས་ཀྱི་ཀློང་ནས་སྤྲིན་པ་ཐེད་པོ་འགའ་གཡོ་བས
ཉེ་སར་ལ་སྤོ་བཞིན་པ་དང་འདྲ་བའི་གོམ་པ་རེ་རེ
འཆར་ཡན་གྱི་གཏམ་རྒྱུད་རེ་རེར་སྤྲུལ་ནས
ཁེར་རྐྱང་གི་མིག་ལམ་ནས་ཡང་ཡང་འཁོར་བྱུང
༥༽
ཁྱེད་ཀྱི་ནམ་མཁའ་ལྟ་བུའི་དཀྱེལ་ཡངས་དང་ཞི་དུལ་གྱི་སེམས་ངོས་སུ
སྙིང་གི་འཕར་སྒྲ་ལས་བརྡོལ་བའི་རྣམ་ཤེས་ཤིག་འཐིམ་ཡོད་པས
རྣམ་ཤེས་དེའི་བྲང་གཞུང་གི་རྡོ་རིང་ངོས་སུ་བརྐོས་པ་ནི
ཁྱེད་གཅིག་བུའི་མིང་བྱང་ཡིན་པས
ངའི་རྨི་ལམ་དང་ཕུགས་བསམ་མཐའ་དག
བརྗིད་ཆགས་ངང་འགྱིང་པའི་མི་ཡུལ་གྱི་རི་ཚོགས་ཤིག་གོ
༦༽
ངས་མེ་ལོང་ཞིག་ལ་ཡང་ཡང་བལྟས
མིག་གི་རྒྱུ་ལམ་དང་སྙིང་གི་འཕར་ལམ་ནས་འབུས་པ་ནི
ཟླ་འོད་ཀྱིས་བཀྲུས་པའི་ཁྱོད་ཀྱི་འཛུམ་མདངས་དེ་ཡིན་པས
རླུང་ཁ་ནས་ཟད་པའི་སེམས་པ་རྨས་མས
དམྱལ་ཁམས་ཀྱི་འཕྲང་ལམ་བརྒྱུད་དགོས་ཀྱང
ཁྱོད་ཀྱི་འཇིག་རྟེན་སླར་ཡང་པང་དུ་ལེན་ངེས
༢༠༡༥-༠༧-༢༩
སྙན་ངག་ཟེར་ན་འདི་འདྲར་ལོས་གོ གལ་སྲིད་ཁྱེད་ཀྱི་སྙན་ངག་འདི་མི་ཞིག་ཡིན་པའི་དབང་དུ་བཏང་ན། ཞེར་བབ་པོ་སྟེ་མི་སེམས་ཕྲོགས་ནས་འགྲོ་ནི་ཅན་པོ་རེད། དངོས་གནས་སྙན་བྱུང་། ཇོ་བོ་རིན་པོ།
སྙན་ངག་ཟེར་ན་འདི་འདྲ་དགོས་ནི་རེད། ངོ་མ་སྙན་གི
སྙན་ངག་ལ་སྙན་ངག་པའི་གོ་བ་ལེན་སྟངས་ཤིག་དང་འབྲེལ་སྟངས་ཤིག་ཡོད་པ་མིན་ན་ངས་འདི་ཡག་གི་མ་བསམ་ཐལ།