འབྲོང་ངུར་ཕོ་ཉ།
དང་པོ། ཆོས་བྱེད་མི་སྣས་ཆབ་སྲིད་ལ་བྱུས་གཏོགས་མེད།
ངས་མཚམས་རེར་དྲྭ་ནང་དུ་མིག་ཟུང་གཅེར་དུས་ཕྱི་ལོའི་བཀའ་སྤྱི་དང་འབྲེལ་བའི་པར་དང་རྩོམ་ཡིག་འདྲ་མིན་མཐོང་རྒྱུ་ཡོད་པ་ཨ་ཅང་ཅང་། ད་དུང་སྐད་འཕྲིན་སོགས་ལས་ཁྱོད་ཀྱིས་གང་ཞིག་གདམ་གྱི་ཡིན། མི་འདི་དང་འདི་ཟེར་བ་ཧ་ཅང་གིས་ཡག་པོ་ཡོད་པས་ངེས་པར་དུ་བདམས་ན་ལེགས་ཚུལ་བཅས་ང་ལ་ཁ་བརྡ་ཚུན་ཆད་བྱེད་ཡོང་གི་འདུག་པ་དེ་ལྟར་ལགས། འགའ་ཞིག་གིས་ཕ་ཡུལ་གཅིག་པ་ཡིན་ཟེར་བ་དང་། ཡང་ངའི་གྲོགས་པོ་ཡིན་པ་སོགས་མདོར་ན་ངོ་ཚ་མེད་པའི་སྐད་ཆ་སྡུག་ཚད་ཐོན་ཡོང་གི་འདུག དེར་བརྟེན་ང་ཧ་ཅང་གིས་སུན་སོང་ལ། ད་ནས་བཟུང་ངས་འདིའི་སྐོར་གཏན་ནས་ཉན་འདོད་མེད་ལ་ལམ་འདིར་གཏན་དུ་འཇུག་གི་མིན།
མ་གཞི་ཁོ་བོ་རིག་ཚོ་ཟིན་ཅིང་བླང་དོར་འཇུག་ལྡོག་མ་ནོར་ཙམ་ཤེས་ཀྱི་ཡོད་པས་མཛུབ་མོས་རི་སྟོན་དགོས་ངེས་ཤིག་ཅི་ལ་ཡོད། འོན་ཀྱང་ངས་ཁོང་ཅག་ལ་ཨ་ལེ་ཡིན་གྱི་རེད་ཟེར་བ་ཙམ་ལས་ལན་ཐད་ཀར་གང་ཡང་བཏབ་མེད། རྩ་བའི་ང་ཡང་བོད་སྤྱི་པའི་དོན་ལ་བསམ་གཞིག་དང་ཕུགས་བསམ་ཡོད་མཁན་ཞིག་ཡིན་པ་མ་ཟད་འགན་ཁུར་རམ་རང་བཞིན་གྱིས་འབྲེལ་བ་ཡོད་པ་སུས་ཀྱང་ཤེས་གསལ་ལྟར་ལགས་པས་འགྲེལ་བརྗོད་མི་དགོས་པ་ཞིག་ལོས་ཡིན་མོད། བསམ་གཞིག་བསམ་གཞིག་གིས་སྒུལ་དུས་ང་ལ་ལངས་ཕྱོགས་སམ། ལྟ་བའམ། ཁེར་ཚུགས་ཀྱི་བསམ་བློ་ཞིག་རྙེད་བྱུང་བས་ངས་འདི་ཉིད་ནམ་ཡང་བརྩི་སྲུང་བྱེད་རྒྱུ་ཐག་ཆོད་བྱས་པ་ཡིན། དེ་ནི་གང་འདྲ་ཞིག་ཡིན་ནམ་སྙམ་ན་ངས་ལོ་འདི་ནས་བཟུང་བཀའ་སྤྱི་གང་ཡང་མི་གདམ་རྒྱུ་གདམ་ག་བྱས་པ་ཡིན།
དེ་ཡང་ང་ནི་འཇིག་རྟེན་ཆོས་བརྒྱད་དང་བྲལ་སོང་བས་མིན་ལ། ངས་བོད་པའི་མདུན་མ་ལ་འགན་མ་ཁུར་བ་དེ་བས་ག་ལ་ཡིན། འོན་ཀྱང་ང་ལ་རྒྱུ་མཚན་ཡོད་པ་ཡིན་པས་ཀློག་པ་པོས་བསམ་གཞིག་གནོངས་དང་། ཡོངས་སུ་གྲགས་པ་ལྟར་ཆོས་ནི་འཇིག་རྟེན་སྤོང་བའི་ཐབས་དང་། སྲིད་ནི་འཇིག་རྟེན་སྒྲུབ་པའི་བྱ་བ་ཡིན་པ་བཞིན་དུ་ཆོས་བྱེད་མི་སྣས་ཆོས་གང་ནུས་བགྱིད་དགོས་པ་ལས་སྲིད་དང་འབྲེལ་བའི་བྱ་བ་བྱ་རྒྱུར་སྟོན་པས་གནང་བ་མེད་ལ་འོས་བབ་ཀྱང་གཏན་ནས་མེད། དེང་སང་གསར་སྐྱེས་སྨྱུག་ཐོགས་པ་འགས་ཆོས་ཀྱིས་བོད་ཕུང་པ་རེད་ཟེར་བ་དེར་དབྱེ་ཞིབ་བྱེད་རྒྱུར་རིན་ཐང་ཡོད་པ་ཡིན། ཁོ་ཚོས་ཆོས་ཀྱི་དོན་མི་ཤེས་པས་དེ་ལྟར་སྨྲ་བར་ཁག་མེད། གང་ཟག་དང་ཆོས་གཉིས་གཅིག་ཏུ་བཟུང་སྟེ་དེ་ལྟར་མཐོང་བ་ཡིན་མོད། དོན་དུ་ཆོས་བྱེད་མི་སྣས་སྲིད་ལ་ཞུགས་ཏེ་བོད་ཕུང་དུ་བཅུག་པ་ཡིན་པར་ཤེས་དགོས།
ཆོས་བྱེད་མི་སྣའི་སྙིང་ལ་ཆབ་སྲིད་ཀྱི་བདུད་ཞུགས་ཏེ་ཤི་བསད་ཁྲག་གི་འཁོར་ལོ་སྐོར་བར་ལོ་རྒྱུས་ཡིག་ལམ་དུ་གསལ་པོར་མཐོང་རྒྱུ་ཡོད་པ་དེ་ག་ལགས། དཔེར་ན། བན་བོན་འཐབ་རྩོད། འབྲི་གུང་གླིང་ལོག ཀར་དགེའི་གཡུལ་འཁྲུགས། ར་སྟག་དོན་རྐྱེན། སོགས་བོད་ཀྱི་ལོ་རྒྱུས་ནག་པོ་དང་བཀྲ་མ་ཤིས་པ་ཡོད་དོ་ཅོག ཆོས་མིན་སྲིད་མིན་མཉམ་བསྲེ་བགྱིས་པའི་ཉེར་ལེན་ཡིན།
སྤྱིར་ན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཆེན་པོས་ཆོས་བྱེད་མི་སྣར་སྲིད་ལ་འཇུག་ཏུ་འོས་པའི་གནང་བ་གཏན་ནས་མེད་ལ་ཁོང་ཉིད་ཀྱང་རྒྱལ་སྲིད་སྤངས་ཏེ་དབེན་པར་སྙེག་དགོས་པའི་རྒྱུ་མཚན་དེ་ག་ལས་མ་འདས།
ངས་འདི་ནས་བསྐྱར་བཤད་ཡང་བཤད་ཀྱིས་ལབ་འདོད་པ་ནི། ཆོས་སྲིད་གཉིས་ཀྱི་དམིགས་ཡུལ་ཐ་དད་ཡིན་པ་དང་གཅིག སྟོན་པ་སྲིད་ལ་མ་ཞུགས་པ་དང་གཉིས། བོད་ཀྱི་ལོ་རྒྱུས་ནག་པོ་ཐམས་ཅད་ཆོས་བྱེད་མི་སྣ་སྲིད་ལ་ཞུགས་པའི་ནག་ཉེས་ཡིན་པ་དང་གསུམ། ཆོས་བྱེད་མི་སྣ་སྲིད་དང་འབྲེལ་ན་དངོས་ཤུགས་གང་ཐད་ནས་ལྡོག་ཕྱོགས་ཀྱི་ནུས་པ་མ་གཏོགས་ཡོང་རྒྱུ་མེད་པ་བཅས་ཀྱིས་དེ་ལྟར་བཤད་པ་ཡིན་ལ་སྒྲུབ་འདོད་པ་ཡང་ཡིན།
དེ་ཡང་དཔེ་མཚོན་ཞིག་ཡོད་པ་སྟེ། ལོ་འདི་གའི་ནང་དུ་ཆོས་བྱེད་ཀྱི་རྟགས་དང་ཆ་ལུགས་འཛིན་པའི་སྤྱི་འཐུས་ཤིག་གིས་བཙལ་བྱོལ་བོད་ཀྱི་གྲོས་ཚོགས་སུ་སྤྱི་འཐུས་གཞན་ཞིག་དང་འབྲེལ་བའི་སྐད་ཆ་དེར་མི་མང་ནང་གླེང་སློང་ཤུགས་ཆེར་བྱུང་སྟེ་མཐར་ཆོས་བརྒྱུད་དང་ཆོལ་ཁ་ཞིག་གི་སྐད་ཆ་ཆགས་གྲབས་བྱས་ཡོད་པ་དང་། དེའི་མཇུག་མཐར་ཆོས་བརྒྱུད་གཉིས་ཀྱི་སྐད་ཆར་འགྱུར་གྲབས་ཀྱི་ཉེན་ཁ་དེ་ཚོར་བསམ་གཞིག་ཐོངས་དང་། ང་ཚོས་མཐོང་བ་དང་ཐོས་བཞིན་པ་ཞིག་ལས་ལྐོག་གྱུར་ཟབ་མོ་གང་ཡང་མིན་པས་སྐྱོན་ངོས་ཟིན་ནས་ཡོང་། སྟབས་མ་ལེགས་ན་ཆོལ་ཁའི་ནང་གི་ཆོས་བརྒྱུད་དབར་ལ་གདོང་ཐུག་གི་འགལ་ཟླ་རྣོ་ངར་ཅན་མི་འབྱུང་བའི་ངེས་པ་མི་སྲིད་པ་མིན། འདི་འདྲའི་ཉེས་པ་ཡོད་པ་མཐོང་བཞིན་དུ་སྨྱོ་མཆོངས་བྱེད་པ་ནི་མིག་ཡོད་བཞིན་དུ་མེ་རུ་འཇུག་པ་དང་གཉིས་སུ་མ་མཆིས་སོ།།
ད་དུང་ཆོས་ལུགས་ཀྱི་སྤྱི་འཐུས་ཡིན་སྐད་ཀྱི་གྲྭ་རྒན་ལང་ཤོར་འདི་ཚོས་གཟབ་ཙམ་གནང་སྟེ་སྲིད་ཁྲི་ལས་མ་གཞོལ་ན་བསྟན་པ་ཕུང་ལ་སྦྱོར། བོད་འབངས་ཁ་འཐོར་དགུ་འཐོར་དུ་གཏང་རྒྱུའི་ཉེན་ཁ་ཧ་ཅང་ཆེ་བ་མངོན་སུམ་མོ། །ལུས་ལ་ཆོས་གོས་གྱོན་ཞིང་རྒྱུད་མ་རུངས་པ་མངོན་དུ་གྱུར་ཏེ་ངག་ནས་ཆགས་སྡང་གི་གཏམ་བསྙད་ཅིང་གྲོས་ཚོགས་སོགས་ལས་ཐོན་ཡོང་དུས་སྟོན་པ་ཐུགས་རྗེ་ཅན་དེ་ཉིད་དག་པའི་ཞིང་ནས་དབུ་བཏུམས་ཏེ་ཐུགས་སྐྱོ་ལྷང་ལྷང་ངང་བཞུགས་ཡོད་ངེས་རེད། གྲྭ་གཟུགས་འཛིན་ཅིང་ཆབ་སྲིད་གྲལ་དུ་འཚང་ཡོང་དུས་ནས་ཀྱང་ངས་བསྟན་པ་ལ་རྨ་འབྱིན་དགོས་ཟེར་བ་དང་གཉིས་སུ་མ་མཆིས་སོ།། མདོར་ན་ང་ཚོའི་ལས་སྐལ་ཆོས་དང་རིག་གཞུང་ཡིན་པ་ལས་ཆབ་སྲིད་མ་ཡིན་པར་ཤེས་ན་ད་གཟོད་འགྲིག་པར་སེམས་སོ།།
གཉིས་པ། བསྟན་སེལ་སྡེ་འཁྲུགས་ཅན་དུ་འགྱུར་བའི་ཉེན་ཁ།
བཙན་བྱོལ་སྤྱི་ཚོགས་ནང་འདིར་མཚོན་ན་མཁོ་དུས་པགས་པ་རྟ་དང་། མ་མཁོ་པགས་པ་གདན། ཞེས་པའི་དཔེ་ལྟར་དགོན་སྡེ་གྲྭ་ཚང་འདི་ཚོ་བེད་སྤྱོད་ཆེ་ཤོས་ཤིག་ཡིན་པས་སྤྱང་གྲུང་དོད་པའི་ཆབ་སྲིད་པ་དག་གིས་ནང་བསྟན་གྱི་ཐ་སྙད་སྐམ་པོ་མུར་རྒྱུར་བྱང་ཆ་ལེགས་ཀྱང་མི་གཤིས་ངན་ཞིང་མིག་རྒྱང་ཐུང་བའི་གྲྭ་བཙུན་དེ་ཚོར་ལག་པ་རྐྱོང་གི་ཡོད་པ་ཤོད་མི་དགོས་པ་རེད།
གཞི་རྒྱ་ཆེ་བའི་དགོན་སྡེར་མཚོན་ན་ཁོ་ཚོ་ཐུན་མོང་གི་ཁས་ལེན་ནམ་ངེས་པ་རྙེད་པའི་འོས་མི་ཞིག་དཀའ་ཚོད་རེད་ལ། དེའི་རྐྱེན་པས་ནང་ལོགས་སུ་མི་མཐུན་པ་འབྱུང་རྒྱུ་ཡིན་པ་ཤོད་མི་དགོས་པ་རེད། དགེ་འདུན་ཐུགས་མ་མཐུན་པ་ལས་ལྷག་པའི་བསྟན་པ་ལ་གནོད་ཚབས་ཆེ་བ་ཅི་ཡོད། དེར་བརྟེན་ངས་རང་ཉིད་ནས་འགོ་བཙུགས་ཏེ་མ་འོངས་པར་ཆོས་བྱེད་མི་སྣ་དང་ཆོས་གྲྭ་ཁག་ཆབ་སྲིད་དང་འབྲེལ་བ་གཏན་ནས་མེད་པར་དྭངས་གཙང་ཞིག་ཡོང་བར་སྐུལ་ལྕག་གཏོང་བར་འདོད་པ་ཡིན།
ཁྱོད་ཚོས་ང་ལ་འགྲེལ་བརྗོད་ཅི་ལྟར་བྱེད་མིན་ལ་མ་ལྟོས་པར་ངས་འདི་ནས་དངོས་ཡོད་གནས་ཚུལ་ཞིག་དཔེ་མཚོན་འདྲེན་གྱི་ཡིན། དེ་ནི་དྭངས་གཙང་གི་ནང་པ་ཞིག་དང་དྭངས་གཙང་གི་ཆོས་བྱེད་མི་སྣ་མང་མང་ཞིག་འཇིག་རྟེན་ཁམས་འདིར་ཡུན་རིང་འཚོ་གནས་ཡོང་བའི་ཆེད་དུ་ཡིན་ཏེ། འགྲོ་བ་ཡོད་དོ་ཅོག་གི་བདེ་སྐྱིད་དང་འབྲེལ་བ་ཟབ་མོ་ཡོད་པའི་ཕྱིར། དཔེར་ན། བོད་དུ་རྒྱ་གཞུང་གིས་དགོན་སྡེ་གྲྭ་ཚང་དང་ཆོས་བྱེད་མི་སྣར་དམིགས་བསལ་དམ་དྲག་བྱེད་དགོས་པ་དང་། ཆོས་ལུགས་བྱེད་སྒོར་ཚོད་འཛིན་བྱེད་དགོས་པའི་རྒྱུ་མཚན་གཅིག་ནི་ཆོས་བྱེད་མི་སྣའི་མིང་དང་གོས་གྱོན་ནས་ཁྲག་དྲི་བྲོ་བའི་ཆབ་སྲིད་ཀྱི་བྱ་འགུལ་དུ་ཞུགས་པའི་ཉེར་ལེན་གྱིས་ཡིན་པར་ཐག་གཅོད་ཐུབ། འདི་ལོའི་ངེད་ཚོའི་འོས་བསྡུ་ཆེར་མོར་མཚོན་ན་དམིགས་བསལ་འཁྲུགས་ཆ་དོད་པོ་ཞིག་ཡོང་རྒྱུར་གཏན་ཁེལ་བ་འདྲ་ཞིག་མཐོང་གི་འདུག
དེར་བརྟེན་རྒྱལ་སྤྱིའི་ནང་པའི་གནས་མཆོག་རྡོར་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩོལ་སྐབས་བོད་ཀྱི་གྲྭ་བཙུན་ཚོས་དགོས་པའི་ཆོས་མི་བྱེད་ནས་མི་དགོས་པར་ཆབ་སྲིད་མི་སྣ་དྲིལ་བསྒྲགས་དང་། ཁོ་ཚོའི་ཆེད་དུ་རྩོད་གླེང་གིས་དུས་འདའ་ཡི་རེད་དྲན་ནས་སེམས་ཚབ་ཡོང་གི་འདུག
མདོར་ན་ཆོས་བྱེད་ཚོས་ཆབ་སྲིད་པའི་རྗེས་སུ་རྒྱུགས་པ་དང་། ཆབ་སྲིད་ལ་ཞུགས་པའི་ཉིན་མོ་དེ་ནས་སྟོན་པའི་རྗེས་འཇུག་རྣལ་མ་ཞིག་ཆགས་ཀྱི་ཡོད་མ་རེད་ལ། བསྟན་སེལ་སྡེ་འཁྲུགས་སློང་བའི་བྱེད་ཏེ་ངོ་མ་ཞིག་ཆགས་ཀྱི་ཡོད་པ་ཧ་གོ་དགོས། བསྟན་འཛིན་རྣམས་ཐུགས་སྣང་མི་ཤིས་པ་དང་ཆོས་བརྒྱུད་ཕན་ཚུན་མ་འགྲིགས་པའི་འགག་རྩ་ངོ་མ་དེ་ཆབ་སྲིད་ལ་ཞུགས་པའི་ལག་རྗེས་ཤིག་རེད།
ང་མཚམས་རེར་ཕོ་བྲང་ལ་རྒྱང་སྐོར་འགྲོ་སྐབས་ལྷ་རྒྱལ་རི་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་པར་རིས་མིག་ལམ་དུ་མཐོང་ཐེངས་རེར། བསམ་གཞིག་གཏིང་རིང་ནང་དུ་ལྷུང་འགྲོ་ཡི་འདུག་ལ་ཁོ་ཚོའི་ཚེ་སྲོག་ལ་ཕངས་སེམས་ཚད་མེད་ཅིག་འབྱུང་གི་འདུག་མོད། འདི་ལྟར་རང་སྲེག་པ་ཕལ་ཆེར་སེར་མོ་བ་ཡིན་སོང་བ་ཅི་ཞིག་རེད་དམ། ཁོ་ཚོར་ཆབ་སྲིད་ཀྱི་གོ་རྟོགས་མཐོ་སོང་བས་རེད་དམ། ཡང་ན་མི་རིགས་འདིར་ཞེན་དྲགས་པས་ཡིན། གང་ལྟར་ཡང་སྐྱེ་འགྲོའི་མིག་སྔར་ངེད་ཅག་གི་ནང་པའི་མཚན་སྙན་ལ་དོ་ཕོག་བཏང་ཡོད་པའམ། སེར་མོ་བའི་ཀུན་སྤྱོད་ལའང་ནོར་རྟགས་སྐྱོན་འདུག་སྙམ། དེ་ནི་ངས་ཁྱོད་ཚོར་ཚད་མེད་པའི་བརྩེ་སེམས་དང་གདུང་སེམས་ཀྱི་ལྷན་དུ་བཅངས་པའི་འཁོན་ར་ཞིག་ཀྱང་ཡིན། རྒྱུ་མཚན་ཆོས་བྱེད་པས་སྲིད་ལམ་དུ་བཞུད་སོང་བས་རེད། དེ་ནི་ལམ་གོལ་བ་འབའ་ཞིག་ཡིན་ནོ།།
འདས་པའི་ལོ་རྒྱུས་ལས་ཉམས་མྱོང་དང་སློབ་གསོ་བླངས་ཏེ་འབྱུང་འགྱུར་ང་ཚོ་ལོག་ལམ་དུ་གཏན་ནས་སྐྱོད་མི་རུང་ལ། ང་ཚོ་ནམ་ཡང་བསྲེ་བསླད་མེད་པའི་ནང་པ་ཞིག་བྱེད་དགོས། ཆོས་ནང་དུ་ནམ་ཡང་དུག་བསྲེ་མི་རུང་། དེ་ནི་ཁ་གསལ་པོར་ལབ་ན་སྲིད་ཅེས་པ་འདི་ཉིད་ཡིན་འདུག་པས། ངས་ནམ་རྒྱུན་ནས་བན་བོན་འཐབ་རྩོད་དང་། ས་འབྲིའི་ནང་འཁྲུགས། ཀར་དགེ་གཡུལ་འགྱེད། ར་སྟག་དོན་རྐྱེན་ལྟ་བུ་སྐྱུག་བྲོ་བའི་བྱ་ངན་དེ་ཚོ་ནམ་ཡང་མི་འབྱུང་བའི་སྨོན་ལམ་འདེབས་ཀྱི་ཡོད་ལ། དེ་ལྟའི་བྱ་ངན་ཡོང་མིན་འགག་རྩ་ངོ་མ་དེ་འབྱུང་འགྱུར་ཆོས་བྱེད་པས་སྲིད་ལ་བྱུས་གཏོགས་བྱེད་མིན་ཁོ་ནར་ཐུག་འདུག
ཆོས་ལུགས་པའི་ཚབ་མཚོན་ནི་དགེ་འདུན་གྱི་སྡེ་ཡིན་པས་ཁྱོད་ཚོ་སྲིད་ལམ་ལ་མ་ཞུགས་ན་པཎ་ཆེན་གཉིས་ཀྱི་དཀའ་ངལ་ཡོང་དོན་མེད་ལ། ཇོ་ནང་པས་སྲིད་ཁྲིར་རྩོད་དོན་མེད། དེ་ལས་ཀྱང་མ་འོངས་པའི་རྒྱལ་བ་རིན་པོ་ཆེ་བཅོ་ལྔ་པ་ཟེར་ནས་འཐེན་འཁྱེར་གཏན་ནས་ཡོང་མི་སྲིད། ང་ཚོས་ད་ལྟ་ནས་བཀའ་སྤྱི་གདམ་རྒྱུའི་མཚོན་གཡུལ་ཐབས་འདིའི་ནང་དུ་མགོ་བོ་འཁོར་ན་འབྱུང་འགྱུར་བོད་ཡུལ་ཆུང་ཆུང་འདི་ཉིད། འབར་གས་ཆེན་པོ་ཞིག་ཏུ་འགྱུར་བར་གོར་མ་ཆག་པས་གཟབ་འཚལ་ཞེས་རང་ལའང་ཞེན་སྐུལ་དུ་སྨྲའོ།།
སྤྱི་ལོ་༢༠༡༠ ལོར་བཀའ་སྤྱི་སྔོན་འགྲོའི་འོས་བསྡུའི་སྐབས་ཏོག་ཙམ་མིན་ན་རྙོག་གྲྭ་ཆེན་པོ་ཞིག་ཆགས་གྲབས་བྱས། དེ་ནས་བཟུང་ངས་ཆབ་སྲིད་ཀྱི་ཉེས་སྐྱོན་མཐོང་འགོ་ཚུགས། དེ་ཡང་དབང་བསྒྱུར་བ་ཞིག་གིས་ཁོ་པའི་ཕྱོགས་གཏོགས་དེ་ཁོ་ན་ལས་གཞན་གང་མོས་འོས་བླུག་མི་ཆོག་པ་བཀས་བཅད་པར་ང་དང་གྲོགས་འགས་ཁར་མ་ཉན་སྟེ་ངོ་ལོག་བརྒྱབ་པར་ང་ཚོར་སྡིག་ར་བསྐུལ་ཞིང་འོས་བླུག་ས་ནས་ཕྱིར་འབུད་བཏང་། ང་རང་ཁོང་ཁྲོ་ཆེན་པོ་ཟ་མོད་ཕྱོགས་མང་པོར་བསམས་ཏེ་བཟོད་སྒོམ་བགྱིས། གལ་ཏེ་སྐབས་དེར་ཟིང་ཆེན་པོ་ཞིག་བསླངས་ན་ཁོ་དང་ཕྱོགས་གཏོགས་ཚོར་ཕམ་ཉེས་ཚད་མེད་འགྲོ་རྒྱུར་གཏན་ཁེལ་མོད། ཆོས་ཕྱོགས་ནས་དམ་སེལ་ཆེན་པོ་འགྲོ་རྒྱུར་གོར་མ་ཆག་པས། ང་ལ་མཚོན་ན་ཉམས་མྱོང་ཆེན་པོ་ཞིག་ཡིན་ལ་གྲྭ་བཙུན་སྲིད་ལ་ཞུགས་པའི་ནོར་འཁྲུལ་གང་ཡོད་པ་དེ་དུས་ནས་གསལ་པོར་ངོ་འཕྲོད་བྱུང་།
གསུམ་པ། ཆོས་བྱེད་པས་བོད་སྐྱོབ་པའི་ནུས་པ་དང་ཐབས་ལམ་མེད་པ་མིན།
ཆོས་འདི་དར་ན་བོད་ཤི་ཡང་འགྲིག་ཅེས་པ་དོན་གྱི་ཆོས་པའི་ཕུགས་བསམ་ཡིན་ངེས་ལ། ཆབ་སྲིད་རྒྱལ་ན་ཆོས་ཤི་ཡང་སླ་ཞེས་པ་འདི་ནི་ཆབ་སྲིད་པ་ངོ་མའི་བདེན་གཏམ་ཡིན་སྲིད། གང་ལྟར་ང་ལ་མཚོན་ན་དེ་འདྲ་མཐའ་གང་རུང་དུ་འཛིན་པའི་བློ་སྤོབས་མེད་ལ། རང་ཉིད་ཀྱི་ལས་དང་མཐུན་པར་སྲིད་ལ་མ་ཞུགས་པར་བོད་འདི་སྐྱོབ་པར་འདོད། ངས་འདི་ནས་ཆོས་བྱེད་པ་ཟེར་དུས་ནང་ཆོས་ལ་དད་མོས་ཡོད་ཚད་ལ་བརྗོད་པ་མ་ཡིན་ལ། མིང་འདི་དགེ་འདུན་གྱི་སྡེ་ཁོ་ནར་བཏགས་པ་ཡིན། བོད་འདི་ཉག་ཕྲ་བའི་སྐབས་འདིར་ང་ཚོར་འགན་མེད་ལྟ་བུར་ལྟད་མོ་བལྟས་ནས་སྡོད་དགོས་ཞེས་པའི་དོན་གཏན་ནས་མིན། དེ་ཡང་མཁྱེན་པ་གནང་རོགས།
ནམ་ཡང་ཁོ་བོའི་བསམ་པར་ཆབ་སྲིད་གཅིག་པུས་བོད་འདི་འཆི་གསོན་གང་རུང་དུ་ཐག་ཆོད་པ་ཞིག་གཏན་ནས་འདོད་ཀྱི་མེད། བོད་འདི་ཆོས་ལུགས་དང་རིག་གཞུང་སྣ་མང་ལས་གྲུབ་པ་ཞིག་ཡིན་པས་ང་ཚོས་ནམ་ཡང་ཆོས་ལུགས་དང་སྐད་ཡིག་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་ཆེད་དུ་ཤུགས་བསྣོན་རྒྱག་དགོས། གྲྭ་བཙུན་ཚོས་བོད་ཀྱི་དར་ཆ་ཁྱེར་ནས་རང་དབང་རང་བཙན་གྱི་འབོད་སྒྲ་སྒྲོག་པ་ལས་ཆོས་ཀྱི་དར་ཆ་འཁྱེར་ནས་ཞི་བ་དང་བྱམས་བརྩེའི་འབོད་སྒྲ་སྒྲོགས་དང་ལུགས་དང་མཐུན་ཞིང་མི་རིགས་འདིར་གཏམ་དོན་གཉིས་ཡོད་ཀྱི་ཞབས་ཞུ་བླ་མེད་ཅིག་ཡིན་པར་འདོད་དོ། །
འུ་ཚོའི་ཆོས་བྱེད་པས་ལམ་ནོར་ལྡོག་ཤེས་མ་གནང་ན་ནམ་ཞིག་ཁ་ཆེའི་དྲག་རྒོལ་པ་དང་མཚུངས་པར་གདོན་མི་ཟའོ། །མདོར་ན་ཁོར་ཡུག་སྲུང་སྐྱོབ་དང་སྐད་ཡིག་དང་རིག་གནས་དར་སྤེལ་སོགས་ལ་ཤུགས་བསྣོན་བརྒྱབས་ན་ད་གཟོད་བོད་བསྐྱབས་པ་ཡིན། ཕྱི་ནང་སྐྱེ་བོ་ཡོངས་ཀྱིས་ཆོས་བྱེད་མི་སྣར་བཟང་ཕྱོགས་ཀྱི་ལྟ་སྟངས་གསར་པ་ཡོང་བ་སྟེ་རྒྱ་གྲི་ཆུ་ལ་བཏབ་པའི་དཔེ་བཞིན་འགྱུར་བ་ལོས་ཡོང་། ད་ལྟར་སྲིད་གཞུང་ངམ་སྤྱི་ཚོགས་འགའ་རེའི་མཐོང་ལམ་དུ་ཆོས་པའི་རྟགས་ཙམ་འཆང་བར་གཟབ་གཟབ་དགོས་པའི་ངལ་བ་དེ་ཡང་རང་བཞིན་གྱིས་སེལ་འགྲོ་བ་ཡིན་ནོ། །ད་བར་དུ་ཆོས་བྱེད་མི་སྣ་སྲིད་ལ་ཞུགས་པ་དང་ཆབ་སྲིད་པས་ཆོས་དང་ཆོས་བྱེད་བེད་སྤྱད་དེ། ཆོས་དང་དེ་འབྲེལ་མི་སྣར་དོ་ཕོག་ཚབས་ཆེན་བྱུང་ཡོད་པའི་ལེའུ་སྐྱུར་མོ་དེ་ཡང་མཇུག་བསྡུ་ཐུབ་པའི་དགེ་མཚན་གྱི་སྐྱ་རེངས་གསར་པ་ཞིག་ཡོང་བར་ངེས་སོ།།
ང་ཚོའི་སྤྱི་ཚོགས་འདིར་ཆོས་པའི་འབབ་གྱོན་ཏེ་ཆབ་སྲིད་པའི་སྲོག་བཞུགས་པའི་མི་སྣ་གང་མང་ཞིག་འདུག་པ་འདི་ཚོས་བོད་འདི་འཆི་ལམ་དུ་བརྫངས་ཀྱི་ཡོད་པར་ཤེས་དགོས། ང་ཚོས་ནམ་ཡང་དགག་རྒྱག་དང་། ཐེར་འདོན། སྐྱོན་བརྗོད་ཀྱི་རྣོ་ཁ་ཡོད་ཚད་འདི་ཚོར་གཏོད་དགོས། ཉེ་རབས་ཀྱི་མི་ལོ་ལྔ་བཅུ་འདིའི་ནང་གཅིག་པུར་སོམས་དང་། བཙན་བྱོལ་གྱི་རྩོད་རྙོག་ཡོད་ཚད་ཁོ་ཚོ་དང་མ་འབྲེལ་པ་མེད་ལ་ཁོ་ཚོས་ནམ་ཡང་བོད་འདི་ནག་ལམ་དུ་འདེད་བཞིན་འདུག ང་ཚོས་ཆོས་དང་མི་རིགས་འདི་ཡོད་པ་ནས་མེད་པ་བཟོ་མཁན་དོན་དུ་གུང་ཁྲན་ལས་ཀྱང་ཐུ་བ་ནི་ཆོས་མིན་སྲིད་མིན་འདི་ཚོ་ཡིན་འདུག་པ་མ་བརྗེད་ལ་རང་ཉིད་ཆོས་བྱེད་ཅིག་བྱེད་འདོད་ན་ནམ་ཡང་ལས་དེར་མ་ཞུགས་རོགས།
ངོ་མ་སྐྱོ་དགོས་ས་ཞིག་ལ་འུ་ཚོས་སྤྱི་ཚོགས་འདིར་གལ་ཏེ་གྲྭ་བཙུན་ཞིག་གིས་རང་ཉིད་ཀྱི་སྒེར་གྱི་དགའ་ཕྱོགས་དབང་གིས་ལྟ་སྤྱོད་མི་མཛེས་པ་ཕྲན་བུ་བྱུང་ན་བསྟན་བཤིག་ཟེར་ནས་སྡིག་ཅིང་འབར་ཡོང་གི་འདུག་མོད། ཆོས་གོས་གྱོན་ཏེ་སྲིད་ལམ་ལ་བཞུགས་ཏེ་ལས་ནག་པོ་སྣ་དགུ་བགྱིས་ཀྱང་ད་དུང་བསྟོད་ཅིང་། འཇོན་རབས། ཡག་རབས་ཀྱང་བརྗོད། དོན་དུ་སྔ་མ་ལས་ཕྱི་མ་འདི་ཆོས་ཕྱོགས་ནས་བསམས་ན་ཧ་ཅང་གིས་ཐུ་བ་ཡིན། ཁྱོད་ཚོས་སྐད་ཕྲིན་དང་ངོ་དེབ་ནང་དུ་འཛུལ་ནས་ལྟོས་དང་། ཆབ་སྲིད་པར་དྲིལ་བསྒྲགས་བྱེད་མཁན་དང་། དུག་གསུམ་གྱི་ས་བོན་འདེབས་མཁན། ཕྱོགས་རིས་ཀྱི་མེ་དཔུང་སྦར་མཁན། ཕལ་ཆེར་གྲྭ་བཙུན་ཚོ་རེད་འདུག་པས། ངོ་མ་སྟོན་པ་བཀའ་དྲིན་ཅན་ཁོང་ད་ལྟ་བཞུགས་ཡོད་ན་ཐུགས་སྐྱོ་ཡོད་པ་ཁག་ཁུར་ཆོག
འོ་ན་ཆོས་བྱེད་པས་བོད་བསྐྱབས་པའི་ལོ་རྒྱུས་ཡོད་དམ་སྙམ་ན། དཔེ་མཚོན་ཁ་ཤས་བགྲང་ཆོག་སྟེ། ཉན་ཤུལ་མཁྱེན་རབ་འོད་གསལ་དང་། ཁྲོ་རུ་ཚེ་རྣམ། དུང་དཀར་བློ་བཟང་། ཚེ་ཏན་ཞབས་དྲུང་། མཁན་པོ་འཇིགས་ཕུན་སོགས་བོད་ཀྱི་མཁས་གྲུབ་རྒན་རབས་དག་གིས་བཀའ་དྲིན་ལས་བོད་གང་དུ་ཡོད་ཅེས་འདྲི་མི་དགོས་པར་མཐོང་དུ་ཡོད་པ་འདི་ཆོས་པས་བོད་བསྐྱབས་པའི་དཔེ་མཚོན་གསལ་ཤོས་ཤིག་ཡིན། འདིར་ཡང་གོང་ས་མཆོག་གིས་དབུས་མཁས་གྲུབ་ཚད་ལྡན་རྣམས་ཀྱི་བཀའ་དྲིན་ལས། བོད་ཀྱི་ཁ་ལས་རླུང་རྟ་འཛམ་གླིང་ཡོངས་ལ་བསྒྲེངས་ཡོད་པ་འདི་ཡང་དཔེ་མཚོན་ཞིག་ཡིན་ལ། སྐྱོབ་སྟངས་དཔེ་མཚོན་ནི་གོང་དུ་བཀོད་ཡོད་པ་དེ་ལྟར་ཡིན།
ཆོས་བྱེད་ཀྱིས་སྲིད་ལམ་ཞུགས་ན་བོད་སྐྱོབ་མི་ཐུབ་པའི་ཁར་གནོད་པར་དགོངས་ཏེ། གོང་ས་མཆོག་གིས་སྲིད་ལམ་ལས་དགོངས་པ་ཞུས་ཡོད་པའི་དམར་ཁྲིད་དེར་ང་ཚོས་འདང་རྒྱག་དགོས།
མདོར་ན་ཆོས་བྱེད་པ་སྲིད་ལ་ཞུགས་པ་དང་སྲིད་ཀྱི་ལས་ཀ་བགྱིད་པར་འོས་བབ་མེད་ལ། དེ་བཞིན་ཆབ་སྲིད་པས་ཆོས་གཏམ་ཤོད་པ་དང་ཆོས་ལས་བྱེད་པར་བྱུས་གཏོགས་དང་འགན་དབང་གཏན་ནས་མེད་པར་མཁྱེན་པར་མཛོད། ཆོས་བྱེད་སྲིད་ལ་ཞུགས་པའི་ནག་ཉེས་བགྲངས་དཀའ་བ་ཞིག་ཧ་གོ་ཞིང་ཁོ་བོ་སངས་རྒྱས་ཀྱི་སློབ་མ་རྣལ་མ་ཞིག་དང་། གསུང་རབ་ཀྱི་དོན་ལ་མོས་པ་བྱེད་ཅིང་དྲང་སྲོང་ཆེན་པོའི་རྟགས་ཙམ་འཛིན་པ་ཞིག་ཡིན་པར་སོང་། འདི་ལོ་ནས་སྲིད་སྤྱི་འགྲན་རྩོད་ཀྱི་བྱ་འགུལ་འདིའི་ནང་མི་འཛུལ་རྒྱུའི་དམ་བཅའ་ཕྱིར་བསྒྲགས་བགྱིས་པ་ཡིན་མོད། བོད་ལ་དགའ་ཞིང་དུང་ལ། བོད་ཀྱི་ཆེད་དུ་སྲོག་གི་དབང་པོ་འདི་མ་འགགས་བར་དུ་རང་ལ་བབ་འོས་ཡོད་པའི་ལས་མཚམས་འཇོག་མི་སྲིད། ནམ་ཞིག་སངས་རྒྱས་ཀྱི་རྗེས་འཇུག་ཚོས་རིམ་བཞིན་ལམ་འདི་ལས་ལྡོག་སྟེ་དྭངས་གཙང་གི་ནང་པ་ཞིག་གཅེས་སྐྱོང་ཡོང་བའི་རེ་སྨོན་གྲངས་མེད་བཅས།
འབྲོང་ངུར་ཕོ་ཉར་འབོད་པས། སྤྱི་ལོ་༢༠༡༥ ཟླ་༧ ཚེས་༢༩ ཉིན་བྲིས།
དེ་ག་རང་འདོད། ཁྱེད་ཀྱིས་་་གྲྭ་བཙུན་ཚོས་བོད་ཀྱི་དར་ཆ་ཁྱེར་ནས་རང་དབང་རང་བཙན་གྱི་འབོད་སྒྲ་སྒྲོག་པ་ལས་ཆོས་ཀྱི་དར་ཆ་འཁྱེར་ནས་ཞི་བ་དང་བྱམས་བརྩེའི་འབོད་སྒྲ་སྒྲོགས་དང་ལུགས་དང་མཐུན་ཞིང་མི་རིགས་འདིར་གཏམ་དོན་གཉིས་ཡོད་ཀྱི་ཞབས་ཞུ་བླ་མེད་ཅིག་ཡིན་པར་འདོད་དོ། ཡང་ཁྱེད་ཀྱིས་་་་འུ་ཚོའི་ཆོས་བྱེད་པས་ལམ་ནོར་ལྡོག་ཤེས་མ་གནང་ན་ནམ་ཞིག་ཁ་ཆེའི་དྲག་རྒོལ་པ་དང་མཚུངས་པར་གདོན་མི་ཟའོ། མངོན་པར་བསྟོད་དོ།།།
དགའ་སྐུ་ལགས་ཀྱིས་མཆན་བུ་བཏབ་པར་བསུ། གཙོ་བོ་རྒྱུ་མཚན་ལྡན་པའི་དགག་སྒྲུབ་བྱ་དགོས་པ་གལ་ཆེན་འདོད། དེ་འདྲ་ཡང་རེ་བ་ཡིན།
བསྟོད་པར་བསུ། གཙོ་བོ་དགག་སྒྲུབ་འཚོལ་བ་ཡིན།
བཀའ་སྤྱི་མི་གདམ་པའི་རྒྱུ་ཚན་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགན་མི་འཁྱེར་བ་དང་རང་ཉིད་ཀྱི་ངོ་བོ་ལོག་ལམ་དུ་ཕྱིན་པ་ཞིག་རེད་
དེ་ག་རང་རེད། ངེད་གཉིས་དགོངས་པ་གཅིག་དང་དབྱིངས་གཅིག་གིས།། ཀ་དག་སྟོང་པ་ཆེན་པོར་གྲུབ་སོང་།། ང་རང་སྔོན་མ་ནས་གྲྭ་བཙུན་སྲིད་ལ་ཞུགས་པ་དེར་འདོད་མོས་རྩ་ནས་མེད་མཁན་ཞིག་ཡིན། སྔོན་མ་བཀའ་སྤྱིའི་འོས་བླུག་སྐབས་ཁྱེད་ཚོའི་རྙོག་དྲ་དེའི་སྐབས་ང་ཡང་དེར་ཡོད། དྲངས་མོར་བཤད་ན་གྲྭ་བཙན་མང་ཆེ་བ་ཆབ་སྲིད་གོ་རྟོགས་ཅི་ཡང་མེད་ལ། ཉེ་རིང་ཆགས་སྡང་ནི་ཁུར་གྱིས་མི་ཐེག་པ་རེ་ཡོད་པའང་རང་མི་རང་ལ་རྒྱུས་ལོས་ཡོད། ཆོས་ལྡན་འབྲུག་རྒྱལ་ཁབ་ན་གྲྭ་བཙུན་ཚོར་འོས་འཕེན་པའི་ཐོབ་ཐང་མི་འདུག་ལ། སྲིད་ལ་ཞུགས་པའི་ཐོབ་ཐང་ཡང་མི་འདུག གལ་ཏེ་སྲིད་ལ་ཞུགས་པར་འདོད་ན་མི་སྐྱའི་ལམ་ལ་ཞུགས་ན་མ་གཏོགས་མི་ཆོག་པའི་སྲོལ་འདུག དེ་ནི་དངོས་གནས་རྣམ་དཔྱོད་ཡོད་པའི་མི་ཡི་བྱེད་སྟངས་རེད། གྲྭ་པའི་སྲིད་ལ་ཐེ་གཏོགས་བྱས་པའི་འཇུག་འབྲས་ནི་ཁྱེད་ཀྱིས་གོང་དུ་སྨྲོས་པ་དེ་ག་རེད་ལ། ལྷག་པར་དུ་ཉེ་དུས་སྤྱི་འཐུས་གྲོས་ཚོགས་ཀྱི་རྙོག་གླེང་། ལོ་ཤས་གོང་གི་གྲོས་ཚོགས་འཇུག་སྡོམ་མ་ཐུབ་པའི་རྙོག་དྲ་དེ་དག་ཐུག་ས་སྤྱི་འཐུས་གྲྭ་རྒན་རེ་འགས་བྱེད་བབ་ལ་བརྟེན་ནས་བྱུང་བ་རེད། ངས་འདི་ལྟར་བཤད་དུས་ཡང་རེ་འགས་ཁྱོད་རང་གྲྭ་པ་ཚོར་སྡང་ཟུག་བྱེད་མཁན་རེད་ཟེར་མོད། དོན་དངོས་ང་ཡང་གྲྭ་པ་ཞིག་ཡིན། གྲྭ་པའི་སྣང་བརྙན་མང་པོ་ཞིག་ཆོས་པ་སྲིད་ལ་ཞུགས་པའི་ཉེར་ལེན་ལ་བསྟེན་ནས་བྱུང་བ་ཧ་གོ་ན་བཟང་།
ཐུབ་པའི་བཀའ་དང་མ་འགལ་ན་བཙན་བྱོལ་བཅའ་ཁྲིམས་འགལ་ཡང་སླ། ལོག་ལམ་མིན་པར་ཡིད་ཆེས་ཡོད། དྲང་པོར་བཤད་ན་བཙན་བྱོལ་བཅའ་ཁྲིམས་ཚིག་གཅིག་མི་ཤེས་ལ་ཤེས་འདོད་ཀྱང་མེད། བཀའ་སྤྱི་བརྩོད་པའི་གྲྭ་བཙུན་གཙོས་ཕལ་ཆེར་གྱིས་ཤེས་མེད་ཚོད་རེད།
ཡང་དགེ་ལུག་པའི་གཡོ་བྱུས་ཆེན་མོ་དེ་མངོན་ཡོང་གི
གནས་ལུགས་དང་འབྲེལ་བའི་དགོངས་འཆར་དེར་རྒྱབ་སྐྱོར་ཆེན་པོ་ཡོད། དེ་འདྲ་དང་འབྲེལ་ནས་ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་འདི་འདྲ་གསུངས་ཡོད་པ་དྲན་སོང་།
དམ་པའི་ཆོས་སྒོར་ཞུགས་པའི་ཉིང་དགོས་ནི། །རང་གཞན་ཐར་ལམ་འཚོལ་བ་ཁོ་ནའི་དོན། །ཆོས་བརྒྱད་དང་དུ་ལེན་པ་སྲིད་ཀྱི་ལུགས། །དམ་པའི་ཆོས་དང་ཟུང་དུ་ཇི་ལྟར་སྦྲེལ། ། ཞེས་དང་།
ཆོས་ལྡན་རྒྱལ་ཁབ་འཇིག་རྟེན་ཀུན་ཏུ་ཡོད། །ཆོས་སྲིད་ཟུང་འབྲེལ་བོད་ཀྱི་ཡུལ་དུ་དར། །ཆོས་ལྡན་ཙམ་གྱིས་རྒྱལ་ཁབ་མི་ཉམས་ཀྱང་། །ཟུང་དུ་སྦྲེལ་བས་གཉིས་ཀའི་ནུས་པ་ཤོར། ། ཞེས་སོགས་གསུངས་ཡོད།
ད་དངོས་གནས་བོད་ཀྱི་སྲིད་དོན་པ་གྲྭ་རྒན་རྣམས་ལ་ཉོབ་སོང་། ལྷག་པར་སྤྱི་འཐུས་དེ་རྣམས། ད་དུང་མ་ཟད་ཟམ་གདོང་བླ་མ་སྤྱི་འཐུས་དང་བཀའ་བློན་གཉིས་ཀ་བྱས་ཏེ། ཐ་མར་བོད་གཞུང་མིང་ཙམ་ཡང་མེད་པར་བྱས། ད་དུང་ཡང་དབུ་མའི་གཞོན་ནུ་ཚོགས་པ་ཞེས་བཙུགས་ཡོད་ཚོད་འདུག དེ་ནི་གཞོན་ནུ་ཁ་གཏད་དུ་བཟོས་པ་མིན་ན་ཅི་ཡིན།
རྩོམ་པ་བོའི་བསམ་ཚུལ་འདི་ལ་བརྒྱ་ཆ་བརྒྱ་རྒྱབ་སྐྱོར། འཛམ་གླིང་འུ་ཚོའི་བོད་མ་གཏོགས་ཆབ་སྲིད་འོས་འགྲན་ནང་འདྲེ་ལག་བརྐྱངས་མཁན་གྲྭ་བ་ཡོད་པ་དཀོན། དེང་སང་དྲ་ལམ་དང་བརྒྱུད་ལམ་ཁག་ཏུ་བཀའ་སྤྱི་འོས་བསྡུ་ཆེད་དུ་གྲྭ་བ་དེ་ཚོར་ཚོར་བ་གང་འདྲ་རྣོ་བོ་འདུག གྲྭ་བའི་འོས་འདེམས་ཁྲོད་ནས་སྲིད་ལ་མི་ཕན་ལ། བསྟན་པར་མི་ཕན་པ་གསལ་བོ་རེད།
བསམ་ཚུལ་ཡག་པོ་སྤེལ་འདུག གལ་སྲིད་ལམ་ཁ་འདིར་བགྲོད་ཀྱི་ཡིན་ན། བཙན་བྱོལ་ནང་དུ་དགེ་འདུན་པའི་སྡེ་ལ་འོས་ཤོག་གཉིས་འཕེན་པའི་ཐོབ་ཐང་ཡོད་པ་དེའི་ནང་གི་གཅིག་དོར་འོས་པས། ཁ་བཤད་བརྒྱ་ལས་ལག་ལེན་གཅིག་དགའ་ཞེས་པ་མ་བརྗེད་པ་གནང་རོགས།
བཀུར་འོས་དྲ་གྲོགས་ཚོས་རྒྱབ་སྐྱོར་གནང་བར་དགའ་པོ་བྱུང་། ངས་ཀྱང་སྐད་སྒྲ་འདི་ནམ་ཡང་འཇག་ཏུ་འཇུག་གི་མིན།
གྲྭ་བ་ཚོར་འོས་གཉིས་འཕེན་པ་དེ་ལ་མིག་སེར་བྱེད་དགོས་དོན་མི་འདུག ད་བར་དུ་གྲྭ་བས་བོད་བསྟན་པ་ཆབ་སྲིད་བསྐྱངས་འདུག བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་དེ་ཡང་དགེ་འདུན་པ་རེད། བོད་ཀྱི་མཁས་དབང་ཞེས་ས་བསྒྲགས་གནམ་བསྒྲགས་བྱེད་ཟམ་གདོང་བླ་མའང་དགེ་འདུན་པ་རེད། ཕྱི་རྒྱལ་གྱི་མི་སྣ་རྣམས་བོད་དོན་ལ་དོ་སྣང་བྱེད་པའང་གྲྭ་བས་ཆོས་བཤད་པ་ལས་བྱུང་བ་རེད། གཞིས་སུ་བོད་དོན་གྱི་ཆེད་དུ་རང་སྲོག་བློས་གཏོང་བྱེད་མཁན་ཕལ་ཆེ་བ་དགེ་བཙུན་རེད། བྱེས་སུ་ཆོས་དང་རིག་གཞུང་བདག་སྐྱོང་བྱེད་མཁན་ཀྱང་དགེ་འདུན་པ་རེད། གཞིས་མི་རྣམས་ལ་སྦྱིན་བདག་འཚོལ་མཁན་ཀྱང་དགེ་འདུན་པ་རེད་་ད་ཁོང་ཚོར་ཇ་ལན་ཆུ་འཇལ་དང་དྲིན་ལ་དྲིན་ལོག་བྱེད་རྒྱུ་ཡིན་ནམ། མི་སྐྱ་དེའི་རིགས་ཀྱིས་ད་བར་དུ་འཇོན་བཞག་པ་གང་འདུག་གམ། རང་མགོ་ཐོན་ཙམ་བྱུང་དུས་རང་གི་བུ་ཕྲུག་དང་ནང་མི་སྤུན་མཆེད་ཀྱི་ཆེད་དུ་ཚོང་སོགས་ལ་མགོ་འཁོར་ནས་བསྡད་ཡོད་པ། དགེ་འདུན་པ་མེད་ན་བོད་ལ་གཟི་བརྗིད་མེད། མི་སྐྱས་ཙག་གྲ་ཙམ་ཀྱང་བཟོ་ཐུབ་མེད། ད་ལྟའང་དེ་ག་རང་རེད།
ཁྱུང་སེ་ལགས་བདེན་ནོ་
རྒན་ཁྱུང་སེ་ཕེབས་ནས་དགོངས་ཚུལ་གསུང་བར་དགའ་བསུ་ཡོད། ཡིན་ནའང་། ཕྱོགས་གཅིག་ནས་དམངས་གཙོའི་སྤྱི་ཚོགས་ཡིན་ཟེར་བཞིན་པ་ཞིག་ཏུ་ཁྱད་དབང་ལོངས་སུ་སྤྱོད་པའམ། ཐོབ་ཐང་གཉིས་སམ་ལྷག་མ་ལེན་པ་ནི་འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་དང་འགལ་ཡོད། ཕྱོགས་གཞན་ཞིག་ནས་གཞན་ཕན་དང་ཆོག་ཤེས་བླ་རུ་བཀུར་བའི་ཆོས་ལུགས་ལ་འགལ་ཡོད། སྒོས་སུ་བན་ཆོས་སུ་སེམས་ཅན་ཐམས་ཅད་མ་རུ་བཀུར་བས། མི་ནི་བཤད་མ་དགོས་པའི་ཁར། དགེ་འདུན་པ་ཞིག་གིས་ཐོབ་ཐང་གཉིས་མཐུད་འཛིན་བྱས་ན་རང་ཉིད་ཀྱི་མ་ཡི་ཟས་སྐལ་འཕྲོག་པ་དང་འདྲ་བོ་འདུག་བསམ། ཕྱོགས་གསུམ་པ་ནས་བཤད་ན། སྦྱིན་བདག་འཚོལ་བ་སྟེ། གཞན་བསྟེན་གྱི་འཚོ་བ་རོལ་བ་ནི་དུས་ཐུང་རིང་སློབ་གཉེར་བྱེད་མཁན་དང་། གོད་ཆག་བྱུང་ནས་གནས་སྐབས་རོགས་དངུལ་ལེན་དགོས་ཐུག་མཁན། ཡང་ན། སྒྲུབ་པ་ཉམས་ལེན་ལ་གཞོལ་མཁན་ཚོ་མ་གཏོགས་དགེ་འདུན་པའི་སྡེ་ནས་བཙན་བྱོལ་བ་སྤྱི། ད་ལྟ་བོད་ནང་དུའང་སྦྱིན་བདག་འཚོལ་བའི་ཁ་དར་བཞིན་པ་འདི་ནི་མི་རིགས་འདི་འགྱེལ་ས་ནས་ལངས་མི་ཐུབ་པའི་རྒྱུ་རྐྱེན་ཆེ་ཤོས་སུ་གྱུར་ཡོད། དེང་སྐབས་གཞན་དབང་དུ་མ་གྱུར་བའི་གཞན་བསྟེན་ཞིག་ཧ་ལམ་འཚོལ་དུ་མེད། ཚང་མས་དགོངས་ཚུལ་གསུང་རོགས།
སྦྱིན་བདག་འཚོལ་བ་དེ་དེང་སང་གི་འགྲོ་ལུགས་ཤིག་རེད། དེང་སང་རྒྱལ་ཁབ་དང་རྒྱལ་ཁབ་བར་ལ་ཡང་ཕན་ཚུལ་སྦྱིན་བདག་བྱེད་རེས་དང་། ཚོང་ལས་ཚོགས་པ་བར་ལ་ཡང་སྦྱིན་བདག་བྱེད་རེས་བྱས་ནས་འགྲོ་སྲོལ་འདུག བོད་ཀྱིས་དགེ་འདུན་པ་དང་སྦྱིན་པའི་བདག་པོའི་བར་གྱི་མཆོད་ཡོན་གྱི་འབྲེལ་བ་དེ་ལྟ་སྟངས་གཞན་ཞིག་གིས་ལྟ་ཤེས་ན་མཉམ་ལས་ཞེས་པ་དེ་རེད། དམར་སྲུང་དམག་གི་བརྗོད་ཚིག་ལ་རྗེས་ཟློས་མ་གཏོགས་ཀླད་པ་མེད་མཁན་ཚོས་ནམ་ཡིན་ཡང་གླུ་བརྒྱ་ངག་གཅིག་མ་གཏོགས་ཅང་ཤེས་ནི་མ་རེད།
གྲྭ་བ་ཚོས་དམངས་གཙོའི་ཐོབ་ཐང་ལོངས་སུ་སྤྱད་ནས་འོས་ཤོག་བརྒྱ་ཐམས་པ་འཕངས་རུང་དེ་ལ་སྐྱོན་ཞིག་མཐོང་མ་སོང་། དེ་ཆོས་དང་མི་མཐུན་ལུགས་ཀྱང་མཐོང་མ་སོང་། མཚོན་ཆ་བེད་སྤྱད་ནས་ཁྱོད་ཚོའི་ཐོབ་ཐང་དང་རྒྱུ་ནོར་ཁྱེར་སོང་བ་ནི་མ་རེད།
འདི་ཚོ་ཚང་མ་ཆོལ་ཁ་སོགས་ཀྱི་ཕྱོགས་རེས་འཐབ་རྩོད་ཀྱི་ན་ན་ཚ་ཚ་ཞིག་མི་བཟོད་ནས་ཡར་བཤད་མར་བཤད་བྱེད་འདུག་གི་ཡོད་ས་རེད་བསམ་གི།
རྩོམ་པ་པོ་འདིའི་བསམ་ཚུལ་བཤད་སྟངས་ལ་འགལ་བ་མང་པོ་འདུག གོང་ས་མཆོག་བཀའ་དྲིན་ཆེ་རབས་བཤད་ཞོར་ལ་གོང་ས་མཆོག་གིས་མི་ལོ་བཞི་བརྒྱར་ཉེ་བའི་རིང་གི་མཛད་པ་འཕྲིན་ལས་ཡོད་ན་མེད་ན་ཆོས་བྱང་ཆུབ་སེམས་དཔའི་ཐབས་མཁའ་ཐུགས་རྗེ་ཀྱི་བྱེ་བྲག་དགེ་འདུན་པས་མང་ཚོགས་ཀྱི་བདེ་དོན་བསྒྲུབ་པའི་བྱ་བ་ལ་དམའ་འབེབས་དང་། གོང་ས་མཆོག་གི་ལམ་སྟོན་ཡོད་ན་མེད་ན་དམངས་གཙོའི་ལམ་སྟོན་ལ་མཐོང་ཆུང་། གོང་སང་མཆོག་གི་འདོད་འདུན་ཡོད་ན་མེད་ན་སྟེ་བོད་མི་སྐྱ་སེར་ཡོད་དོ་ཅོག་གིས་དམངས་གཙོའི་ཐོབ་ཐང་འོས་འགན་ལེན་པ་དེ་རྩིས་མེད་རྡོག་རོལ་དུ་གཏོང་གིན་འདུག
གལ་ཏེ་མི་རོགས་སྤྱི་སྦྱིན་བདག་ལ་བརྟེན་པ་ཡིན་ན། ཞེ་ས་བསྐྱོན་ན་མཆོད་པ་དང་། ཁ་སྐད་ལྟར་བཤད་ན་སྤྲང་སྦྱིན་་ལབ་ཀྱི་རེད། རབ་བྱུང་ན་སྦྱིན་བདག་འདི་དགོས་ཡ་ཞིག་མ་རེད། སྦྱིན་པར་ཁ་གདངས་མིག་ཅེར་ནས་སྒྱིད་ལུག་ཅན་དུ་འགྱུར་བ་དང་། ཆོག་ཤེས་རྩ་ནས་མེད་མཁན་དུ་འགྱུར་འགྲོ། དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་སྦྱིན་པ་བདག་གིར་འཛིན་མཁན་ཚོར་མིག་ཤར་ཅིག་བྱོས་དང་ཤེས་འོངས།
བསམ་ཚུལ་འདི་ལ་མོས་འཐུན་མེད། དམངས་གཙོའི་སྤྱི་ཚོགས་ནང་མི་མང་སྤྱི་ཡིས་འགན་ཁུར་དགོས་རྒྱུ་གལ་ཆེན་པོ་རེད། གྲྭ་བཙུན་ཚོ་ཡང་སྤྱི་ཚོགས་ཀྱི་གྲུབ་ཆ་ཞིག་ཡིན་པས་སྤྱི་ཚོགས་ལ་འགན་ཁུར་དགོས་པ་རེད། ཡང་ན་ཚེ་བློས་གཏོང་གིས་རྗེ་བཙུན་མི་ལ་བཞིན་དུ་དམ་ཆོས་ཁོ་ན་ལ་འབད་ཐུབ་ན་ཧ་ཅང་ལེགས་ཀྱང་དེ་འདྲ་ནི་དེང་སང་ཉིན་མོའི་སྐར་མ་རེད། དེ་འདྲ་མ་ཐུབ་ཕྱིན་གྲྭ་བཙུན་ཚོ་ཡང་སྤྱི་ཚོགས་ལ་རྟེན་ནས་འཚོ་དགོས་པས་སྤྱི་ཚོགས་ཀྱི་ལས་དོན་གང་ལ་ཡང་མཉམ་ཞུགས་བྱེད་དགོས་པ་ལས་ཆོས་ལ་ཁ་གཡར་ནས་གཡོལ་ཐབས་བྱས་ན་མི་འགྲིག ལྷག་ཏུ་བོད་མི་རིགས་གཉེན་འཕྲང་གི་དུས་ཚོད་འདི་འདྲར་གྲྭ་བཙུན་ཚོས་སྲིད་དོན་ལ་ཇུས་གཏོག་མེད་མདོག་གིས་སོས་དལ་ལྷོད་ཡང་ངང་སྡད་པ་ཡིན་ན་རང་དྲིན་རང་ལ་ཆུང་བའི་བྱ་སྤྱོད་གཅིག་ལས་ཅི་ཡང་མ་མཐོང་། འོས་ཤོག་བླུག་པ་ནི་དམངས་གཙོའི་ཐོབ་ཐང་གལ་ཆེན་ཞིག་ཡིན་པས་དེ་ལ་མཉམ་ཞུགས་མ་བྱས་ན་དེ་ནི་འགན་འཁྲི་མ་ཁུར་བ་ལས་གཞན་ཅི་མང་མིན། གྲྭ་བཙུན་ཚོས་འོས་ཤོག་གཉིས་འཕེན་ཆོག་པ་འདི་ཡང་ཐོབ་ཐང་དམིག་གསལ་བླང་བཞག་པ་གང་ཡང་མ་རེད། ཆོས་རྒྱུད་སྤྱི་འཐུས་ཚོ་ཆོས་རྒྱུད་སོ་སོས་གདམ་དགོས་དུས་གྲྭ་བཙུན་ཚོར་རང་བཞིན་གྱིས་འོས་ཤོག་གཉིས་བླུག་དགོས་ཆགས་ཀྱི་ཡོད་པ་རེད།
དྲ་འབུ་སྤོབས་པ་མཐའ་ཡས་དང་ལུང་རྟོགས་གཉིས་གྲྭ་བ་ཐབས་ཆག་ཅིག་ཡིན་པ་ཧ་གོ་སོང་། འཛམ་གླིང་འདིར་དཔེ་ཅི་ཡང་མེད་པ་དེ་བོད་པ་ཡོད་རེད། འཛམ་གླིང་འདིར་སུ་གང་གིས་མ་མྱངས་པ་དེ་བོད་ལ་མྱོང་གི་ཡོད། གྲྭ་བས་སྲིད་ལ་ཇུས་དག་བྱེད་དང་རེ་བ་མཐོང་ངེས། ལྷ་སྡེ་གནམ་ལོ་ཡག་གིནདགོངས་ཚུལ་དེར་དགའ་བསུ་ཡོད། ངས་ནི་དེ་རེས་བཀའ་སྤྱི་གཉིས་ལ་འོས་བླུགས་ཀི་མིན།དེ་ནི་བསྟན་སྲིད་གཉིས་ལ་བསམ་ནས་རང་ཡིན།
ཧཧཧ འགན་མི་ཁུར་བ་དེ་བསྟན་སྲིད་གཉིས་ལ་བསམ་པ་ཡིན་ན་བཙན་བྱོལ་ནང་བསྟན་སྲིད་ལ་བསམ་མཁན་མང་ཀི་པ།
ཉམས་ཞིབ་པ་གནམ་ལོ་ཡག་ལགས་ཀྱིས་གྲྭ་པའི་འོས་གཉིས་ཀྱི་ཐོང་ཐང་ཡོད་རེད་ཅེས་པའི་སྐད་ཆ་འདིས་གནད་དོན་དངོས་ཀྱི་ཐོག་ཏུ་བབ་མི་ཐུབ་པ་ཞིག་བཟོས་སོང་། ཆོས་སྲིད་ཟུང་འབྲེལ་ལ་དགག་པ་རྒྱག་གི་ཡོད་ན་འོས་གཅིག་དང་འོས་གཉིས་ཀྱི་ཐོབ་ཐང་ཟེར་ནས་ཅང་བཤད་ས་མེད། སྤྱིའི་ཆ་ནས་གྲྭ་པ་ལ་འོས་གཉིས་ཀྱི་ཐོབ་ཐང་འདུག་ཟེར་བ་དེ་ཡང་དོན་དངོས་ཤིག་མ་རེད། སྔོན་མ་ཞིག་ལ་གསལ་བཤད་ཐེངས་ཤིང་བྱས་མྱངས་ཡོད་པས་དེ་རིང་འདི་ན་ཡང་བསྐྱར་མི་བཤད།
གཉིས་པ། རྩོམ་ཡིག་དེའི་བརྗོད་བྱ་ལ་ནང་འགལ་ནང་འདུག་པས་ཆོས་སྲིད་ཟུང་འབྲེལ་ལ་དགག་པ་དག་ཡང་ཞིག་ཏུ་མཐོང་གི་མི་འདུག ཆོས་སྲིད་ཟུང་འབྲེལ་གྱི་གཙོ་མཛད་༧གོང་ས་ཏ་ལའི་བླ་མ་ལ་དགག་མི་དགོས་པར་ཆོས་རྒྱུད་ཀྱི་སྤྱི་འཐུས་ཚོའི་ཐོག་ཏུ་མདའ་ཁ་དང་མདུན་ཁ་སྐོར་ནས་དགག་ཚིག་འཕེན་པ་འདི་དྲང་བདེན་མ་རེད། བྱེད་སྟངས་འདིས་ཆོས་སྲིད་ཟུང་འབྲེལ་དགག་ཐུབ་ཐབས་ཡོད་མ་རེད།
1་་་་་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་གསུམ་པ་ལས།། མ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བདེའི་ལྟ་བར་གཞི་བཅོལ་བའི་ཐོག་རང་དབང་དང་། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ། དམངས་གཙོ་མཉམ་འབྲེལ། ཡུལ་མིའི་རྒྱལ་ཁབ་ཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཀོད་ཡོད།
2་་་་དོན་ཚན་དང་པོ། བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས།
བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་འཇིག་རྟེན་ཞི་བདེའི་དེད་དཔོན་དང༌། ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང༌། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་བཅས་ཡིན། གནས་བབ་འདི་དག་ནི་ལོ་གྲངས་བརྒྱ་ཕྲག་མང་པོའི་བྱུང་རབས་དང༌། རིག་གཞུང༌། མངའ་དབང་ལྡན་པའི་བོད་མིའི་མངོན་འདོད་བཅས་ལས་གྲུབ་པ་ཡིན། དེའི་ཕྱིར་གཤམ་གསལ་གྱི་མཛད་འགན་དང་སྐུ་དབང་རྣམས་རང་ཆས་སུ་ཡོད།
༡ བོད་མིའི་བདེ་དོན་དང་བསམ་སྤྱོད་ཀྱི་ཡར་རྒྱས། ཆོས་དང་རིག་གཞུང༌། རིག་གནས་བཅས་ཀྱི་སྲུང་སྐྱོབ་དང་དར་སྤེལ། བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱིས་མཚོན་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིའི་ཐོག་ལམ་སྟོན་དང་བཀའ་སློབ། སྐུལ་ལྕག་གནང་རྒྱུ།
༢ ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དགོས་གལ་ནམ་གཟིགས་སྐབས་དང༌། འགོ་འཁྲིད་རྣམས་ཀྱིས་གསོལ་འདེབས་ནམ་ཞུས་ལ་བོད་མི་རིགས་དང༌། སྤྱི་ཚོགས། བསྟན་སྲིད་ཀྱི་གལ་ཆེའི་ལས་དོན་ཐོག་གྲོས་ཚོགས་དང་བཀའ་ཤག་གི་དགོངས་པའི་དཔྱད་གཞིར་དགོངས་འཆར་གནང་རྒྱུ།
༣ བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཆེད་རྒྱལ་སྤྱིའི་དབུ་འཁྲིད་རྣམ་པ་དང༌། གལ་ཆེའི་མི་སྣ་ཁག་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང༌། བཀའ་ཤག་གིས་བསྐོ་འཛུགས་བྱས་པའི་སྐུ་ཚབ་དོན་གཅོད་དང་དམིགས་བསལ་སྐུ་ཚབ་རྣམས་ལ་ྋགོང་སྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ་བཅས།ཅེས་བཀོད་འདུག
3་་་་་གྲྭ་པ་སྤྱི་འཐུས་བསླེབས་པ་ཆོས་རྒྱུད་ཀྱི་སྤྱི་འཐུས་ཁོ་ན་མ་རེད། སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་གྲྭ་པ་རེད། ཆོལ་ཁའི་སྤྱི་འཐུས་རེད། རྨོག་རུ་བསྟན་པ་གྲུ་པ་རེད། ཆོལ་ཁའི་སྤྱི་འཐུས་རེད། ཐུབ་བསྟན་དབང་ཆེན་ལགས་ཡུང་རོབ་སྤྱི་འཐུས་རེད། གྲོས་ཚོགས་ནང་དུ་བསླེབས་གྲྭ་པ་ཡོངས་རྫོགས་ཆོས་རྒྱུད་ཀྱི་སྤྱི་འཐུས་མ་རེད།
4་་་་་བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་ལུགས་དབུ་མའི་ལམ་གཏན་འབེབས་བྱེད་མཁན་༧གོང་ས་ཏ་ལའི་བླ་མ་རེད། ཆོས་མིང་སྲིད་ལ་བཏགས་པའི་ལམ་ལུགས་འདི་ནི་ཆོས་པས་འཇིག་རྟེན་འཁོར་བ་སྐྱོང་རྐྱེན་གཏན་འབེབས་བྱས་པ་ཞིག་རེད།
འཛམ་གླིང་འདིར་སུ་གང་གིས་མ་མྱངས་པ་དེ་བོད་པས་མྱངས་དགོས་པ་འདི་བཟོ་མཁན་རྒྱ་གུང་ཕྲན་ཡིན་པ་ལས་གྲྭ་པ་མ་རེད་ད། དགྲ་གཉེན་གཉིས་དེ་མ་ནོར་བ་གྱིས། ལར་ནས་བཙན་བྱོལ་ནང་གི་ཐེབ་ཆག་ཁྱོད་ཚོ་ལ་སྐད་ཆ་ཡང་ཐེབ་ཆག་འདི་འདྲ་ཞིག་ལས་བཤད་རྒྱུ་མེད་པ་སུས་མི་ཤེས།
བོད་མི་རིགས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ངན་འདིའི་འཽག་ཏུ་མི་ལོ་བརྒྱ་ཕྲག་མང་པོ་བསྡད་པ་ཟིན་པ་རེད། མ་འོངས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ངན་པ་འདི་མེད་པ་བཟོ་དགོས་ངེས་རེད། ཡིན་ཀྱང་སྐབས་དང་དུས། བོད་ཀྱི་གནས་སྟངས་དང་སྟོབས་ཤུགས་སོགས་ལ་བལྟ་ནས་དུས་ལ་བབ་འདུག་མིན་བལྟ་དགོས་ངེས་རེད་བསམས་གྱི་འདུག
མཁས་དབང་པས་རྣམས་པས་དགོངས་ཚུལ་རེ་གསུང་རོགས། ཆོས་སྲིད་ཟུང་འབྲེལ་མེད་པ་བཟོ་བའི་དུས་ལ་བབ་འདུག་གམ་མི་འདུག བོད་མི་རིགས་ཀྱི་རིག་གཞུང་གི་སྟོབས་ཤུགས། མི་འབོར་གྱི་སྟོབས་ཤུགས། དཔལ་འབྱོར་གྱི་སྟོབས་ཤུགས་སོགས་ཕྱོགས་མང་པོ་ཞིག་ནས་དགེ་ཚུལ་སློང་སྲིད་ལ་མ་ཞུགས་ན་བོད་ཀྱི་སྟོབས་ཤུགས་མ་བཆག་འགྲོ་ས་རེད་དམ། ཡར་རྒྱས་འོང་ས་རེད། འདི་ལ་དགོངས་ཚུལ་གསུང་རོགས་གནོང།
གྲྭ་བཙུན་ཚོས་སྲིད་དོན་ལ་ཐེ་གཏོག་མི་རུང་བར་བཤད་མཁན་དག་ལ་དོག་ཟོན་དགོས། གང་ཡིན་ཟེར་ན་ད་ལྟའི་བར་དུ་བོད་དོན་འཐབ་རྩོད་ཀྱི་སྣེ་ཁྲིད་པ་དང་རྐང་འཛིན་པ་ཕལ་མོ་ཆེ་གྲྭ་བཙུན་གྱི་ཁྲོད་ནས་བྱུང་ཡོད་པས་གུང་ཕྲན་དང་དེའི་ཕྱོགས་གཏོག་ཚོས། གྲྭ་བཙུན་རྣམ་པས་བོད་དོན་ལ་འགན་ཅི་ཡང་མི་ཁུར་བར་སོས་དལ་ལྷོད་གཡེང་ངང་སྡད་ན་འདོད་ཀྱི་ཡོད་པ་རེད། དེས་ན་འདོད་ཕྱོགས་ནི་དགྲ་ཕྱོགས་ཀྱི་འདོད་ཚུལ་ཡིན་པ་ལས་བོད་ལ་བསམ་པ་དཀར་བའི་མིའི་འདོད་ཕྱོགས་གཏན་ནས་མིན།
མཁས་དབང་རྣམ་ལ་དྲི་བ་ཞིག་འབུལ་རྒྱུ།
༡༽ ཆོས་དང་ཆབ་སྲིད་ཀྱི་དབྱེ་མཚམས་ཞིག་འཇོག་པར་ཞུ།
༢༽ དགེ་སློང་དག་དང་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ཏེ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཟེར་བའི་ཚིག་བཞི་དེ་གཞུང་གང་ན་བཞུགས་གསུངས་བར་ཞུ།
༣༽ ཚིག་བཞི་དེ་ལ་རྒྱ་འགྲེལ་ཡོད་མེད་བཀའ་གསལ་ཞུ།
༤༽ བོད་འགྲེལ་སྔ་མ་རྣམས་དང་དེང་དུས་ཀྱི་བཤད་སྲོལ་ལ་ཁྱད་པར་ཡོད་མེད་བཅས་གསུངས་བར་ཞུ། ། ལྕང་སྐྱས་བཀའ་འགྱུར་སོག་ཡིག་ཏུ་འགྱུར་སྐབས་ལུང་དེ་དྲངས་བར། །དེ་བཀའ་དངོས་དང་མདོ་རྫུན་མ་ཡིན་མིན་ནན་ཏན་དུ་དཔྱད་དགོས་གསུངས་པ་རེད། བཀའ་དངོས་ལ་སོ་སོས་སྐྱེ་བོ་མ་ཟད་བྱང་ཆུབ་སེམས་དཔས་ཀྱང་དཔྱད་མི་ནུས་པས། ནམ་ཡང་དཔྱད་མི་རུང་གསུངས་འདུག །བཀའ་ཡིན་མིན་བརྒྱུད་པ་ཡོད་མེད། དཀར་ཆག་ཏུ་ཐེབས་ཡོད་མེད། བུ་སྟོན་དང་རྗེ་རིན་པོ་ཆེ་སོགས་ཀྱིས་ཚད་མ་བྱས་འདུག་མིན་དཔྱད་དགོས་ཚུལ་གསུངས་འདུག །དེ་ལྟ་བུ་ཡིན་ན་བཀའ་ཡི་དོན་་ཚན་རིག་དང་བསྟུན་ནས་ཐག་གཅོད་པའི་དབང་ཆ་སྟོན་པའི་རྗེས་འཇུག་ཚོར་མེད་པ་འདྲ། དགོངས་འཆར་གནང་བར་ཞུ།
གཏོང་ན་རྫ་མ་ཆག་པའི་ཆོས་སྲིད་ཟུང་འབྲེལ།
འཛིན་ན་ལག་པར་ཚུག་པའི་ཆོས་སྲིད་ཟུང་འབྲེལ།
འོ་མའི་རྒྱ་མཚོ་ལྟ་བུའི་ཤཀྱའི་བསྟན་པར།
ཁྲག་གི་ཐིགས་པ་བཏབ་པའི་བླ་མའི་སྲིད་ལུགས།།
ཆོས་ནི། མི་རིགས་དང་། ས་མཚམས་བརྒལ་བའི་བདེ་འདོད་ཀྱི་གཞུང་ལུགས་བཟང་པོ་ཞིག་དང་། ཆབ་སྲིད་ནི། མི་རིགས་གཅིག་དང་། མི་རིགས་དེས་ས་མཚམས་ཤིག་བགོས་ནས། ས་མཚམས་དེ་གའི་ནང་གི་མི་རིགས་ལ་མཁེ་ཕན་གཙོ་བོར་འཛིན་མཁན་གྱི་སྲིད་བྱུས་ཞིག་ལ་ཆབ་སྲིད་ཟེར། ཆོས་དང་ཆབ་སྲིད་གཉིས་འགལ་བ་དང་། མི་འགལ་བ་གཉིས་ཀ་ཡོད་ཆོག་གོ།
ཀློང་ཆེན་གྲུབ་མཐའ་མཛོད་ལས།
་་་་་། འོ་ན། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཅེས་བཤད་པ་མིན་ནམ་ཞེ་ན། དེ་ནི་རང་ཉིད་དོན་དུ་གཉེར་བའི་ཆོས་དེ་སློབ་དུས་ཚིག་དང་དོན་གྱི་རིམ་པ་རྣམས་ནོར་མ་ནོར་གྱི་བསམ་བྱུང་ཤེས་རབ་ཀྱི་གདར་བྱ་བར་གསུངས་པ་ལ་དགོངས་པ་ཡིན་གྱི། ཆོས་ཀྱི་རྣམས་གྲངས་གཞན་ལ་ཡིན་མིན་གྱི་ཐེ་ཚོམ་བྱ་བར་གསུངས་པའི་ལུང་མ་ཡིན་ནོ། །་་་་་་་་་་ཞེས་གསུངས་སྟངས་ལ་བལྟས་ན། ཚིགས་རྐང་བཞི་པོ་འདི་ཐེག་དམན་གྱི་གཞུང་ཞིག་ན་མེད་དམ་སྙམ་ལགས།
སངས་རྒྱས་ཀྱི་བདག་རྐྱེན་ལ་བྱུང་བའི་གསུང་རབ་རྣམས་བཀའ་དང་། དེའི་དོན་འགྲེལ་བའི་བསྟན་བཅོས་ཚད་ལྡན་ལ། རྩོམ་པ་པོ་རབ་ཀྱིས། དེ་ཉིད་མཐོང་བ་དང་། འབྲིང་ལ་ཡི་དམ་ལྷས་ཞལ་གཟིགས་ཤིང་གསུང་གི་གནང་བ་ཐོབ་པ། མ་མཐའ་ཡང་རིག་གནས་ཆེ་ཆུང་ལྔ་ལ་སྦྱངས་ནས་བྱང་ཆུབ་པ་ཞིག་དགོས་པར་གསུངས་སོ།།
ལན་འདི་ལྟར།
༡༽ ཆོས་དང་ཆབ་སྲིད་ཀྱི་དབྱེ་མཚམས་ཞིག་འཇོག་པར་ཞུ།
ལན། ཆོས་པར་ཆོག་ཤེས་ཡོད་ཅིང་། གཞན་ཕན་ཁོ་ན་བསམ་ཡོད། ཆབ་སྲིད་པས་རང་རྒྱལ་གཞན་ཕམ་དམིགས་སུ་བཟུང་ནས་རྫུན་དང་ཕྲ་མ་ཚིག་རྩུབ་ངན་སེམས་བརྣབ་སེམས་ལ་སོགས་པ་བཀོལ་བཞིན་ཡོད།
༢༽ དགེ་སློང་དག་དང་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ཏེ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཟེར་བའི་ཚིག་བཞི་དེ་གཞུང་གང་ན་བཞུགས་གསུངས་བར་ཞུ།
ལན། སྟོན་པ་ཤཀྱཱ་ཐུབ་པས་གསུང་ཡིན་པ་གཅིག་གྲགས་རེད། ཡིན་ནའང་། དེང་སྐབས་གོང་ས་མཆོག་ལ་གོང་གི་ཚིགས་བཅད་འདི་བཀོལ་མི་རུང་བ་ལྟ་བུ་བཟོ་བཞིན་པ་ནི་དམིགས་ཡུལ་ངན་པ་རེད།
༣༽ ཚིག་བཞི་དེ་ལ་རྒྱ་འགྲེལ་ཡོད་མེད་བཀའ་གསལ་ཞུ།
ལན། ཡོད་དང་ཡོད། སྦལ་བས་ག་དུས་ཀྱང་རང་ཉིད་ཀྱི་ཁྲོན་པ་ལས་མི་མཐོང་ངོ་།
༤༽ བོད་འགྲེལ་སྔ་མ་རྣམས་དང་དེང་དུས་ཀྱི་བཤད་སྲོལ་ལ་ཁྱད་པར་ཡོད་མེད་བཅས་གསུངས་བར་ཞུ། ། ལྕང་སྐྱས་བཀའ་འགྱུར་སོག་ཡིག་ཏུ་འགྱུར་སྐབས་ལུང་དེ་དྲངས་བར། །དེ་བཀའ་དངོས་དང་མདོ་རྫུན་མ་ཡིན་མིན་ནན་ཏན་དུ་དཔྱད་དགོས་གསུངས་པ་རེད། བཀའ་དངོས་ལ་སོ་སོས་སྐྱེ་བོ་མ་ཟད་བྱང་ཆུབ་སེམས་དཔས་ཀྱང་དཔྱད་མི་ནུས་པས། ནམ་ཡང་དཔྱད་མི་རུང་གསུངས་འདུག །བཀའ་ཡིན་མིན་བརྒྱུད་པ་ཡོད་མེད། དཀར་ཆག་ཏུ་ཐེབས་ཡོད་མེད། བུ་སྟོན་དང་རྗེ་རིན་པོ་ཆེ་སོགས་ཀྱིས་ཚད་མ་བྱས་འདུག་མིན་དཔྱད་དགོས་ཚུལ་གསུངས་འདུག །དེ་ལྟ་བུ་ཡིན་ན་བཀའ་ཡི་དོན་་ཚན་རིག་དང་བསྟུན་ནས་ཐག་གཅོད་པའི་དབང་ཆ་སྟོན་པའི་རྗེས་འཇུག་ཚོར་མེད་པ་འདྲ།
ལན། བཀའ་ཟེར་བ་དེ་ལ་བཤད་ཚུལ་སྣ་མང་དང་ལོ་རྒྱུས་དང་ཆོས་ལུགས་མི་འདྲ་བ་རེ་རེེར་བཤད་སྟངས་རེ་རེ་ཡོད་ངེས། སངས་རྒྱས་ཆོས་ལུགས་ལ་མཚོན་ན། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཟེར་བ་འདི་བཀའ་ཞེས་པའི་འབྱུང་ཁུངས་ཡིན། སྐབས་འདིའི་བཀའ་ཟེར་བ་ནི་བསྲེག་བཅད་བརྡར་གསུམ་བརྒྱུད་པའི་རིགས་པ་ཡང་དག་གིས་གཏན་ལ་ཕབ་པ་ཞིག་རེད་མ་གཏོགས་དེང་སྐབས་ལྟར་བླ་མའམ་དགེ་བཤེས་ཚོས་རང་འདོད་དུ་མང་ཚོགས་ལ་སྨྲ་བཞིན་པ་ཞིག་མ་རེད།
དྲི་བ་ཞིག་ཡོད་ ཆབ་སྲིད་གལ་ཆེ་འམ་ ཆོས་ལུགས་གལ་ཆེ་།?
ཀ་རྡོ་གཉེར་ཕྱག་མཆོག་དང་། ཀརྨ་བོ་གསལ་མཆོག་གིས་བཀའ་ལན་གནང་བར་ཐུགས་རྗེ་ཆེ་ཞུ།
ཀ་རྡོ་ལེགས་ཀྱིས། ཆོས་དང་སྲིད་ཀྱི་ཁྱད་པར་འབྱེད་ཚུལ་གནས་ལུགས་དང་མཐུན་པའི་ཕྱོགས་དང་། ལུང་ཁུངས་དང་སྐབས་དོན་འགྲེལ་བཤད་གནང་པ་ཕན་པ་ལྷུར་ལེན་པ་ཡིན་པས། གཟུར་གནས་ཀྱིས་ལན་ལ་ཐུགས་རྗེ་ཆེ་ཞུ།
འབྲས་སྤུངས་བླ་བྲང་གོང་མ་ཚང་གི་ཡིག་ཆ་ནང་དུ་་་་བཀའ་ཡི་མཚན་ཉིན་འདི་ལྟར་གསུངས་ཡོད།
གདུལ་བྱའི་ཉོན་རྨོངས་སྤང་དོན་དུ་སྟོན་པའི་གསུངས་པའི་གསུང་རབས་མཐར་ཐུག བཀའ་ཡི་མཚན་ཉིད་བཞག་ཡོད་རེད། དགའ་ལྡན་ཤར་རྩེ་གྲྭ་ཚང་དང་མཁས་མང་བློ་གསལ་གླིང་གྲྭ་ཚང་གཉིས་ཀྱིས་བཀའ་ཡི་མཚན་ཉིད་འདིར་ཁས་ལེན་གྱི་རེད།
བོད་ཀྱི་བླ་གྲ་དག་གིས་ཆབ་སྲིད་ཀྱི་སྡིག་ཉེས་ནམ་མཁར་མི་ཤོང་པར་བསགས་ཡོད། དེ་སྔོན་རྒྱལ་དབང་ན་རིམ་ཡང་ནོར་འཁྲུལ་འདིའི་ནང་ཚུད་ཡོད། དེར་བརྟེན་གོང་ས་བཅུ་བཞི་པ་ཆེན་པོས་ནོར་འཁྲུལ་མཁྱེན་ཅིང་ལམ་ནོར་ལྡོག་ཤེས་ཀྱིས་བཤའ་བཅོས་ཐེངས་གཅིག་གནང་ཡོད་པ་འདི་ལམ་ལྷོང་ཡོང་བ་ལ་གྲྭ་བཙུན་ཚོས་འབད་དགོས། བཀའ་བཞིན་སྒྲུབ་པ་མཆོད་པའི་མཆོག་ཡིན་པས་སོ། །
http://kirti92.org/peom13.php
བཀའ་དང་བསྟན་བཅོས་ཀྱི་སྐོར་ལ་ཅུང་ཟད་དཔྱད་པ་བྱིས …
ད་ཁྱེད་ཚོས་བཀའ་ཡིན་ཟེར་བའི་བོད་ཡིག་གི་ཡིག་ཚོགས་འདིའི་སྐོར་ལ་མང་པོ་བཤད་མ་བཤད་ཡོད་མ་རེད། བཀའ་དངོས་གནས་མིན་པའི་རྒྱུ་མཚན་ངེས་ཅན་གང་ལ་གང་མཚམས་ཆེ་གེ་མོ་ཚོར་ལབ་རྒྱུ་འདུག དེ་རིང་དུས་ཚོད་མེད། ཉིས་ཤས་རྗེས་མཇལ་ཡོང་། ད་བདེ་མོ། །
ད་བར་དུ་བོད་པའི་སྤྱི་ཚོགས་ནང་མི་གང་མཚམས་ཤིག་གིས་ནང་ཆོས་ཀྱིས་བོད་ཡུལ་དགྲ་ལག་ཏུ་ཤོར་བ་ངོས་འཛིན་གྱི་ཡོད། བལྟ་ཚུལ་འདི་ཡང་དག་པར་ཅིག་ཡིན་མིན་སུས་ཀྱང་ཁ་མཚོན་ཆོད་དཀའ། དེ་བཞིན་སྲིད་སྐྱོང་དང་སྤྱི་འཐུས་སེར་མོ་བ་ཡག་པོ་མེད་ལུགས་ཀྱི་གནས་བཤད་འདི་ཡང་ཕྱོགས་རེ་བ་རེད། ཅི་སྟེ་སེར་མོ་བ་མེད་ནས་རང་ཡུལ་རང་བདག་བྱ་ཐུབ་ན་ཚད་ཐིག་ཅིག་འཐེན་དང་སེར་མོ་བ་རྣམས་དགོངས་པ་ཞུ་རྒྱུ་ལ་དཀའ་ལས་ཡོད་མ་རེད། གལ་སྲིད་སེར་མོ་བས་བོད་དོན་ལ་ལག་པ་མ་འཆང་ན་བོད་པའི་གནས་ཚུལ་དེ་ཚད་གང་འདྲ་ལ་གནས་ཡོད་འདས་ཟིན་པའི་དུས་ནང་གསལ་ལེ་རེད། གང་ལྟར་ཡང་མི་རེར་འོས་རེ་ཐོབ་ཐང་ཡོད་པས་རི་བོང་ཅལ་འགྲོགས་མ་བཟོ་བར་རྣམ་དཔྱད་ཀྱིས་རྒྱ་བོད་དཀའ་རྙོག་སེལ་ཐུབ་མཁན་ཅིག་འདེམས་དགོས་གལ།།
དེང་སྐབས་བོད་རྒྱ་དཀའ་རྙོག་སེལ་ཐུབ་མཁན་བོད་པ་ཞིག་ས་སྟེང་འདི་ན་ཡོད་ནི་མ་རེད། ལྷག་པར་དུ་དབུ་ལམ་རྒྱུད་ནས་དཀའ་རྙོག་སེལ་རྒྱུའི་སྟོང་འཆར་དེ་ཇི་སྲིད་མ་འགྱུར་བར་དུ་དེ་སྲིད་དུ་བོད་པའི་ཁ་ཕྱོགས་མཐུར་ནས་མཐུར་ལ་འགྲོ་རྒྱུ་རེད།
Samdong Rinpoche.some indian Tibetans are more danger than Chinese.
རྒྱ་དོལ་གཉིས་ལས།བོད་རིགས་བཙན་བྱོལ་བོད་རིགས་འགའ་ཉེན་ཁ་ཆེ་བ་ཡོད་་པ་་་་་
https://www.youtube.com/watch?v=oXlQUTrDHl8
ཟམ་གདོང་ཚང་གི་སྐད་ཆ་འགའ་ཞིག་གིས་མི་དམངས་མང་གཙོ་ལས་རྒྱལ་བ་རིན་པོ་ཆེ་གལ་ཆེ་བའི་སྐོར་རྒྱུན་དུ་གསུངས་ཀྱི་རེད། མང་གཙོའི་ལྟ་གྲུབ་ཀྱི་ཐོག་ནས་བཤད་ན། དེ་ནི་ཤིན་ཏུ་མ་འོས་པའི་བཀའ་མོལ་ཞིག་རེད། དེ་ནི་སྲིད་དབང་གཅིག་སྡུས་ལམ་ལུགས་པས་བཤད་བབ་ཞིག་ལས་མང་གཙོ་སྐོར་གྱི་ལྟ་གྲུབ་ལས་ལྡོག་པ་རེད།
མི་མང་གིས། ༸གོང་ས་མཆོག་ལ་མོས་ན། མང་གཙོ་དོན་གྱིས་ཚང་བསྡད་ཡོད་རེད།
མི་མང་གིས་མོས་པའི་མི་ཞིག་ཡིན་ན་མི་དེས་གང་བྱས་དང་ཅི་བྱེད་དམངས་གཙོ་ཡིན་སོང་ན། དམངས་གཙོ་ཡར་ཐོན་རྒྱལ་ཁབ་རྣམས་ཀྱི་སྲིད་འཛིན་དང་སྲིད་བློན་ཚོ་ལས་མི་དམངས་ཀྱི་སྨྲ་བརྗོད་ལ་རིན་ཐངས་མེད་པ་ཡིན་ནམ། ཧཧཧཧཧ། ཀརྡོ་རང་རེད།
ཡ་ཡ་་་་་་་བོད་རྒྱ་གཉིས་ཀྱི་དཀའ་རྙོག་འདི་སེལ་ཐུབ་མཁན་བོད་མི་མེད་པ་དང་ནང་གསེས་དབུ་མའི་ལམ་གྱི་ཐབས་ལ་བརྟེན་ནས་རྒྱ་བོད་དཀའ་རྙོག་སེལ་མི་ཐུབ་པའི་གདེངས་ཚད་དང་ཐག་ཆོད་ཁུངས་སྐྱེལ་གང་ན་ཡོད། འོ་ན་དེ་ལས་ཐབས་ཤེས་གཞན་ཡོད་ན་ནུས་པ་སྟོན་པའི་དུས་ལ་སླེབས་ཡོད་རེད། ཨ་ཁུས་འཇོན་དང་ཚ་བོས་འཇོན། ཁྱད་པར་ཡོད་མ་རེད། ཕེབས་ཤོག་རྐུབ་ལྕག་ཡོད་རེད་འདའ།
ཨ་ཅང་ཅང་ ཞེས་པ་དེ་བོད་སྐད་རེད་དམ་ ཡིན་ན་དོན་གང་ཡིན་་ནམ་