བྱ་སྨྱོན་པ།
འཚོ་བ་ནི་འགྲེལ་བརྗོད་མེད་པའི་མག་མོག་གི་འཇིག་རྟེན་ཞིག་ཡིན་ཚེ།
ངའི་སྤྲོ་སྣང་དང་འཛུམ་མདངས་ནི་འཇིགས་རུང་གི་མཚན་མོ་ཞིག་ཡིན་སྲིད།
མི་ཞིག་ཁེར་རྐྱང་གིས་རྒུད་པའི་གོ་རིམ་ཧྲིལ་བོ།
ཀློག་པར་མི་སྤྲོ་བའི་ཐ་སྙད་འགས་བཙན་འཛུལ་ཁོ་ན་ཡིན་མི་སྲིད།
གལ་ཏེ། འཚོ་གནས་ཀྱི་དགའ་སྐྱོའི་རྣམ་པ་རེ་རེ།
ཐོབ་ཤོར་ཟེར་ནས་ལས་ཀྱི་བརྐོས་ཐང་ལ་འཁྲུལ་འགྲོ་ཚེ།
ང་ཚོར་རིན་ཐང་གི་ལོངས་སྤྱོད་ཅིག་ཡོད་མི་སྲིད།
སེམས་དང་སེམས་པ་འདྲེས་ཚུལ་ནི།
སྲེད་པས་དེད་པའི་ཞེ་འདོད་རུམ་གང་ལས།
དུངས་ཚུལ་དང་དྲན་ཚུལ་བཤད་ན།
ཡིད་སྣང་ལས་ཤོར་བའི་གདམ་པ་ཞིག་སུའང་སྟེར་རྒྱུ་མེད་དོ།
འཚོ་བའི་དང་ལྷོད་ཀྱི་གས་ཀ་རེ་རེ་ནི།
ཁྲག་དང་མཆི་མས་སྦག་པའི་གཏམ་རྒྱུད་ཀྱི་བྱུང་བ་རེ་རེ་ཡིན་སྲིད་ན།
འཇིག་རྟེན་འདིར་རང་དབང་ལ་སྨོན་པའི་སྐད་ཆ་དེ་ཚོ།
དྲན་པ་ཞིག་རྡོ་ལ་སྦྱོར་བའི་སྡུག་ཡུས་དེ་ཚོ།
སུ་ཞིག་གིས་ཐོད་པར་བྲིས་པའི་བསྐོས་ཡིག་དམར་པོ་དེ་ཡིན་སྲིད།
རོལ་རྩེད་ཞིག་གི་ཁྲོད་ནས་འཚོ་བ་ལ་འདེམས་ཀ་བརྒྱབ།
མིག་འཕྲུལ་ཞིག་གི་དོན་དུ་བརྩེ་བར་སུན་སྣང་བསྐུར།
སྣང་བས་ཁྱེར་བའི་འཚོ་བའི་ཁྲ་རིས།
གསལ་ལ་མི་གསལ་བའི་མདང་གི་རྨི་ལམ་དེ་དང་འདྲ་ན།
ང་ཚོར་ལྷག་ཡོད་པ་ནི་གཉོམ་དུང་དུང་གི་བྲན་གཤིས་ཙམ་ཀྱི་རྣམ་པ་ཁོ་ན་ཡིན་སྲིད།