ནམ་མཁའ།
སྤྱིར་བཏང་རྒྱ་ནག་རྒྱལ་ཁབ་འདི་ནང་པའི་རྒྱལ་ཁབ་ཞིག་ཡིན་ལ། མ་ཟད་རིག་གཞུང་རྒྱ་ཆེན་པོ་ཡོད་པའི་མི་རིགས་ཞིག་ཀྱང་ཡིན་པ་ང་ཚོས་ཤེས་དགོས་པ་རེད། འོན་ཏེ། ཐབས་སྐྱོ་བ་ཞིག་ལ། གུང་ཁྲན་ཏང་གིས་དབང་བསྒྱུར་བྱས་པ་ནས་བཟུང་ལྷ་མེད་སྨྲ་བའི་མི་ཆོས་ཁོ་ན་དོན་གཉེར་ཅན་གྱི་མི་རིགས་ཞིག་ཏུ་གྱུར་བ་རེད། ངས་འདིར་གསལ་བཤད་བྱེད་འདོད་པ་ཞིག་ལ། རྒྱ་ནག་གི་སྐམ་ས་ཆེན་མོའི་རྒྱ་རིགས་ཡོད་ཚད་འདི་འདྲ་རེད་ལབ་ཀྱི་མེད།
ང་ཚོས་བསམ་གཞུགས་བྱེད་དགོས་པ་ཞིག་ལ། སེམས་གཙོ་སྨྲ་བའི་མི་རིགས་ཞིག་ནས་ལྷ་མེད་སྨྲ་བའི་མི་རིགས་ཞིག་ཏུ་ཅི་ལྟར་གྱུར་བ་ཡིན་པ་དེ་རེད། དེ་ཡང་ང་ཚོས་རྒྱ་མི་རིགས་ཡིན་པ་གཅིག་མཚུངས་ཀྱི་ཐེ་ཝན་གྱི་རྒྱ་རིགས་ཚོ་དང་ཧོང་ཀོང་གི་རྒྱ་རིགས་ཚོ་བསྡུར་ནས་བལྟ་ཆོག་གི་རེད། ཐེ་ཝན་གྱི་རྒྱ་རིགས་ཚོས་ཕན་ཚུན་རྒན་གཞོན་བར་གསུམ་ལ་བརྩི་བཀུར་དང་། རང་གི་ཡབ་མེས་རྣམས་ཀྱིས་ཤུལ་བཞག་རིག་གནས་ལ་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད།
རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་བའི་རྒྱ་རིགས་ཚོ་འཛམ་གླིང་གང་དུ་བལྟ་སྐོར་དུ་སོང་ཚེ། ཁོང་ཚོས་དངུལ་གྱི་སྟོབས་ཤུགས་ཁོ་ན་ལ་རྟེན་ནས་འགྲུལ་བཞུད་བྱེད་ཀྱི་ཡོད་པ་ལས། མི་རིགས་གཞན་གྱིས་ཅི་ཞིག་བྱེད་བཞིན་ཡོད་པ་བལྟ་ཤེས་ཀྱི་མེད། ཐ་ན་ཁོང་ཚོ་ཐེ་ཝན་དང་ཡོ་རུབ་སོགས་གང་དུ་སོང་ཚེ་ཡང་། ཁོང་ཚོའི་རྣ་དབང་སྐྱོན་ཅན་ཞིག་ཡིན་པ་ལྟར་སྐད་གསེང་མཐོན་པོས་སྐད་ཆ་བཤད་ཀྱི་ཡོད་པས། ཡོ་རུབ་པ་ཚོས་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་བའི་རྒྱ་མི་རིགས་དང་། ཐེ་ཝན་དང་ཧོང་ཀོང་ནས་ཡོང་བའི་རྒྱ་རིགས་བར་གྱི་ཁྱད་པར་སྐད་ཆ་བཤད་སྟངས་ཀྱི་དབྱེ་འབྱེད་བྱེད་ཀྱི་ཡོད། སྐབས་རེ་ཡོ་རུབ་པ་ཚོས་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་བའི་རྒྱ་རིགས་ཚོ་དང་ཨ་ཧྥུ་རི་ཀ་ནས་ཡོང་བའི་མི་རིགས་ནག་པོ་ཚོའི་སྐད་ཆ་བཤད་སྟངས་ལ་གཅིག་མཚུངས་སུ་བལྟ་གི་ཡོད་པ་རེད།
རྒྱུ་མཚན་ནི། གལ་སྲིད་ཁྱེད་རང་ས་འོག་མེ་འཁོར་ནང་འགྲོ་དུས། དེ་གར་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་བའི་རྒྱ་རིགས་དང་། ཨ་ཧྥུ་རི་ཀ་ནས་ཡོང་བའི་མི་རིགས་ནག་པོ་ཚོས་ཕན་ཚུན་སྐད་ཆ་སྐད་གསེང་མཐོན་པོས་བཤད་སྐབས། ཁོང་ཚོ་ཁོ་ན་ས་འོག་མེ་འཁོར་ནང་ཡོད་པའི་སྣང་བ་ལས་མི་གཞན་ཚོ་ཡོད་པའི་སྣང་བ་མེད་པས། མི་གཞན་ཚོས་ཁོང་ཚོའི་སྐད་ཆ་བཤད་སྟངས་ལ་ཧ་ལས་ཏེ་བལྟ་གི་ཡོད་། མ་ཟད་ཁ་ཤས་ཀྱིས་ཁོང་ཚོས་སྐད་གསེང་མཐོན་པོས་སྐད་ཆ་བཤད་སྟངས་ལ་ཁོང་འཛུམ་ཤོར་བཞིན་འཕྱ་དམོད་བྱེད་ཀྱི་ཡོད་པ་རེད། ཡིན་ཡང་ཁོང་ཚོས་དེ་ཤེས་ཀྱི་མེད་ལ་མི་གཞན་ཚོས་སྐད་ཆ་ག་ལེ་བཤད་བཞིན་ཡོད་པ་ཡང་དོན་སྣང་བྱེད་ཤེས་ཀྱི་མེད།
་ཡོ་རུབ་ཏུ་གཞི་སྡོད་བྱས་པའི་རྒྱ་རིགས་ལྟ་སྐོར་སྣེ་ཤེན་པ་ངོ་ཤེས་ཞིག་གིས་ང་ལ་འདི་ལྟར་བཤད་མྱོང་། ཁོང་ཚོ་འགྲོ་འདོད་ཡོད་སའི་ཚོང་ཁང་སྐད་གྲགས་ཅན་ཚོ་རེད། དེའི་ནང་དུ་སོང་ཚེ་ཐང་ལ་གཟུགས་བརྙན་འཆར་བའི་ཤེལ་སྒོ་ནང་བཞིན་ཡོད་པ་རེད། ཡིན་ཡང་ཁོང་ཚོས་ཐང་ལ་ཁ་ལུད་གཡུགས་ཀྱི་འདུག་པས་ང་རང་ལ་ངོ་ཚ་མང་པོ་བྱུང་མྱོང་ཡོད་ཟེར། ཐེ་ཝན་དང་ཧོང་ཀོང་གི་མི་ཚོས་རྒྱ་ནག་སྐམ་ས་ཆེན་མོ་ཡི་རྒྱ་རིགས་སླེབས་ཚེ། འབུ་ཆ་ག་སླེབས་སོང་ཞེས་འཕྱ་དམོད་བྱེད་ཀྱི་ཡོད་པ། ཁ་སང་རྒྱ་རིགས་ཕྱི་སྡོད་པ་ཚོས་ཨ་རིའི་བརྙན་རླུང་ཁང་ནས་དེའི་སྐོར་གླེང་མོལ་སྐབས་བཤད་ཡོད་པ་ཁྱེད་ཚོས་ཀྱང་ཐོས་ཡོད་སྲིད། འདི་ནི་ཀུན་སྤྱོད་ཆུང་ཤོས་གྲལ་གྱི་གནད་དོན་ཞིག་རེད།
རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་རིགས་སྐོར་ཞིག་ཐེ་ལན་ཊི་ལྟ་སྐོར་ལ་ཕྱིན་པའི་སྐབས་ཀྱི་བརྙན་ཐུང་ཞིག་ངས་ངོ་དེབ་ནས་མཐོང་བ་ཞིག་འདིར་བྲིས་ཆོག ཁོང་ཚོ་དེ་གར་གྱི་གནའ་བོའི་ནང་པའི་དགོན་པའི་ལྟ་སྐོར་ལ་འགྲོ་སྐབས། དགོན་པའི་འདབས་ཀྱི་ཚོང་ཟོག་ཆུང་ཆུང་མེ་ཏོག་དང་ཤིང་ཏོག་སོགས་བཤམས་ཡོད་པ་དེ་ལ། རྒྱ་རིགས་དེ་ཚོས་དོན་མེད་རྐང་པས་རྡོག་རྫི་རྒྱབ་སྟེ་བརྙས་བཅོས་བྱེད་བཞིན་འདུག
ཁྱེད་ཚོས་བསམ་གཞིགས་རེ་བྱས་ཚེ། མི་ཉམ་ཆུང་འབྲེལ་མེད་ཞིག་ལ་དོན་མེད་དུ་ཐུབ་ཚོད་གཏོང་ཐུབ་པའི་བསམ་བློ་དེ་གང་ནས་ཡོང་པ་རེད་དམ།
གུང་ཁྲན་ཏང་གིས་ནམ་ཡང་མི་ཡི་སེམས་ཁམས་ལ་སློབ་གསོ་ཡ་རབ་སྤྱོད་བཟང་ཞིག་སྤྲད་མྱོང་མེད་པའི་རྟགས་རེད། ཁོ་རང་ཚོའི་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་ཡ་རབ་སྤྱོད་བཟང་གི་ཀུན་སྤྱོད་ལོ་ངོ་༦༠ནང་གར་སོང་ཆ་མེད་གྱུར་ཡོད་པ་རེད།
སྤྱིར་བཏང་བྱས་ན། ཐེ་ལན་ཊིའི་མི་རིགས་ཀྱི་ཡ་རབ་ཀུན་སྤྱོད་དང་མི་ལ་བརྩི་བཀུར་བྱེད་སྟངས་ནི་མི་སུ་ཡིན་ཡང་ཡིད་དབང་འཕྲོག་པ་ཞིག་ཡིན། ཡིན་ཡང་རྒྱ་རིགས་ཚོའི་བྱ་སྤྱོད་ཐ་ཤལ་དེའི་དབང་གིས་རྒྱ་རིགས་ཚོ་ཐེ་ལན་ཊིར་ལྟ་སྐོར་དུ་ཡོང་བར་རེ་ཞིག་མཚམས་འཇོག་བྱེད་དགོས་བྱུང་སྟེ། རྒྱ་རིགས་ཚོ་མཐོང་ཚེ་རྒྱ་ནག་གི་༼ཕག་པ༽སླེབས་སོང་ཟེར་གི་ཡོད་པ་རེད།
དེ་འདྲའི་གནས་ཚུལ་མང་པོ་དབང་གིས་སེམས་གཏིང་ནས་ཡིན་མིན་བཤད་དཀའ་ཡང་མོད། འོན་ཀྱང་རྒྱ་ནག་གི་སྲིད་འཛིན་ཞིན་ཅིན་ཕེན་ཡང་འུ་ཐུག་ཐབས་ཟད་དེ། ༢༠༡༣ལོར་ཡོ་རུབ་ཏུ་སླེབས་སྐབས་རྒྱ་ནག་མི་རིགས་ཀྱི་ཀུན་སྤྱོད་ཀྱི་དཀའ་ངལ་འདི་ནང་ཆོས་ཀྱི་བག་ཆགས་ཅུང་ཟད་ཡོད་པ་དེས་སེལ་ཐུབ་པའི་རེ་བ་ཡོད་ཅེས་འཛམ་གླིང་གི་གསར་འགོད་གསལ་བསྒྲགས་སྐབས་བཤད་ཡོད།
དེང་སང་འཛམ་གླིང་གི་ཚན་རིག་པ་ཚོ་གཙོ་བྱས་ཏེ། སྟོན་པ་ཤཀྱ་ཐུབ་པའི་གསུང་གི་ནང་ཆོས་ལ་དོན་སྣང་ཤུགས་ཆེན་བྱེད་བཞིན་པའི་སྐབས་སུ་ཡང་། ད་རུང་མའོ་ཙེ་ཏུང་གི་ཚ་བོ་ཚ་མོ་ཚོར་རྒྱ་ནག་གུང་ཁྲན་ཏང་གིས་སློབ་གསོ་ལྷ་མེད་སྨྲ་བའི་རིང་ལུགས་ཀྱི་བག་ཆགས་དེ་མུ་མཐུད་གནས་བཞིན་ཡོད་པ་ང་ཚོས་བོད་ནང་དུ་རྒྱ་རིགས་ཚོ་ལྟ་སྐོར་དུ་སོང་བའི་གནས་སྟངས་ལས་ཤེས་ཐུབ་ཀྱི་རེད།
དེང་སང་དབྱར་དུས་རྒྱ་ནང་ལ་ཚ་བ་ཆེ་བའི་དུས་སུ་རྒྱ་རིགས་མང་པོ་བོད་མཐོ་སྒང་ལ་ཚ་གཡོལ་དང་འབྲེལ་ལྟ་སྐོར་དུ་མང་པོ་ཡོང་གི་ཡོད། ལྷ་ས་དང་མདོ་སྟོད་སྨད་ཀུན་ལ་འགྲོ་གི་ཡོད་པ་རེད། བོད་མཐོ་སྒང་གི་ལྟ་སྐོར་བྱེད་ས་གཙོ་བོ་བོད་ཀྱི་དགོན་སྡེ་ཁག་ཡིན་པ་ང་ཚོས་ཤེས་གསལ་ལྟར། དེ་གར་བོད་མི་ཚོས་རང་གི་ཕ་མེས་ཡང་མེས་ནས་བརྒྱུད་དེ་ཡོང་བའི་ཡ་རབ་སྤྱོད་བཟང་དང་། ལུས་སེམས་བག་ཡོད་ཀྱི་ཆོས་དད་ཆེན་པོའི་སྒོས་ཕྱག་དང་སྐོར་བ་བྱེད་ཀྱི་ཡོད་པ་ལ། རྒྱ་རིགས་ཚོའི་སྣང་པ་ལ་འཇིག་རྟེན་གཞན་ཞིག་ལ་སླེབས་པ་ལྟ་བུའི་ཚོར་སྣང་གིས་ཧ་ལས་མདོག་བྱས་ཏེ། ཕྱག་སྐོར་བྱེད་མཁན་ཚོའི་གདོང་པ་ལ་བསམ་བཞིན་པར་ཆས་ཨུ་ཚུགས་བྱས་ནས་བཙུགས་ཏེ་པར་རྒྱག་གི་ཡོད་པ་རེད། ཁོང་ཚོས་བྱེད་སྟངས་དེ་མི་རིགས་གཞན་ཞིག་གི་མཐོང་དུས་ང་ཚོ་མཐོ་སྒང་གི་བོད་མི་རིགས་ནི། འཇིག་རྟེན་གཞན་ཞིག་ནས་ཡོང་བའི་མི་རིགས་མི་འདྲ་བ་ཞིག་ལོས་ཡིན་བསམ་པའི་ཚོར་བ་ཁྱེད་ཚོར་སྟེར་གྱི་རེད།
དེ་ལས་ཀྱང་ཐབས་སྐྱོ་བའི་ཀུན་སྤྱོད་ཞིག་ནི། ཁོང་ཚོ་དགོན་པའི་འདུ་ཁང་ནང་ལ་འགྲོ་དུས། ཐ་མག་ཁ་ལ་བཙུགས་ཏེ་འགྲོ་གི་ཡོད་པ་མ་ཟད། ད་རུང་དུད་སྣེ་འདུ་ཁང་ལ་གཡུགས་ཞོར་ཁ་ལུད་སོགས་ཀྱང་གཡུགས་ཀྱི་ཡོད། ཁོང་ཚོའི་དེའི་ནང་གི་སྐུ་འདྲ་སོགས་ཀྱི་མདུན་ནས་འདྲ་པར་རྒྱག་དུས་ཡང་། སྐུ་འདྲའི་མདུན་ལ་འགྲོ་ས་བཀག་སྟེ་ས་མཚམས་ཕྱེ་ཡོད་ན་ཡང་དེ་ལས་མཆོངས་ཏེ། སྐུ་འདྲ་ཆེན་པོ་དེ་འདྲའི་པད་འདབ་ཐོག་འགོས་ཏེ་པར་རྒྱག་གི་འདུག་ཟེར་ནས་དགོན་པའི་སྐུ་གཉེར་མང་པོ་རྒྱ་རིགས་ཚོ་སླེབས་ཚེ་ཡིད་ཐང་ཆད་ཡོད།
ཁོང་ཚོ་ཆོས་ལ་དད་པ་ཡོད་མེད་ཀྱི་གནད་དོན་མ་ཡིན་པར་མི་རིགས་ཞིག་གི་རིག་གཞུང་ཟེར་བ་དེ་གང་འདྲ་ཡིན་མིན་དང་། དེ་ལ་བརྩི་མཐོང་སྤྲད་དགོས་མིན་ཤེས་ཀྱི་ཡོད་པ་མ་རེད། འདི་ནི་གུང་ཁྲན་ཏང་གིས་དང་པོ་ནས་སློབ་གསོ་སྤྲོད་སྟངས་ལ་ནོར་འཁྲུལ་བྱུང་བའི་རྟགས་ཡིན།
རྒྱུ་མཚན་ནི། མའོ་ཙེ་ཏུང་གིས་རྩ་བཞི་རྙིང་དོར་ནས་མགོ་བརྩམས་ཏེ། རང་གི་ཕ་མའི་དུར་ས་དང་ཤུལ་བཞག་ཅ་དངོས་ཐམས་ཅད་ལ་འཐབ་རྩོད་བྱས་ཏེ་གད་སྙིགས་ནང་གཡུགས་པའི་བག་ཆགས་ངན་པ་དེ་ད་རུང་བསྡད་ཡོད་པའི་རྟགས་རེད།
རྒྱ་ནག་གི་བཟོ་གྲྭ་ཁ་ཤས་ཀྱིས་ནང་པའི་ལྷ་སྐུ་སྟོན་པ་དང་། ཡིད་དམ་སོགས་ཀྱི་སྐུ་བརྙན་ཡོད་པའི་རས་ཆ་ཡིས་གྱོན་ཆས་སོགས་བཟོས་ཏེ་གྱོན་ནས་འགྲོ་གི་ཡོད། འདི་དག་ནི་རྒྱ་ནག་གུང་ཁྲན་ཏང་གིས་ལྷ་མེད་སྨྲ་བའི་རིང་ལུགས་ཀྱི་སློབ་གསོའི་འབྲས་བུ་ལས་བྱུང་བ་གསལ་བོ་ཡིན། དེས་རྐྱེན་གུང་ཁྲན་ཏང་གིས་རིག་གཞུང་རྙིང་པ་ཐམས་ཅད་རྗེས་ལུས་ཀྱི་གྲལ་ཏུ་བརྩིས་པའི་བསླབས་བྱ་རྒྱབ་པའི་འབྲས་བུ་རེད་ཅེས་བཤད་འདོད་པ་དེ་རེད། གུང་ཁྲན་ཏང་ལ་རིག་གཞུང་ཟེར་བ་ཞིག་མི་དགོས་བ་ཁོ་རང་ཚོས་གང་བཤད་པ་དེ་སྔོན་ཐོན་ཅན་གྱི་རིག་པའི་གཞུང་ལུགས་ཡིན་ཚུལ་བརྗོད་ཀྱི་ཡོད་པ་རེད།
རྩ་བཞི་རྙིང་དོར་གྱི་བག་ཆགས་ངན་པ་དེ། མའོ་ཙེ་ཏུང་གི་གསུང་རྩོམ་ལ་སློབ་སྦྱོང་བྱས་མྱོང་མཁན་གྱི་བོད་རིགས་ཤེས་ཡོན་པ་སྐོར་ཞིག་གིས་ཀྱང་། ད་རུང་བོད་རང་གི་ཕ་མ་ཚོའི་འདོགས་བཞིན་པའི་སྐྲ་རྒྱན་དང་སྲོལ་རྒྱུན་གྱི་ཡ་རབ་སྤྱོད་བཟང་སྐོར་ཞིག་ལ་དགག་པ་རྒྱག་བཞིན་ཡོད།
རང་གི་ཨ་མས་སྐྲ་ལུང་སོགས་འདོགས་དུས་ཁོང་ཚོ་ངོ་ཚ་ནས་འགྲམ་ལ་འགྲོ་ཡ་འཛེམ་ཟོན་བྱེད་ཀྱི་ཡོད། རྩོམ་པ་པོ་ཡིན་ཟེར་མཁན་བོད་མི་ཁ་ཤས་ཀྱི་སོ་སོའི་ཕ་མའི་ཀླད་པ་ལྗང་ཁུ་ཡིན་པའི་རྒྱུ་མཚན་སོགས་ཀྱི་རྩོམ་འཆལ་ཞིགངས་བོད་ནང་གི་དུས་དེབ་ཞིག་གི་ནང་མཐོང་སོང་། དེ་དུས་ཕྲན་གྱིས་ཐོས་མྱོང་མང་པོ་ཡོད་པའི་སྐད་གྲགས་ཆེ་བའི་རིག་གནས་གསར་བརྗེ་ཟེར་བ་དེ་ཡིད་ལ་དྲན་བཅུགས་མྱོང་།
རིག་གནས་གསར་བརྗེ་སྐབས་བུ་ཕྲུག་ཚོ་ཡར་ལངས་ཏེ་རང་གི་ཕ་མ་ལ་རྩ་བཞི་རྙིང་དོར་གྱི་འཐབ་རྩོད་བྱས་པ་དེ་རེད། དེ་དུས་རང་དབང་མི་འདུག་ལབ་ན་འགྲིག་གི་ཡོད་པ་རེད། ཡིན་ཡང་དེང་སང་ཁྱེད་ཀྱི་ཕ་མའི་ཀླད་པ་ལྗང་ཁུ་ཡིན་ཚུལ་དུས་དེབ་སོགས་སུ་འགོད་དགོས་བའི་བཙན་དབང་གཏོང་མཁན་མེད། གལ་ཏེ་དེང་སང་ཡང་ད་རུང་རིག་གསར་བརྗེ་ཡར་བསླངས་མཁན་ཡོད་ཚེ། རང་གི་ཕ་མ་ལ་འཐབ་རྩོད་བྱེད་མཁན་བཙན་དབང་བྱེད་མི་དགོས་བར་མ་སྐུལ་དྭངས་བླངས་ཀྱིས་འཐབ་རྩོད་བྱེད་ས་རེད་སྙམ་མྱོང་། གང་ལྟར་ཡང་དེང་སང་བོད་རིགས་ཚོའི་ནང་ན་ཡང་མའོ་ཙེ་ཏུང་ད་རུང་བློས་བསྐྱུར་མི་ཐུབ་མཁན་ཡོད་པ་ར་སྤྲོད་བྱེད་ཐུབ་ཀྱི་འདུག་སྙམ།
མཐའ་མཇུག་བཤད་འདོད་པ་ཞིག་ནི། རྒྱ་ནག་གི་སྲིད་དབང་འཛིན་མཁན་ཚོས་བུ་མོ་ལོ་ན་མ་ལོན་པ་བཙན་གཡེམ་དང་བུ་དང་བུ་མོ་ལོ་གཞོན་དེ་འདྲའི་དབང་པོ་གསོན་ལེན་བྱེད་ཐུབ་པ་མ་ཟད། མི་གསོན་པོ་ཟོག་ལུག་བཞིན་བཤའ་ཐུབ་ཀྱི་ཡོད་པ་རེད། དེ་འདྲའི་འདྲ་པར་མང་པོ་ཞིག་ངས་སྐད་འཕྲིན་ཐོག་འགྲོ་བཞིན་ཡོད་པ་མཐོང་མྱོང་། རེད་དེ་འདྲ་ཡོང་ངེས་རེད། རྒྱ་ནག་པེ་ཅིན་སྲིད་གཞུང་གི་དབང་འཛིན་པ་ཀྲུའུ་ཡོ་ཁེང་ལྟ་བུ་མང་པོ་ཞིག་གིས་མིའི་དབང་པོ་གསོན་ལེན་གྱི་སྨན་ཁང་འཛུགས་ཐུབ་དུས་མི་དམངས་དཀྱུས་མ་ཚོ་སློབ་སྦྱོང་སྣེ་གཅིག་ཀྱང་མེད་པས་དེ་འདྲའི་གདོན་འདྲེ་བདུད་རྒན་ལྟ་བུའི་ལས་ལ་སྤྱོད་ངེས་རེད།
མདོར་བསྡུས་ནས་བཤད་ན། པེ་ཅིན་སྲིད་གཞུང་ནི་ཇག་ཚོགས་ཞིག་ཡིན་པ་དེང་སང་སྟག་དང་སྦྲང་མ་མཉམ་གསོད་ཀྱི་ལས་འགུལ་ནས་ར་སྤྲོད་བྱེད་བཞིན་ཡོད་པ་རེད། དེ་འདྲའི་རྐྱེན་རྒྱ་ནག་མི་དམངས་ཀྱི་སེམས་སུ་བདེ་སྐྱིད་དང་ཞི་བདེ་བག་ཕེབས་ཞིག་ཡོང་པ་ལ། གུང་ཁྲན་ཏང་གིས་མགོ་སྐོར་གྱི་སློབ་གསོ་མཚམས་འཇོག་དང་དེའི་ཤན་ཤུགས་རྩ་ཡལ་དུ་འགྲོ་རག་བར་དུ་མི་དམངས་དཀྱུས་མ་ཉམ་ཆུང་ཚོ་ནམ་ཡང་ཞི་བདེ་བག་ཕེབས་ཞིག་ཡོང་ཐབས་མེད་པ་རེད།
ངས་གནས་ཚུལ་གཅིག་འབྲི་ཡ་བརྗེད་འདུག རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་བའི་རྒྱ་རིགས་བུ་རྒྱག་པ་སྟོབས་ཆེན་ཞིག་ཨ་རི་ལ་ལྟ་སྐོར་དུ་ཡོང་སྟེ། ཨ་རིར་གཞི་སྡོད་བྱས་བའི་ཁོའི་ངོ་ཤེས་རྒྱ་རིགས་ཁྱིམ་ཚང་ཞིག་གི་ནང་བསྡད་སྐབས། རྒྱ་རིགས་ཁྱིམ་ཚང་དེའི་ཁྱིམ་མཚེ་ཨ་རི་པ་ཞིག་ཡོད་པ་དེའི་ཁྱིམ་ཚང་གི་ཁྱི་ཆུང་ཆུང་ཞིག་ཡོད་པ་དེ་རྐུན་མ་རྒྱབ་སྟེ། ཁོ་རང་གིས་བསད་དེ་ཁྱི་ཤ་ཟས་པའི་གནས་ཚུལ་ཞིག་ཨ་རིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་བཤད་ཡོད་པའི་གནས་ཚུལ་ཞིག ཡོ་རུབ་ང་རང་སྡོད་ས་ལུང་པ་འདི་ནས་ཀྱང་བཤད་དེ་སོ་སོའི་ཁྱིམ་མཚེ་རྒྱ་ཁྱིམ་ཡོད་ཚེ། རང་གི་ཁྱི་དང་ཞི་མི་ལ་བདག་པོ་ཡག་པོ་རྒྱག་དགོས་ཞེས་བརྗོད་དགོས་བྱུང་བ་རེད།
བོད་པ་མང་པོ་ཞིག་ཀྱང་ཞབས་འདྲེན་ཞུས་པ་མང་ཙམ་འདུག་ད། །
དེང་སང་རྒྱ་ནག་གི་ཀུན་སྤྱོད་ཅི་སྡུག་ཀྱང་འཛམ་གླིང་ལ་མཁོ་བ་དངུལ་ཁོ་ན་རེད།འགྲོ་བ་མིའི་ཐོབ་ཐང་ཚིག་སྟོངས་ཙམ་རེད།དེ་རིང་རྒྱ་ནག་ལ་འཛམ་གླིང་གི་དགུན་དུས་ལུས་རྩལ་ཁོང་ཚོ་ཐོབ་སོང་།
བུ་མོ་དེས་སྟོན་པའི་སྐུ་ལ་འཁྲིད་པ་དེ་བརྩེ་དུང་གི་མཚོན་དོན་ཡིན་པ་ལས་མ་དད་པ་ཨེ་ཡིན་ནམ། དེང་སང་རྒྱ་ནང་ན་ཆོས་སེམས་ཅན་མང་པོ་ཡོད་སྐད་ཐོས། །
ཐམས་ཅད་བདེན་པའི་བཟོ་འདྲ་འདུག འཛམ་གླིང་རྒྱལ་ཁབ་སུ་ཡིན་རུང་དངུལ་ཁོ་ནའི་དོན་དུ་རེད། ནུབ་ཕྱོགས་པ་དང་ཨ་རི་བས་རྒྱ་ནག་དང་མཉམ་དུ་བོད་བཤད་པའང་དངུལ་ཁོ་ན་རེད། འགྲོ་བ་མི་ཡི་ཐོབ་ཐང་ཆ་རྐྱེན་མང་པོ་ཞིག་བཏོན་རུང་ཁ་སང་རྒྱ་ནག་ལ་༢༠༢༢ དགུན་དུས་ཀྱི་ཨོ་ལིམ་པིཀ་འགྲན་རྩོད་ནང་རྒྱལ་ཁ་ཐོབ་སོང། དེང་སང་ནུབ་ཕྱོགས་པའི་རིག་གཞུང་གི་ཤན་ཞུགས་ནས་་་་རང་ཉིད་དགའ་སའི་དངོས་པོར་ཁ་བསྐྱེལ་བ་དང་བྲང་ལ་བཅེར་བ་སོགས་བྱེད་སྲོལ་ཡོད་འདུག ཁོང་ཚོ་ཏ་ར་ལ་དགའ་ན་ཏ་རའི་ཐང་ཀ་དང་སྐུ་བརྙན་སོགས་ལ་ཁ་བསྐྱེལ་གྱི་འདུག ཡེ་ཤུ་བས་བྷ་བོལ་བཀླགས་ཚར་རྗེས་ཡེ་ཤུའི་གསུང་འབུམ་ལ་ཁ་བསྐྱེལ་བ་དང་བྲང་ལ་སྦྱོར་བ་སོགས་བྱེད་ཀྱི་འདུག དེ་འདྲའི་སྲོལ་ངན་དར་ཡིན་གྱི་རེད། མ་གཞི་ནས་ང་ཚོ་བོད་པས་ཀྱང་རང་གི་ཕ་མར་བརྩེ་བ་ཡོད་ན་ཁ་བསྐྱེལ་བ་དང་མགོ་ཐུག་པ་སྐེ་ལ་འཁྱུད་པ་སོགས་བྱེད་ཀྱི་ཡོད་པ། དེ་ཚོ་མ་གུས་པའི་རྟགས་གང་ཡང་མ་རེད། དེ་ག་ནང་བཞིན་རང་གི་མཛའ་མོའི་སྐེ་ལ་འཁྱུད་པ་དང་ཁ་བསྐྱེལ་བ་སོགས་ཀྱང་སེམས་དགའ་དྲག་ནས་རེད་མ་གཏོགས་མ་དགའ་བ་དང་མ་གུས་པའི་དོན་མ་རེད་པ།
ཁྱུང་སེ་དང་རྟ་བདུན་དབང་བོ་གཉིས་སྨྱོས་ཡོད་པ་འདྲ།
འཛམ་གླིང་ཡོངས་སུ་དད་པ་བྱ་ཡུལ་ཞིག་ལ་མགོ་བོ་སྒུར་བའམ།
ཡང་ན་པུས་མོ་སར་འཛུགས་པ་སོགས་ཀྱི་ལུགས་སྲོལ་ཡོད་པ་ལས།
དད་པ་བྱ་ཡུལ་གྱི་དབུ་ལ་་བཞོན་ནས།
བརྩེ་སེམས་མཚོན་པར་བྱས་པ་ཞིག་འཇིག་རྟེན་འདིའི་ནང་གོ་མྱོང་མེད།
མིས་བྱེད་ན་དད་པ་གུས་པ་མེད་ལུགས། སོ་སོས་བྱས་པ་རྣམས་ཆོས་རྣམ་དག་ཡིན་མདོག་རྐྱང་རྐྱང་བཤད་སྡོད་ཀིན་ཡིན་པའི། དེང་སང་ངོ་དེབ་ནང་བོད་ཀྱི་གྲྭ་པ་བླ་མ་ཚོས་ཤོག་ཀུའི་རླུང་རྟ་ཁ་མེད་གཏོར་ཞོར་རྐང་པའི་རྫི་ཞོར་སོགས་པར་མང་པོ་མཐོང་རྒྱུ་འདུག། དེ་ཚོ་ལ་ཡང་གཅིག་གསུང་རོགས།
ད་ཚང་མ་མིས་མཐོང་སྣང་ཁོ་ན་རེད་སྙམ། ང་ཚོ་ཚང་མ་ཟག་བཅས་ཉེར་ལེན་ལ་བརྟེན་ནས་གྲུབ་ཡོད་ཕྱིར། མི་སྐྱོན་མེད་པ་ཞིག་གོ་ལ་འདིའི་སྟེང་དུ་མེད་ཚོད་རེད། རྒྱ་མི་ཚོ་སྐྱོན་གྱི་ཕུང་བོ་ཞིག་ལོས་ཡིན། རྒྱ་མིས་མཐོང་སྣང་ལ་བོད་པ་དང་ལྷག་པར་དུ་འབྲོག་པ་ཚོར་མིའི་ཀུན་སྤྱོད་མི་འདུག་ཅེས་གླེང་གི་ཡོད་པ་རེད། ཟ་ཐུང་འགྲོ་འདུག་གི་སྤྱོད་ལམ་སེམས་ཅན་དང་འདྲ་བོ་འདུག་ཟེར་བ་ཐོས་མྱོང་། རྒྱ་མི་ལ་མཚོན་ན་དུག་མ་ཡིན་པའི་ཟ་མའི་རིགས་འདི་ཟ་དང་འདི་མི་ཟ་ཟེར་བ་ཞིག་མེད་ཚོད་རེད། ཁྱད་པར་དུ་ཆུ་ལ་གནས་པའི་སྲོག་ཆགས་ཡོད་དོ་ཅོག སྦྲུལ། སྦལ་བ། ཁྱི་དང་བྱི་ལ་སོགས་ཟ་བ་རེད། བོད་པ་ཕལ་མོ་ཆེས་ར་ལུག་དང་། ཟོག ཕག་ཤ་གསུམ་རེད། བྱ་རིགས་དང་ཆུའི་སྲོག་ཆགས་རིགས་ཟ་མཁན་ཉུང་ཉུང་རེད། འོན་ཀྱང་འདི་ནི་གོམ་གཤིས་ཤིག་ཡིན་པ་ལས་ནང་ཆོས་ཀྱིས་ཤུགས་རྐྱེན་ཨེ་ཡིན་ན་སྙམ། གལ་ཏེ་ནང་ཆོས་ཀྱིས་ཤུགས་རྐྱེན་ཞིག་ཡིན་ན་ཤའི་རིགས་ཡོད་ཚད་སྤོང་དགོས་རྒྱུ་རེད་སྙམ། གཞན་ཡང་ང་ཚོའི་སྐེ་ལ་སྲུང་འཁོར་དང་སྐུ་པར་སོགས་བཏགས་པ་ཡང་གོམས་གཤིས་ཤིག་ཡིན་པས་གཞན་འཆལ་གཏམ་གང་ཡང་མེད་མོད། དོན་ལ་སྐེ་ལ་བཏགས་པ་ཡང་འབག་ཙོག་གི་རང་བཞིན་ཅན་ཞིག་ཡིན་པ་སྨོས་ཅི་དགོས། ལྷག་པར་དུ་གསང་སྤྱོད་དུ་འགྲོ་བ་དང་འཁྲིག་སྦྱོར་སོགས་གྱི་སྐབས་སྐེ་ན་ཡོད་པའི་བརྟེན་རྫས་རྣམས་འབག་ཙོག་ཏུ་འགྲོ་སྲིད་དམ། །
ཁྱུང་སེས་གསུང་པ་མད། དད་པ་བྱེད་སྟངས་དང་། དགའ་གུས་བྱེད་སྟངས་ས་པྱོགས་རེ་ལ་སྲོལ་རེ་ཡོད་པས་ངན་པ་རེད་ཅེས་སྨྲ་དཀའ། ༡༽ནང་ཆོས་གཞིར་བཞག་བྱས་ནས་བཤད་ན། སོ་ཐར་སྐབས་སུ་བུད་མེད་དེ་སྐྱབས་འགྲོའི་བསླབ་བྱ་དང་འགལ་སོགས་ཀྱིས་སྤང་བྱ་ཡིན། བྱང་སེམས་སྐབས་སུ་སེམས་བསྐྱེད་བཟང་ན་མ་གུས་པ་མིན་པར་གུས་པ་བྱེད་སྟངས་ནོར་ཏེ། སངས་རྒྱས་ལ་ནུ་མ་སྣུན་པ་དང་སྟུ་སྦྱར་བ་ཡང་དོན་གྱིས་དགེ་བ་ཡིན་དགོས། གསང་སྔགས་སྐབས་སུ་གསང་བའི་མཆོད་པ་ཡོད་པས་རྣམ་པ་དང་དོན་གཉིས་ཀ་དགེ་བ་ཡིན་པ་སྨྲོས་མེད། པྱི་མ་གཉིས་ཀ་སེམས་བསྐྱེད་གཙོ་བས་སོ། ། ༢༽རྒྱ་ནག་གིས་ཡུལ་སྐོར་བས་བོད་ཀྱིས་གནས་སྐོར་པ་ལ་བརྙས་པ་ནི་དོན་གྱིས་རང་ཉིད་མཐོང་རྒྱ་མེད་པ། མི་རིགས་ཀྱི་གོམས་སྲོལ་ལ་བརྩི་བཀུར་མེད་པ། ཤེས་ཡོན་མེད་པ། ཡ་རབས་བཟང་སྤྱོད་མེད་པའི་ངན་རྟགས་བསྟན་པ་ཙམ་ལས་མེད་དོ། ། ༣༽ཕྱོགས་སོ་སོའི་དད་མོས་བྱ་ཡུལ་ལ་བརྩི་བཀུར་མ་བྱས་པས་གུ་གེའི་རྒྱལ་རབས་འཇིག་པ་དང་། བན་བོན་གྱི་རྩོད་པ། དོལ་རྒྱལ་གྱི་རྙོག་དྲ། ཀརྨ་པ་གཉིས་ཀའི་་རྙོག་དྲ་སོགས་བོད་ཀྱི་ལོ་རྒྱུས་རྡོ་རིང་ལ་ཁྲག་གི་རི་མོ་བྲིས་པའི་བོད་ལ་བྱུང་དང་འབྱུང་ཉེ་བའི་གནས་ཚུལ་ཁག་ལ་ངེས་པར་གཟབ་དགོས་པར་སྣང་ངོ་། ། རྩོད་པ་ཞིག་བྱུང་དུས་དབུ་མར་གནས་མཁན་ནི་རང་གིས་ཆོས་ཚུགས་བཟུང་སྟེ་ཀུན་ལ་གུས་པ་བྱས་པ་ཡིན་མོད། དེ་ལས་ལྡོག་ཏེ་ཕྱོགས་གཉིས་ཡིད་མི་ཆེས་ཤིང་དགྲ་རུ་འཛིན་པ་སོགས་བོད་ཀྱི་སྤྱི་ཚོགས་ལ་ད་བར་གནས་སོ། །
རེད་ཡ་ཁྱེད་ཚོ་ཁ་ཤས་ལ་བརྩེ་མཚོན་བྱེད་ཟེར་ནས་སྟོན་མགོ་གཅིན་སྐྱག་བཏང་ཚེ་ཡང་བརྩེ་བ་དང་དད་པ་མཚོན་བྱེད་ཡིན་རྒྱུ་རེད།དེ་ཡིན་ན་མའོ་ཙེ་ཏུང་གི་སྐུ་འའི་སྐེ་འཁྱུད་ནས་མའོ་ལ་དགའ་གི་ལབ་ན་མ་འགྲིག་ཅི་རེད།ད་རུང་གསང་སྒས་བཤད་ཁུལ་འདུག་གད་མོ་རྐུབ་ནས་ཤོར་སོང་།
རྒྱ་མི་རིགས་ལ་རྒྱས་བསླབ་བྱ་རྒྱབ་ན་ལོས་ཉན། རིག་གནས་གསར་བརྗེའི་སྐབས་བོད་མི་མང་པོས་ཉན་ནས་གསུང་རབ་མེར་བསྲེགས་དང་ཐང་ཀ་ཉལ་གདན་བཟོ་མཁན་མང་པོ་བྱུང་ཡོད།
དགྱ་ནག་གུང་ཁྲན་ཚང་གི་སློབ་གསོ་སྤྲོད་སྟངས་ཀྱིས་དེང་སང་གི་དགྱ་མི་རྣམས་ཀུན་སྐྱོ་བའི་ཚད་ལ་སླེབས་པ་མང་པོ་སྒྲོགས་ཀྱིན་འདུག ཨ་རི་དང་ཡུ་རོབ་སོགས་ནས་མེ་འཁོར་དང་རླང་འཁོར་སོགས་ནང་འགྲོ་ནས་སྐབས་སྐད་ཤུགས་ཆུང་ཆུང་བྱེད་པ་ཀུན་སྤྱོད་བཟང་བའི་རྟགས་རེད་ཟེར་ན་ཅུང་མི་འཐད། ཁོ་ཚོའི་གཞན་ལ་གུས་བཀུར་དང་བསྟུན་ཤེས་བྱས་པ་མ་ཡིན་པར། ཁོ་ཚོ་གུ་དོག་པའི་སེམས་ཁམས་ཞིག་ཡོད་པའི་རྟགས་རེད།
ནམ་མཁའ་ལགས་ཁྱེད་ཀྱི་བསམ་པ་ཙམ་ལས་རང་གཞན་ལ་དཔྱད་པ་མི་འདུག་པས་བྲིས་རིན་མི་འདུག
ནམ་མཁའི་མིག་གཉིས་ཕྲ་སོང་།།
རྟ་བདུན་འབམ་སྐུར་ཆགས་སོང་།།
ཁྱུང་སེ་མཁའ་ནས་ལྷུང་ཞོར།།
གསང་སྔགས་ཞབས་ནས་བརྡོལ་སོང་།།
རོང་པོ་འཇོན་རབ་བཤད་ནས།།
འཇོན་པའི་ཚིག་གཅིག་མ་མཐོང་།།
སྟོན་པའི་དབུ་ལ་ཞོན་ཀྱང་།།
དད་པ་ཆེ་རབ་བཤད་པ།།
ཨ་ཕ་གཅར་རྡུང་བྱས་ཀྱང་།།
གཉོར་སྐྱོང་ཡིན་རབ་བཤད་ཤོག།
ཡ་རབས་མ་རབས་གཉིས་ཀྱི་ས་མཚམས་མང་བ་ལ་བཞག་དགོས་པ་ལས་མཐའ་གཅིག་ཏུ་རྒྱ་ཆ་བརྒྱ་ཐམ་ཏག་ཏག་འཇོག་དགོས་ཚེ་སྐད་ཆ་བཤད་ཡས་གཅིག་ཀྱང་ལྷག་མེད།
སངས་རྒྱས་ལ་དགའ་དྲག་པའམ་ཡང་དད་པ་ཆེ་དྲག་པས་སངས་རྒྱས་ཀྱི་མགྲིན་པར་འཁྱིལ་བ་ཡིན་རྒྱུ་རེད་བསམ། གང་ལྟར་དགྱ་དམར་གྱི་སྲིད་གཞུང་སློབ་གསོར་འབྲེལ་བ་ཡོད་མེད་མི་ཤེས་ཡ།
གཅིག་བྱས་ན་རང་རེ་ཚང་མ་ནོར་འདུག པར་འདི་རྒྱ་ནག་ཆན་ཀྲུའི་རྡོའི་བཟོ་གྲྭ福建省泉州石雕廠南安詩泉石雕工藝品有限公司པར་རེད་འདུག སྐུ་བཟོའི་ལག་རྩལ་ཇུས་བཀོད་པ། བུ་མོ་མཛེས་མ་དེས་སྐུ་འདྲ་ལ་འཇམ་བརྡལ་འོད་རྩི་བྱུགས་སྐབས་པར་བཏབ་པ། དྲ་ཐོག་ཏུ་བཞག་མ་ཐག་ནང་མ་འགའ་ཞིག་གིས་སྐྱོན་བརྗོད་བྱས་པས་ངོ་སྤྲོད་ཕྱིར་འཐེན་བྱས་པ་རེད་ཟེར། བདེན་རྫུན་དཔྱད་པར་འཚལ།
དྲི་མེད་ལྷག་བསམ་ལགས། ཁྱེད་ཀྱིས་སྔོན་མ་ཞིག་ལ་སྒྲོལ་མ་བྱ་རྒྱུད་ཡིན་པའི་ཁུངས་ཤིག་ཁྱེར་ཤོག་དང་རྔན་པ་སྤྲད་གསུངས་པ་ཞོག་དྲན་གྱིན་འདུག ད་ངས་དེའི་ཁུངས་ཞིག་རྙེད་སོང་། ཁྱེད་ཀྱིས་ང་ལ་རྟ་རྒན་ཞིག་གྲ་སྒྲིག་བྱེད་རན་སོང་ལགས།
རྒྱ་མོས་སངས་རྒྱས་ཀྱི་སྐུ་འདྲ་ལ་ཞོན་ན་ཚིག་པ་ཟ་མི་ཉན། སྐུ་གཟུགས་མཆོད་རྟེན་དམ་ཆོས་ལ།།འཁྱལ་ཞིང་འཇིག་པར་བྱེད་པ་ཡང་།།བདག་གིས་ཁྲོ་བར་མི་རིགས་ཏེ།།སངས་རྒྱས་སོགས་ལ་གནོད་མི་མངའ། ཞེས་པའི་སྤྱོད་འཇུག་གི་ཚིག་འདི་དྲན་པའི་དུས་སུ་བབ་བོ།།
འོ་ལེགས་སོ། ཉིད་ནི་གཟུངས་དང་སྤོབས་པ་གཉིས་མངའ་བ་ཞིག་རེད། ངས་བརྗེད་ཚར་འདུག འོན་ཀྱང་རྒྱུད་དམ་མདོ་ཞིག་རྙེད་ན་སྐུ་ཚེ་རིང་། རྟ་ཞིག་སྟེར་བ་ལས་ཀྱང་ལྷག རྒྱ་གཞུང་ལའང་བླ་མེད་དུ་འདོད་བཞིན་སྤོབ་དཔོན་ངག་གི་དབང་ཕྱུག་དང་། ཇོ་བོ་རྗེ་སོགས་ཀྱིས་དགོས་པའི་དབང་གིས་བྱ་རྒྱུད་ཀྱི་ལྷན་པ་བཏབ་པ་དང། བོད་གཞུང་དེའི་རྗེས་འབྲངས་སོགས་ཀྱིས་མི་འོངས། འབུལ་བ་ཁས་ལེན་ལྟར་འབུལ་ངེས་སོ། །
རེད་ཡ། དྲི་མེད་ལྷག་བསམ་ལགས་ཀྱིས་སྒྲོལ་མ་བྱ་རྒྱུད་ཡིན་པའི་ཁུངས་བཙན་པོ་ཞིག་རྙེད་ན་རྟ་ཞིག་སྟེར་ངེས་ཡིན་གསུངས་པ་བདག་གི་དྲན་ལམ་དུ་ད་དུང་གསལ། འོན་ཀྱང་ངས་དེའི་ཕྱོགས་ལ་དོ་སྣང་མ་བྱས་པར་བཏངས་སྙོམས་སུ་གཞག་གོ ད་རེས་སྤོབས་པས་ཁུངས་ཤིག་རྙེད་ཡོད་ན་ཤིན་ཏུ་དགེའོ། དེར་མ་ཟད་རྟ་ཞིག་ཀྱ་ཐོབ་པར་སྨོན། འཕྲུལ་རྟ་ཞིག་ལ་འདོད་པ་ཡོད་དམ། རྟ་མཆོག་ཅིག་ལ་འདོད་པ་ཡོད། གལ་ཏེ་དྲི་མེད་ལྷག་བསམ་ལགས་ཀྱིས་དཔལ་འབྱོར་གྱིས་མ་འདང་ན་དྲྭ་གྲོགས་ཚོས་ཞལ་འདེབས་བསྡུས་ནས་རྟ་ཞིག་ཉོས་ན་མི་འགྲིག་པ་གང་ཡང་མི་འདུག །
དྲ་གྲོགས་གང་ཤར་རིག་གྲོལ་རྩལ་གྱིས་བདག་ལ་ཞལ་འདེབས་གནང་འཆར་བཀོད་པར་ཐུགས་རྗེ་ཆེ། ཕྲན་ནི་མི་ཚེ་གཞན་ལ་རེ། ལག་པ་བཟེད་ནས་སྡོད་མཁན་ཡིན་པས་སྟེར་མཁན་བྱུང་ན་ལེན་རུང་མིན་གྱི་ཁྲེལ་དང་ངོ་ཚ་ནི་རྣ་ལམ་དུ་མ་གྲགས་པར་ལོ་མང་འགོར་ཟིན། རྟ་བཟང་པོ་ཞིག་ལ་རིན་ཚད་རྒྱ་སྒོར་འབུམ་གཅིག འབྲིང་ཙམ་ལ་ཁྲི་ལྔ། དམའ་འབྲིང་ཞིག་ལ་ཁྲི་གཅིག ཞོན་རྟ་རྒས་པ་ཞིག་ལ་སྟོང་བདུན། རྟ་སྐམ་བཤའ་རྒྱུ་ཚོན་པོ་ཞིག་ལ་ཁྲི་གཅིག སྐམ་པོ་ཞིག་ལ་སྟོང་ལྔ། བ་ལ་ཞིག་ལ་སྟོང་གསུམ། རྟེའུ་ཞིག་ལ་སྟོང་གཅིག དེ་ལས་རིན་ཐང་དམའ་བ་མེད་དོ། ། གལ་སྲིད་རྟ་སྟེར་དགོས་བྱུང་དུས། གྲོགས་གང་ཤར་རིག་གྲོལ་རྩལ་སོགས་ཀྱིས་ཐུགས་ནས་མི་འདོར་བར་ཞུ། །
རང་ཤར་དང་དྲི་མེད་གཉིས་ནས་གོ་བ་ལོན་མི་འདུག སྤོབས་མཐས་རྟ་ཞིག་དགོས་ཟེར་བ་ནི་སྒོ་ནོར་སེམས་ཅན་རྟ་ལ་ཟེར་བ་མིན། ཁོང་བཞུགས་ས་ནུབ་ཕྱོགས་ཡིན་ཅིང་མ་ཟད་apertment ནང་དུ་བཞུགས་མཁན་ཞིག་གིས་སེམས་ཅན་རྟ་གང་དུ་ཉར་རྒྱུ་ཡིན་ནམ། རང་གི་ལྕགས་རྟ་ཙམ་ཀྱང་འཇོག་ས་མི་རྙེད་ནས་བསྡད་ཡོད། ཁོང་གིས་རེ་འདུན་ནི། བུད་མེད་བཟང་པོ་ཞིག་གནང་རོགས་གྱིས་ཞེས་པའི་དོན་རེད། ད་ཁྱེད་གཉིས་ནས་རྒྱ་བལ་ནས་བུད་མེད་ཅིག་ལ་ནུབ་ཕྱོགས་སུ་འགྲོ་འདོད་ཡོད་མེད་དྲིས་ནས་གཏོང་ཐབས་གནང་དང་དེ་གས་ཆོག་པ་རེད། ཁོ་རང་སྤོབས་པ་ཆེ་དྲག་པས་ཁོ་རང་གིས་ཐད་ཀར་བུད་མེད་ལ་རེ་འདུན་བྱེད་མི་འདོད་པས་རེད།
ད་ཧ་གོ་སོང་། རྟ་ཞིག་ཉོ་བ་ལ་རིན་གོང་ཡོད་པ་རེད། བརྩེ་བ་ལ་རིན་གོང་བྲལ་ཕྱིར་ཧ་ཅང་ཁག་པོ་རེད། ཡིན་ནའང་བུ་མོ་ཞིག་སྤོབས་པ་ལ་ངོ་སྤྲོད་ཞུས་ཆོག་པ་རེད་མ་གཏོགས་སྤྱི་ཚོགས་རྙིང་བ་བཞིན་བཙན་གྱིས་མནའ་མ་སྟེར་ཐབས་བྲལ། སྤོབས་པ་ལགས། མགོ་སེར་དང་མགོ་ནག་གཉིས་གང་ལ་དགའ་མོས་བྱེད་ཀྱི་ཡོད། །
དྲ་གྲོགས་གང་ཤར་རིག་གྲོལ་རྩལ་ལ་ཐུགས་རྗེ་ཆེ། །
ཨེ་མ། འོད་གསལ་གནམ་གྱི་སྒོ་ཆེན་ཕྱེས་པ་ལས། །
སྒོ་བཞི་མཛོད་ལྔའི་བོན་མཛོད་རང་རྡོལ་ཞིང། །
མཐུ་ཆེན་སྒོ་བ་བཞི་ཡི་བྱིན་བསྡུས་པ། །
སྒོ་དཀར་ལྷ་ཡི་བུ་ལ་ཞེ་རེ་མཁྲེང་། །
རྟ་མཆོག་ཅང་ཤེས་སྟེར་བའི་ཆད་དོན་དུ། །
མི་མཆོག་རྟ་རུ་འཛིན་པ་དེང་གི་དུས། །
གསང་ཚིག་མདུད་རྒྱ་དཀྲོལ་མཁས་རིག་གྲོལ་རྩལ། །
ཁྱུང་སེའི་གཤོག་སྒྲོར་འཇུས་ཏེ་ཕེབས་པར་ཞུ། །
མི་ལ་རིན་བྲལ་རྟ་ལ་གོང་ཆེ་ཡང་། །
བདེན་པའི་གནས་ལུགས་འཚོལ་ལ་དགའ་བའི་མིས། །
གློ་སྙིང་གཏའ་མར་བཞག་པའི་དམ་བཅའ་དེ། །
སྒྲུབ་བ་མི་སྐྱོ་མཚོ་ལ་ངང་བ་བཞིན། །
ཆོས་ལ་ཕྱོགས་རིས་སྲིད་ལ་གཡོ་སྒྱུ་ཡིས། །
ཚངས་པའི་ཐིག་ཀྱང་ཡོན་པོར་འགྲོ་བའི་དུས། །
གཟུར་གནས་བློ་ལྡན་དྲྭ་གྲོགས་དུ་རེ་འགའ་ནི། །
རིག་གཞུང་ཆང་གིས་རོ་ཡིས་སྨྱོས་འདི་རྨད། ། དྲི་མེད་པས། །