ཡོང་ཁུངས། བོད་ཀྱི་དུས་བབ།
ཁ་བ་དབེན་པའི་གྲོང་ཁྱེར་ཞིག་ཏུ་དགུན་ཁའི་ཨོ་རྩེད་ཚོགས་གཏན་འཁེལ།
༢༠༢༢ ལོའི་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་དེ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐྱོ་ཞིང་། ཁ་བ་དབེན་པའི་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྲོང་ཁྱེར་དུ་འཚོགས་རྒྱུར་གཏན་འཁེལ་བྱས་འདུག
ཁ་སང་ཕྱི་དྲོར་མ་ལེ་ཤི་ཡའི་རྒྱལ་ས་ཁུ་ལཱ་ལུམ་ཕུར་(Kuala Lumpur)ནང་། ༢༠༢༢ ལོའི་དགུན་ཁའི་ཨོ་རྩེད་འགྲན་ཚོགས་དེ་ཁ་ཛག་ཀི་སི་ཐན་གྱི་གྲོང་ཁྱེར་ཨལ་མཱ་ཌེ་(Almaty) དང་། རྒྱ་ནག་གི་རྒྱལ་ས་པེ་ཅིན་གཉིས་ལས་གང་དུ་འཚོགས་མིན་སྐོར་ལ་ཚོགས་མིའི་རྒྱལ་ཁབ་ཁག་གིས་འོས་ཤོག་བླུགས་པ་བརྒྱུད་དེ། པེ་ཅིན་ལ་འོས་ཤོག་ ༤༤ དང་། ཨལ་མཱ་ཌེ་ལ་འོས་ཤོག་ ༤༠ བཅས་ཐོབ་སྟེ། ཉིན་དེའི་ཕྱི་དྲོར་ཨོ་རྩེད་འགྲན་ཚོགས་ཀྱི་ཚོགས་གཙོ་ཋོ་མཱ་སེ་བྷ་(Thomas Bach) མཆོག་གིས། ༢༠༢༢ ལོའི་དགུན་དུས་ཀྱི་ཨོ་རྩེད་འགྲན་ཚོགས་པེ་ཅིན་ནས་བསྐོང་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་འདུག རྒྱ་ནག་གི་རྒྱལ་ས་པེ་ཅིན་ནི་དབྱར་དུས་དང་དགུན་དུས་ཀྱི་ཨོ་རྩེད་འགྲན་ཚོགས་གཉིས་ཆ་བསྐོང་སའི་ས་ཆ་ཐོག་མ་དེ་ཆགས་ཡོད་འདུག
དེ་རིང་ཨེཊ་ལཱན་ཊིག་(theatlantic) ཞེས་པའི་དྲ་བའི་སྟེང་གནས་ཚུལ་སྤེལ་བའི་ནང་། “དགུན་ཁའི་ཨོ་རྩེད་འགྲན་ཚོགས་དེ་ཁ་བ་དབེན་པའི་གྲོང་ཁྱེར་ཞིག་ཏུ་འཚོགས་གཏན་འཁེལ་བ།” ཞེས་པའི་གསར་འགྱུར་ཞིག་སྤེལ་བའི་ནང་། ༢༠༢༢ ལོའི་དགུན་ཁའི་ཨོ་རྩེད་འགྲན་ཚོགས་དེ་པེ་ཅིན་དུ་བསྐོང་རྒྱུ་བྱས་པ་ནི་སྟབས་ལེགས་པ་ཞིག་མ་ཡིན་པར། ༢༠༠༨ ལོའི་དབྱར་ཁའི་ཨོ་རྩེད་པེ་ཅིན་ཏུ་བསྐོངས་པ་དེར་ཡོངས་གྲགས་ཀྱིས་རྒྱལ་ཁ་ཐོབ་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་། ད་རེས་ཁ་ཛག་ཀི་སི་ཐན་གྱི་གྲོང་ཁྱེར་ཨལ་མཱ་ཌེ་དེ་ཨོ་རྩེད་ཚོགས་ས་ཨང་གཉིས་པར་གྱུར་བ་དེ་ནི་ཁོ་ཚོར་འགྲན་བསྡུར་གྱི་ཉམས་མྱོང་ཞན་དྲགས་པས་རེད། ཅེས་སོགས་བཀོད་འདུག
གནས་ཚུལ་དེའི་ནང་མུ་མཐུད་དུ་བསྟན་དོན། ༢༠༢༢ ལོར་པེ་ཅིན་དུ་ཨོ་རྩེད་བསྐོང་ཚོགས་བྱ་རྒྱུར་ཞིབ་ཕྲའི་བརྟག་དཔྱད་བྱས་ན། ད་རེབ་རྒྱལ་ཁབ་ཁག་གིས་པེ་ཅིན་ལ་འོས་ཤོག་བླུགས་པ་དེ་ནི་ཧང་སང་དགོས་པའི་གནས་ཚུལ་ཞིག་ཆགས་ཡོད། གང་ཡིན་ཟེར་ན། རྒྱ་ནག་གི་བྱང་རྒྱུད་ས་ཁུལ་ཁག་ཧ་ཅང་སྐམ་ཤས་ཆེ་ཞིང་། ལྷག་པར་དུ་པེ་ཅིན་ལ་ཧ་ལམ་ཁ་བ་འབབ་ཀྱི་ཀྱང་། པེ་ཅིན་ཨོ་རྩེད་འཆར་འགོད་པ་ཚོས་རྒྱལ་སྤྱིའི་ཨོ་རྩེད་ལྷན་ཚོགས་ལ་དེ་ནི་དཀའ་ངལ་ཞིག་མིན་པར་བརྗོད་ཡོད་པ་དང་། རྒྱ་ནག་གིས་རྩེད་འགྲན་དུས་སྐབས་ལ་མིས་བཟོས་ཁ་བ་དང་གངས་སོགས་བེད་སྤྱོད་གཏོང་འཆར་ཡོད་ཀྱང་། གངས་རྫུན་ཉུང་ངུ་ཞིག་གིས་ཨོ་རྩེད་ཡོང་ཐབས་མེད་པ་དང་། རྒྱ་ནག་གི་སྤྱི་ཚོགས་དཔལ་འབྱོར་དེ་དཔལ་འབྱོར་ཅན་གྱི་རྒྱལ་ཁབ་དག་དང་བསྡུར་ན་མི་དམངས་མང་ཆེ་ཤོས་བ་ཧ་ཅང་སྐྱོ་བོ་ཡོད་པ་དང་། དགུན་ཁའི་རྩེད་འགྲན་གྱི་མཁོ་ཆས་སོགས་ལ་རིན་གོང་ཆེན་པོ་ཆགས་སྲིད་སྟབས། རྒྱ་ནག་མི་དམངས་མང་ཆེ་བས་བེད་སྤྱོད་བྱ་ཐུབ་མེད་པ་སོགས་བཀོད་འདུག
གནས་ཚུལ་ནང་མུ་མཐུད་དུ། ༢༠༠༨ ལོ་ནས་མི་དམངས་དྲག་གནོན་བྱེད་པ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མ་ཟད། འདས་པའི་ལོ་བདུན་ནང་རྒྱ་གཞུང་གིས་ངོ་དེབ་དང་ཀྲའུ་ཌིར་(Twitter)། ཨེན་སི་ཌེ་གྷིརམ་(Instagram)། སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་གི་སྨྲ་བརྗོད་རང་དབང་ལ་བཀག་སྡོམ་བྱས་འདུག ཡིན་ན་ཡང་། རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྐྱོ་བོ་ཡོད་པའི་རྒྱལ་ཁབ་ལ་ལོ་ ༡༤ ནང་དུ་རྩེད་མོའི་གོ་སྐབས་ཐེངས་གཉིས་ལ་སྤྲད་ཡོད་སྐོར་སོགས་བཀོད་འདུག
ཁ་ཛག་ཀི་སི་ཐན་སྐོར་ལ། རྒྱལ་ཁབ་འདི་སྔོན་ཆད་དམར་པོའི་རིང་ལུགས་ཡོད་པ་དང་མི་གཅིག་དབང་སྒྱུར་སྲིད་གཞུང་ཡིན་ཡང་། ༡༩༩༡ ལོ་ནས་ནོར་སོལ་ཌན་(Nursultan Nazarbayev) རང་བཙན་གྱི་སྲིད་དབང་སྐྱོང་བ་ནས་བཟུང་ལྡོག་ཕྱོགས་སུ་ལངས་མཁན་བྱུང་མེད། ཨལ་མཱ་ཌེ་གྲོང་ཁྱེར་ཆེན་པོ་ཡིན་པ་དང་སྔོན་ཆད་ཀྱི་རྒྱལ་ས་ཡིན་པ་སོགས་ཀྱིས་ཁེ་ཕན་སྡབ་ཁ་ཤས་ཀྱིས་པེ་ཅིན་ལས་ལྷག་ཡིན་སྟབས། རྒྱལ་སྤྱིའི་དགུན་ཁའི་རྩེད་འགྲན་གྱི་དམིགས་ཡུལ་ཞིག་དང་རྨང་གཞིའི་འཛུགས་སྐྲུན་ཡག་པོ་ཡོད་ས་ཞིག་ཡིན། ཨལ་མཱ་ཌེ་ཡིས་ཨོ་རྩེད་གྲོང་རྡལ་ཡོད་ས་ནས་མེ་ལི་(mile) ༢༠ ཡི་མཚམས་ནས་རྩེད་འགྲན་གཅིག་རེ་འཚོགས་རྒྱུའི་འཆར་འགོད་བྱས་ཡོད་པ་དེ་ནི་ལོ་ངོ་གསུམ་ཅུའི་ནང་གི་རྩེད་མོའི་འཆར་འགོད་ཕུལ་བྱུང་དེ་ཆགས་རྒྱུ་ཡིན་འདུག དེ་བཞིན་དུ། གྲོང་ཁྱེར་འདིར་རྩེད་མོ་རྩེ་སའི་རང་བྱུང་གི་གངས་ཡོད་སྟབས། ཨལ་མཱ་ཌེ་འཆར་འགོད་པས་རྒྱུ་ཆ་དེ་དག་ཁྱབ་བསྒྲགས་གང་མང་བྱས་ཡོད་ཀྱང་རྒྱལ་ཁ་ཐོབ་མེད་ཚུལ་སོགས་བཀོད་འདུག
ཁ་སང་དབྱིན་ཇིའི་ལྟ་སྲུང་དྲ་ཚིགས་ཀྱིས། ཁ་ཛག་ཀི་སི་ཐན་གྱིས་ ༢༠༢༢ ལོར་ཨལ་མཱ་ཌེ་ནང་དུ་ཨོ་རྩེད་འཚོགས་རྒྱུའི་ཁས་ལེན་འབོད་ཚིག་ལ། ༼དངོས་མ་དེ་རྒྱུན་སྐྱོང་བྱ་རྒྱུ།༽ ཞེས་ཡོད་པ་དང་། དེ་ནི་རྒྱ་ནག་གིས་གངས་རྫུན་བཟོ་རྒྱུའི་དམ་བཅའ་བྱས་པ་དེས་དངོས་གནས་ཀྱི་ཚབ་བྱེད་ཐུབ་པ་ཞིག་མིན་སྟབས། ཁ་ཛག་ཀི་སི་ཐན་གྱི་ཕྱི་སྲིད་ལྷན་ཁང་གིས། “གངས་དངོས་མ། དགུན་ཁའི་ཁོར་ཡུག་དངོས་མ། དགུན་ཁའི་རྩེད་མོ་དངོས་མ།” ཞེས་པའི་བརྙན་ཐུང་ཞིག་ཀྱང་བཀྲམས་ཡོད་འདུག
རྒྱ་ནག་ལ་མཚོན་ན། ཨོ་རྩེད་ཀྱི་གོ་སྐབས་འཐོབ་རྒྱུ་དེ་དངུལ་སྒོར་ལས་ཀྱང་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༠༡ ལོར་དབྱར་ཁའི་ཨོ་རྩེད་འཚོགས་རྒྱུའི་གོ་སྐབས་ཐོབ་སྐབས། རྒྱ་ནག་རྒྱལ་ཡོངས་སུ་སྤྲོ་སྟོན་ཆེན་པོ་ཞིག་བྱས་ཏེ་རྩེད་མོ་དངོས་སུ་རྩེ་གྲབས་ཡོད་པའི་རྣམ་པ་ཞིག་བསྟན་ཡོད་ཀྱང་། རྗེས་སུ་དུས་ཚོད་དངོས་སུ་བསླེབས་ཡོང་སྐབས་སྤྲོ་སྣང་གི་སྣང་ཚུལ་དེ་ནི་ཧ་ཅང་ཐག་རིང་ཞིག་ཏུ་ལྷག་འདུག ཅེས་བཀོད་འདུག རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་འགན་འཛིན་སོ་ཧྥེ་རེ་ཆ་ཊི་སོན་(Sophie Richardson)ལགས་ཀྱིས། ཨོ་རྩེད་འགྲན་ཚོགས་ཀྱི་ཁས་ལེན་གདམས་ངག་ནི་སྔར་ལས་མཐོ་བ་དང་མགྱོགས་པ། སྟོབས་ཤུགས་ཆེ་རུ་སོགས་འགྲོ་དགོས་ཀྱི་ཡོད་པ་དེས། རྒྱ་གཞུང་གིས་སྤྱི་དམངས་ལ་དྲག་གནོན་བྱེད་བཞིན་པའི་འགྲལ་བཤད་ཡག་ཤོས་དེ་ཆགས་ཡོད། ཞི་བའི་འཐབ་རྩོད་པ་མང་པོ་ཞིག་བཀག་བསྐྱིལ་བྱས་ཏེ་གདུག་རྩུབ་ཀྱི་བྱ་སྤྱོད་སྣ་ཚོགས་སྤེལ་བཞིན་ཡོད་པའི་སྐབས་འདིར། རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ཀྱིས་རྒྱ་ནག་ལ་བསྐྱར་དུ་གོ་སྐབས་སྤྲད་པ་ནི་འགྲོ་བ་མིའི་ཐོབ་ཐང་རྙོག་འཛིང་ཆེ་རུ་བཏང་བ་རེད། ཅེས་བརྗོད་འདུག
ཁ་སང་རྒྱ་ནག་གི་ལུས་རྩལ་ལྷན་ཚོགས་ཀྱི་འགན་འཛིན་ལེའུ་ཕིན་(Liu Peng) གྱིས་མིས་བཟོས་ཁ་བ་དང་གངས་སོགས་ཀྱི་སྐོར་ལ་འགྲེལ་བཤད་ཅིག་བརྒྱབ་ཡོད་པའི་ནང་། དགུན་ཁའི་ཨོ་རྩེད་སྐབས་པེ་ཅིན་ནང་གངས་ཀྱི་རྩེད་ཐང་བཟོས་པ་དེས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་མི་སྲིད་སྐོར་བརྗོད་ཡོད་ཀྱང་། ནེའུ་ཡོག་དུས་བབ་སྟེང་ཁོར་ཡུག་ཆེད་མཁས་པ་ཚོས་མིས་བཟོས་གངས་ཀྱི་རྩེད་ཐང་གིས་ས་ཁུལ་དེའི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་རྒྱུ་ཡིན་སྐོར་བརྗོད་འདུག
གསར་འགོད་པ། འཇིགས་མེད་རྒྱ་མཚོ།