འབའ་སྲས།
ཨེ་མ་སྔོན་མེད་ས་འཛིན་རྩེར།།
རིག་པའི་རྐང་བ་བཀོད་བྱས་ཏེ།།
ངག་རིག་སྨྲ་བའི་སོར་མོ་ཡིས།།
འཇའ་ཚོན་འཛིན་པའི་ལྟད་མོར་མཐོང་།།
དོན་གྱི་ལྗོན་ཤིང་མཛེས་བྱེད་པའི།།
ཚིག་གི་ལོ་མ་ལྷམ་མེར་བཀྲ།།
འདབ་ལོ་གྱོན་པའི་ལྗོན་ཤིང་ཡང་།།
ས་དང་རི་ཡི་རྒྱན་དུ་ལངས།།
ཚོར་འདུ་ཕྲ་མོའི་ཟེགས་མ་རེ།།
ཆེམ་ཆེམ་འོད་དང་ལྷན་ཅིག་བསྡོངས།།
མུན་པའི་ལྭ་བ་སྲེག་བྱེད་པའི།།
ཚིག་དོན་མེ་རུ་འབར་བ་མཐོང་།།
རྟོག་འགྱུ་ཆུ་ཡིས་འཁུར་བ་ཡི།།
ཝུ་འཕྲེང་འཛིན་པའི་མེ་ཏོག་འདབ།།
མཚོ་ཡི་མཐའ་ཡང་མཛེས་བྱེད་པའི།།
རྒྱན་གྱི་ཕྲེང་བ་གཅིག་ཏུ་འབྲེལ།།
འདི་ལྟའི་འཚོ་བའི་རོ་མཆོག་གང་།།
ངག་རིག་སྨྲ་བའི་ལྗགས་རྩེ་རུ།།
ནམ་ཡང་གློག་གི་རྩེད་དགའ་བཞིན།།
འཇགས་མེད་འཁྱུག་པའི་དགའ་སྟོན་འཕེལ།།
དེ་ལྟ་མོད་ཀྱང་ཁ་ཡི་མཚོར།།
རླབས་ཀྱི་སོ་ཕྲེང་གཡོ་ཙམ་ལས།།
སེམས་གཏིང་རིག་པའི་རིན་ཆེན་ནོར།།
ལེན་པར་དཀའ་བ་འགའ་ཡང་མཐོང་།།
དབྱིག་ལྡན་ས་གཏིང་བཅུག་པའི་ནོར།།
འོད་དང་འགྲོགས་ཚེ་བཞུས་དོགས་ནས།།
སེར་སྣའི་སོར་མོ་ལས་སྲུང་གིས།།
ལག་མཐིལ་ས་འོག་སྦས་པ་འདྲ།།
ལག་མཐིལ་རི་མོ་ཞགས་ཐག་བརྒྱ།།
མདུད་པ་གཅིག་ལ་སྒྲིལ་བ་ལྟར།།
རིག་པའི་ལག་མཐིལ་ས་འཛིན་ལ།།
རི་བོ་འཕྲེང་བ་གཅིག་ཏུ་བཀོད།།
གང་ལྟར་ངག་རིག་སྙན་པའི་བྱ།།
ཚོར་བའི་ནགས་ཀྱི་ལྡིང་ཁང་དུ།།
རྣམ་དཔྱོད་གཤོག་པས་འཕུར་ལྡིང་གིས།།
ནགས་ཀྱི་ལྷ་ཡང་ལྐུགས་པར་བྱས།།
སྙན་ངག་ཕ་ཁྱིམ་སྙན་གྲགས་ཀྱིས།།
མ་ཧཱ་བྷ་ར་ཏ་ལ་སོགས།།
ས་གཞི་ལག་པས་རྡུང་མཁན་གྱི།།
མཚོན་ཆ་རྣོན་པོའི་རྩེ་མོ་གཏུབས།།
འོན་ཀྱང་གནའ་བོའི་རྡོ་རིང་ལ།།
བརྐོས་པའི་སྙན་གྲགས་ད་གཟོད་ནི།།
སྤྲིན་པའི་རྒྱབ་ཀྱི་ཟླ་བ་བཞིན།།
མཐོང་ལ་མི་མཐོང་ཚད་དུ་ལྷུང་།།
སྙིང་རྩར་ཁྲག་གི་བཞུར་ལམ་དང་།།
རུས་པར་ལ་རྒྱའི་རྐང་ལྡན་ན།།
ལེ་ལོས་སྡོད་པ་མི་རིག་སྟེ།།
གནའ་བོའི་རྡོ་རིང་འཚོལ་དུ་འགྲོ །
སྙན་ངག་ཕ་ཁྱིམ་སྙན་གྲགས་ནི།།
དབྱངས་ཅན་ཐོས་འཛིན་བུ་ག་རུ།།
ཕྱག་གི་རྒྱུད་མངས་བཞིན་དུ་ནི།།
ཐོས་ཞེས་ངག་གི་ལྷ་དེས་གསུངས།།
དེ་བས་བློ་གྲོས་ཡངས་པའི་མཁར།།
རྣམ་དཔྱོད་གློག་གི་གར་བསྒྱུར་ཏེ།།
ཚོར་བའི་ཆུ་འཛིན་དུད་པའི་ཀློང་།།
སྙན་ངག་སྦྲང་ཆར་ས་ལ་བྱོ།།
༡༥/༠༨/༠༢ ཉིན་རྒྱབ་ཏུ།
དེ་བས་བློ་གྲོས་ཡངས་པའི་མཁར།།
རྣམ་དཔྱོད་གློག་གི་གར་བསྒྱུར་ཏེ།།
ཚོར་བའི་ཆུ་འཛིན་དུད་པའི་ཀློང་།།
སྙན་ངག་སྦྲང་ཆར་ས་ལ་བྱོ།།
ངའི་མིག་མདུན་དུ་ཡུམ་ཆེན་གྱི་ཁ་ཐོག་གི་སྟེང་ནས་རྒྱ་ལམ་དུ་བལྟ་བཞིན་བུ་ང་སྒུག་རེ་བྱེད་པའི་སྣང་ཚུལ་དེ་
མངོན་སུམ་བཞིན་མིག་ལམ་དུ་མངོན་བྱུང་ལ་ཡབ་ཆེན་གྱིས་ལས་ངན་ཅན་ངར་རྨི་ལམ་དུ་རྨིས་ཚུལ་
ཡུམ་ལ་བརྗོད་བཞིན་ཕྱག་ཕྲེང་སྣམས་ནས་ངའི་བདེ་སྡུག་ལ་མོ་རྩིས་གནང་བ་མིག་ལམ་དུ་མངོན་བྱུང་།
ཕ་ཡུལ་གནམ་སའི་བར་ལ།
མཐོང་དུས་མིག་གིས་བལྟས་པས།
ཡུལ་གྱི་སྤྲིན་བཟང་དཀར་མོས།
ང་ལ་ཕྱག་གཡུག་གནང་གིས།
དྲིན་གྱིས་ཕྱག་གཡུག་རེ་རེ།
དྲིན་ཆེན་ཨ་མས་བུ་ང་།
དྲན་པའི་ཕྱག་གཡུག་རེད་འདུག
རྣ་བར་འདེད་པའི་རླུང་ནས།
གསུང་གིས་བུ་ངའི་མིང་ནས།
ཡང་ཡང་འབོད་པ་ཐོས་བྱུང་།
ལོག་ཤོག ལོག་ཤོག
བུ་ཁྱོད་ཡུལ་ལ་ལོག་ཤོག
ཨ་མས། ཨ་མས།
བུ་ཁྱོད་ཡིད་ལ་དྲན་པས།
འབོད་སྒྲ་ཐོས་མེད་ཨེ་བྱུང་།
མ་ངའི་སྙིང་གི་གཏད་ས།
ལང་ཤོར་ཨ་མའི་གཅེས་ཕྲུག
མི་ཡུལ་ལས་ལ་བསྐོས་དུས།
རང་ཡུལ་སྐྱིད་པའི་ཕྱོགས་དེར།
དབང་མེད་བལྟ་བར་ཐལ་སོང་།
ཡུལ་ལ་རེ་རེ་བལྟ་དུས།
འདྲེན་བྱེད་དབང་པོའི་དང་པོ།
རབ་རིབ་མཆི་མས་སྒྲིབ་སོང་།
རྣ་བར་སྙན་པའི་རླུང་ནས།
གསུང་གིས་བུ་ངའི་མིང་ནས།
ཡང་ཡང་འབོད་པ་ཐོས་བྱུང་།
ལོག་ཤོག ལོག་ཤོག
བུ་ཁྱོད་ཡུལ་ལ་ལོག་ཤོག
ཨ་མས། ཨ་མས།
བུ་ཁྱོད་ཡིད་ལ་དྲན་པས།
འབོད་སྒྲ་ཐོས་པ་ཨེ་བྱུང་།
མ་ངའི་སྙིང་གི་གཏད་ས།
ཚིག་སྟོང་སྐམ་པོའི་ཕུང་གསོག་གད་སྙིགས་ཞིག།
ཚིགས་བཅད་འཁྱ་མ་འཁྱོར་གྱི་ཕྲེང་སྒྲིགས་ཏེ།།
ཚིགས་བཅད་ཕྲེང་བའི་ཐག་པ་ཟད་རག་བར།།
ཚིག་སྟོང་དོན་མེད་འབྲི་ལ་ཨ་ཐང་ཆད།།