———-སྐྱོ་བྲག་དཔའ་བརྟན།
ཉེ་དུས་ཆོས་ཀྱི་མཆེད་པོ་སྐྱོ་བྲག་དགའ་དབང་གིས། ཁོ་བོ་གྲྭ་རྐྱང་དཀྱུས་མ་ཞིག་གིས་ལོ་མང་སྔོན་འབད་བརྩོན་གྱིས་བསྐྲུན་པ། སྐྱོ་བྲག་ཏུ་རྒྱུ་བའི་ལམ་རྟགས་སྒོ་ཆེན་ཟད་པོའི་པར་ཞིག་བཞག་སྟེ།
སྐུ་ཉིད་གནས་མཆོག་སྐྱོ་བྲག་ཏུ་ཕེབས་ཤོག །
སྒོ་ཆེན་ཟད་པོ་ངས་ཕེབས་བསུ་ཞུས་ཡོད། །
དེང་གི་ཁྲ་ཁྲ་ཟིང་ཟིང་ལ་སུན་ཏེ། །
རང་མདོག་གཙང་མ་ཞིག་བསྟན་པའི་ཁུལ་ཡིན། །
ཞེས་བྲིས་མཛད་འདུག །ཡིན་ནའང་། འདི་ནི་ཆུང་ཆུང་རེད། འདི་ལོར་སྐྱོ་བྲག་གི་གནས་སྒོ་བྱེ་བ་ན་གནས་བསྐོར་བ་མང་བ་ནི་བློས་མི་འཁྱུད་པ་ཙམ་དུ་གདའ།
སྤྱིར་ནི་སྒོ་ཆེན་འདིས་ཀྱང་ལོ་མང་སྐྱོ་བྲག་ལ་གནས་བསྐོར་དུ་ཡོང་བ་ཚོར་འགྲོ་ལམ་བསྟན་པ་རེད་དེ། ན་ནིང་ནས་བཟུང་ཇོ་རོང་འགག་ནས་ཕུག་ལམ་བརྒྱུད་དེ་འགྲོ་དགོས་པས་སྒོ་ཆེན་འདི་ནི་སྐྱོ་བྲག་གི་ལམ་གཞུང་ཟིན་རྗེས་ཐུག་ཡོང་བ་ལས་སྐྱོ་བྲག་ཏུ་གང་ནས་ཕེབས་དགོས་སྟོན་སའི་ལམ་མདོ་རུ་མེད།
སྤྱིར་བླ་མ་རིན་པོ་ཆེ་ཚེ་མཚམས་ལ་བཞུགས་སོང་བ་ནས་བཟུང་། སྐྱོ་བྲག་ཏུ་ཆོས་པ་མང་པོ། མཚམས་པ་མང་པོ། སྒྲུབ་གྲྭ་མང་པོ། བཤད་གྲྭ་མང་པོ། ཉམས་ལེན་པ་མང་པོ་སོགས་འཆི་ཆོས་ཁོ་ན་སྒྲུབ་མཁན་ཇེ་མང་ནས་ཇེ་མང་དུ་སོངས་ཏེ་བསྟན་པ་ཇེ་རྒྱས་སུ་སོང་ཡོད་པ་ནི་རྒྱ་སྡེ་སྟོང་གསལ་རེད། འོན་ཏེ་ཕྱོགས་གཞན་ཞིག་ནས་དགོན་པའམ་སྤྱི་པ་ཞིག་ལ་དགོས་ངེས་མང་པོ་ཞིག་ཀྱང་ཉམས་དམས་སུ་སོང་ཡོད་པ་ཡང་སྨོས་མེད་རེད།
དཔེར་ན། སྐྱོ་བྲག་ཏུ་འགྲོ་འོང་བྱ་མཁན་གྱི་བརྒྱ་ཆ་ ༩༥ རྒྱལ་ལམ་ ༢༡༤ བརྒྱུད་དགོས། ལམ་དེའི་འགྲམ་དུ། སྐྱོ་བྲག་ཡུལ་ཚོ། ཞེས་པའི་ལམ་རྟགས་བྱང་བུ་རྙིང་པ་ཞིག་ཡོད། དེ་ནི་ལོ་བཅུའི་ཡར་སྔོན་གྱི་ལམ། ལོ་འདི་ཚོར་བེད་མེད་དུ་གྱུར་པ། རེ་ཆམ་ལ་བརྒྱུད་དེ་འགྲོ་བའི་ལམ་སྟོན་བྱེད་ཡིན། ལམ་རྟགས་དེས་ད་ལོར་རྒྱུས་མེད་ཀྱི་གནས་སྐོར་བར་ལམ་ལོག་བསྟན་པ་མང་བ་ནི་ཁམས་ཁུལ་གྱི་གསར་འགྱུར་དུ་ཆགས་ཡོད།
ཡང་ཕུག་ལམ་གསུམ་པའི་སྒོ་ཁ། མངོན་གསལ་གྱི་རྟགས་ཅི་ཡང་མེད་ས་ནས་སྐྱོ་བྲག་ཏུ་དཀྱུ་མ་ཤེས་ཏེ། མར་ནང་ཆེན་ཤར་མདའ་དང་ཡར་ཇོ་གཞུང་ལ་བུད་སོང་བ་ཡང་འགྲོ་མ་མྱོང་བ་ཀུན་ལ་བྱུང་འདུག་མོད། དེར་སྐྱོ་བྲག་ཏུ་འགྲོ་ལམ་སྟོན་བྱེད་ཀྱི་ལམ་རྟགས་འཛུགས་མཁན་ཤིག་སྤྱི་སྒེར་གང་ལའང་མ་བྱུང་བ་སོགས། དབང་ཡོད་དང་ལས་སྣེ་ཚོས་བླ་རྒན་མཚམས་ཁོག་ན་དབུ་གཡོག་པ་ཙམ་ལས་མི་གྲལ་དང་དགོན་གྲལ་ལ་བསླེབས་པའི་ཕྱག་ལས་ད་སྔོན་ནི་ཅི་ཡང་མཛད་མ་བྱུང་ངོ་། །