ཡོང་ཁུངས། བོད་ཀྱི་དུས་བབ།
ངོ་རྒོལ་རྒྱག་རྒྱུ་མ་གཏོགས་ནུས་པ་མེད་ན་ང་དེ་རིང་ཁྱེད་ཚོའི་མདུན་ལ་འཐོན་གྱི་མ་རེད།
དེ་རིང་སྲིད་སྐྱོང་གི་འོས་མི་ཀླུ་མཁར་བྱམས་ལགས་ཀྱིས་ང་ཀླུ་མཁར་བྱམས་ལ་ངོ་རྒོལ་རྒྱག་རྒྱུ་མ་གཏོགས་ནུས་པ་མེད་ན། ངས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་རྒྱལ་གཅེས་དཔའ་པོ་རྣམས་པ་ཚད་བཙུགས། ང་དེ་རིང་ཁྱེད་ཚོའི་མདུན་ལ་འཐོན་གྱི་མ་རེད་ཟེར། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༠༠ ཐོག་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱི་དང་བླངས་རྒྱབ་སྐྱོར་བའི་གོ་སྒྲིག་འོག ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས་༢༠༡༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།
ཐོག་མར་རྒྱབ་སྐྱོར་བ་གཉིས་ཀྱིས་དབྱིན་བོད་གཉིས་ཐོག་ནས་ཀླུ་མཁར་བྱམས་ལགས་ཀྱི་མི་ཚེའི་ལོ་རྒྱུས་སྙིང་བསྡུས་རེ་སྒྲོགས་སྦྱང་དང་འབྲེལ། ཁོང་གི་མི་ཚེའི་ལོ་རྒྱུས་ཀྱི་དངོས་བྱུང་བརྙན་ཐུང་བསྟན་རྗེས། ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས་སྲིད་སྐྱོང་གི་འོས་མིར་ལངས་དགོས་དོན་གང་ཡིན་སྐོར་བརྗོད་དོན། བོད་ནང་གི་རྒྱལ་གཅེས་དཔའ་བོ་ཤི་གསོན་མང་པོ་ཞིག་གིས་ང་ཚོ་ལ་བལྟ་བསྡད་ཡོད་པ་མ་ཟད། དག་པའི་ཞིང་ནས་ཉན་བསྡད་ཡོད་པ་རེད། གནས་སྟངས་འདི་འདྲ་ཞིག་གི་འོག་ནས་ངས་ཧ་ཅང་གིས་སེམས་ཚོར་ཆེན་པོའི་ཐོག་ནས་ང་ ༢༠༡༦ ལོའི་སྲིད་སྐྱོང་ལ་ལངས་པ་འདི། ང་རང་ལ་ཆ་བཞག་ན་འགན་ཁུར་ཆེན་པོ་ཞིག་ཡིན་བསམ་གྱི་ཡོད། ང་ཚོ་བཙན་བྱོལ་གྱི་ལོ་རྒྱུས་ཐོག་ནས་རྒྱལ་ཁབ་ཕྱི་ནང་གང་ལ་ང་ཚོ་ངོམ་སོ་བྱེད་ཆོག་པའི་གནད་དོན་གཅིག་ག་རེ་བྱུང་ཡོད་རེད་ཟེར་ན། བོད་ཀྱི་ལོ་རྒྱུས་ཀྱི་དེབ་ཐེར་ནང་ལ་འཁོད་དོན་ཡོད་པ་ཞིག་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་མོ་མཆོག་གིས་དམངས་གཙོ་གསོལ་རས་གནང་བ་དང་། ཁོ་རང་གི་སྐུ་དབང་དེ་མི་མང་གིས་བདམས་པའི་མགོ་ཁྲིད་ཚོ་ལ་རྩིས་སྤྲོད་གནང་བ་དེ། བཙན་བྱོལ་སྤྱི་ཚོགས་འདིའི་ནང་ནས་ལས་ཀ་ཨང་དང་པོ་དེ་བྱུང་བ་རེད།
ཡིན་ཡང་ཐབས་སྐྱོ་བ་ཞིག་ལ་ང་ཚོའི་དམངས་གཙོའི་གོ་སྐབས་ལེན་མཁན་དང་དམངས་གཙོའི་གསོལ་རས་ཡག་ཐག་ཆོད་བཞེས་མཁན་གྱི་མི་དེ་ཚོས། གངས་ཅན་སྐྱིད་གཤོངས་ལ་སླེབ་སྐབས། གངས་ཅན་སྐྱིང་གཤོངས་དེ་༧སྐྱབས་མགོན་རིན་པོ་ཆེས་གསུངས་སྟངས་བྱས་ན། སྐུ་དྲག་གསར་པའི་སྤྲོ་ར་ཆགས། སྐྱབས་བཅོལ་བ་ཁ་ཤས་ཤིག་གི་མགོ་ན་སྒྲིག་འཛུགས་ཤིག་ཡོད་པ་འདི། སྟོད་དབུས་གཙང་གི་ཉི་མ་ལྷ་ས་རྒྱལ་ས་ལྷ་ས་མིན་པ་དྲན་པ་བརྗེད། འབངས་མི་སེར་གྱི་མགོ་ལ་ང་གཅིག་ཡིན་མདོག་མདོག་བྱས་ནས་བོར་ཤོར་བཤད་རྒྱུ་མགོ་བཙུགས། དམངས་གཙོའི་གོ་སྐབས་བརྒྱུད་ནས་ཡར་ལ་བསླེབས་པ་དག་ལ་དམངས་གཙོ་དང་འབངས་མི་སེར་གྱི་བདེ་སྡུག་ལག་པར་བཞག་པའི་ཉིན་མོར་དེ་འདྲའི་བསམ་ཚུལ་མ་གཏོགས་མེད་པ་ཡིན་ན། དེ་ངས་དྲན་པས་བཟོད་ཀྱི་མི་འདུག དེ་འདྲའི་དུས་སྐབས་ཤིག་ལ་ང་ཚོ་འདྲ་པོ་ཞིག་མདུན་ལ་ཡར་འཐོན་མ་ཡོང་ན། ངས་དེ་རྩ་བ་ཉིད་ནས་འགྲིག་གི་ཡོད་མ་རེད་བསམ་གྱི་འདུག་དེ་མ་གཏོགས། ངར་ཆབ་སྲིད་ཀྱི་གཤིས་ཀ་མེད། ངའི་མི་ཚེ་འདི་དེབ་འདྲ་པོ་ཞིག་ཀློག་ནས་ཚེ་མཇུག་འདི་བསྐྱལ་ན་བསམ་གྱི་ཡོད། ཡིན་ཡང་དེ་འདྲའི་གནས་སྟངས་འདི་ལ་ངས་འདི་འདྲ་བཤད་རྒྱུ་ངོ་ཚ་གི་འདུག སྔོན་མ་ནས་བཤད་བཞག་པ་དེར་ཡང་བསྐྱར་དེའི་སྒང་ལ་བསྐྱར་ཟློས་བྱས་ནས་ཡང་བཤད།
དངོས་གནས་བྱས་ན་ཆབ་སྲིད་པའི་རིགས་རླངས་འཁོར་ནག་པོའི་ཐོག་ལ་གློག་དམར་པོ་བཏགས་ནས་འགྲོ་མཁན་ཚོའི་འཁྲིས་ལ་ང་ཐག་ཉེ་པོར་འགྲོ་རྒྱུ་མ་བདེ་བ་ཞེ་པོ་ཞིག་ཡོད། ཡིན་ཡང་སྲིད་སྐྱོང་ཟེར་བ་འདི་ངའི་མ་འོངས་པའི་འཛིན་སྐྱོང་ངོས་ནས་ངས་འདི་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་རེད་ཟེར་ན། འདི་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་ཡོད་པ་ཞིག་དང་བོད་མི་རིགས་དྲན་པ་བརྗེད་མི་ཉན་བ་ཞིག ང་ཚོ་བོད་མི་རིགས་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱིས་ཆོས་ལ་གཡུག་མི་ཉན་ཞིག་ལམ་ཁ་དེ་ཕན་མ་ཐོགས་པ་ཡིན་ཡང་། དེའི་ཕྱོགས་ལ་གོམ་པ་རྐང་གཅིག་སྤོ་ཆེད་ངས་སྲིད་སྐྱོང་ལ་ལངས་བ་ཡིན། མཐའ་མཇུག་འདིར་ང་དེ་རིང་འདིར་ངོ་རྒོལ་གྱི་རིམ་པའི་ཐོག་ནས་ལངས་ཀྱི་ཡོད། ཡིན་ཡང་མིའི་རིགས་ཀྱིས་ཧ་གོ་གི་རེད། ང་ཚོའི་ཚང་ལ་ངོ་རྒོལ་གཅིག་པོ་མ་གཏོགས་ནུས་པ་མེད་ན། ང་ཀླུ་མཁར་བྱམས་ལ་ངོ་རྒོལ་རྒྱག་རྒྱུ་མ་གཏོགས་ནུས་པ་མེད་ན། ངས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་རྒྱལ་གཅེས་དཔའ་པོ་རྣམས་པ་ཚད་བཙུགས། ང་དེ་རིང་ཁྱེད་ཚོའི་མདུན་ལ་འཐོན་གྱི་མ་རེད། ང་ཚོར་བསྐྱར་དྲན་གྱི་འཆར་གཞི་ཞིག་དང་རྟོགས་སད་ཀྱི་སྤོབས་པ་ཞིག་ཡོད། ངས་ང་ཚོའི་མི་རབས་གསར་པ་འདིས་ཡར་ལངས་ཐུབ་པའི་ཡིད་ཆེས་ཡོད་ལ་རེ་བ་ཡང་ཡོད། ཅེས་སོགས་བརྗོད་སོང་།
གསར་འགོད་བསྒྲགས་གཏམ་ནང་འཁོད་དོན། བོད་འདི་བཙན་པོའི་སྙིང་སྟོབས་ཀྱིས་རྟག་དུ་བསྐྱངས་ཡོད། དེ་ཡི་ཕྱིར་ན་ང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་ལངས་བ་ཡིན། དེ་ཡང་བོད་རྒྱལ་ཁབ་དར་བའི་ཡང་རྩེར་སོན་སྐབས། སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་མངའ་མཛད་པ་དང་། སྨད་རྒྱ་ནག་གི་རྒྱལ་ས་ཁྲང་ཨན་ནས། སྟོད་རྒྱ་གར་གྱི་ཆུ་བོ་གཱང་གྷའི་འགྲམ། ནུབ་ཨ་རབ་ཀྱི་ཨོག་སོ་གཙང་པོའི་ཕ་མཐའ་བར་དུ་འུ་ཚང་གི་རྟ་དམག་གི་རྨིག་པས་བརྫིས་མྱོང་། སྐབས་དེའི་འཛམ་གླིང་ཤར་ནུབ་གཉིས་ཀྱི་འབྲེལ་ཟམ་དུ་གྲགས་པའི་དར་གོས་འགྲུལ་ལམ་རིང་མོ་ཡང་བོད་ཀྱིས་བདག་གིར་བཟུང་སྟེ། བོད་ནི་འཛམ་གླིང་ཤར་ནུབ་ཀྱི་དཔལ་འབྱོར་དང་ཤེས་རིག་གི་ལྟེ་གནས་ཆགས་ཡོད། བོད་ལ་གྱེན་ལོག་གི་སྙིང་སྟོབས་ཡོད། དེ་ཡི་ཕྱིར་ན་ང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་ལངས་བ་ཡིན། དེ་ཡང་མངའ་བདག་བཙན་པོའི་གཞུང་གིས་ཁྲལ་བསྡུ་ཁྲིམས་གནོན་ཚུལ་བཞིན་མ་བྱས་པར། མི་སེར་ལ་གཉའ་གནོན་བཤུ་གཞོག་བཏང་བའི་ཚེ་ན། འབངས་རྒོད་གཡུང་གཉིས་ཀ་མཉམ་རུབ་ཀྱིས་གྱེན་ལོག་བྱས་ཤིང་། རྒྱལ་ལྡན་གཞུང་གི་ཁེངས་དྲེགས་ཀྱི་རལ་བ་གནམ་ནས་ས་ལ་ཕབ་པར་མ་ཟད། ལྷ་བཙན་པོའི་བང་སོ་ཡན་ཆད་བྲུས་ནས་འབངས་འཁོས་ཞན་པ་དག་ལ་བགོ་བཤའ་བརྒྱབས། བོད་མི་རིགས་ལོག་དང་བསྟུན་ནས་སྲིད་འགྱུར་གྱི་གོ་སྐབས་འཛིན་ཐུབ་མཁན་ཞིག་ཡིན། དེ་ཡི་ཕྱིར་ན་ང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་ལངས་པ་ཡིན།
དེ་ཡང་གསར་བརྗེ་རང་བཞིན་གྱི་དུས་འགྱུར་ནི་མིའི་འཆར་གཞི་ལས་རིང་ནས་བརྒལ་ཡོད་སྟབས། དུས་འགྱུར་དང་བསྟུན་ནས་གོ་སྐབས་འཛིན་ཐུབ་མཁན་ནི་ད་གཟོད་ཆབ་སྲིད་པ་ཡིན། བོད་ཀྱི་ཉེ་རབས་ལོ་རྒྱུས་ཐོག་གཟི་བརྗིད་ལྡན་པའི(རྒྱ་ཕུད)ལས་འགུལ་ཐེངས་འགར་བྱུང་མྱོང་ལ། མན་ཇུ་རྒྱལ་རྒྱུད་མགོ་རྟིང་ལོག་པའི་སྐབས་དང་བསྟུན། རྒྱལ་དབང་བཅུ་གསུམ་པ་ཆེན་པོས་དབུ་ཁྲིད་འོག་བོད་དབུས་ནས་རྒྱ་མི་ཡོད་ཚད་མཐར་བསྐྲད་བཏང་བར་མ་ཟད། བོད་རང་བཙན་གྱི་བསྒྲགས་གཏམ་སྤེལ་བ་སོགས་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་བྱུང་། བཙན་གནོན་འོག་གི་མི་རིགས་ཁག་ལ(རླབས་ཆེན་གཙོ་འཛིན)མའོ་ཙེ་ཏུང་ལ་རྒོལ་བ་ནི་ གནམ་རྒན་མའི་ཁ་གཏད་དུ་ལངས་པ་མིན་པ་ཐོག་མར་ཤེས་སུ་འཇུག་མཁན་དེ་བོད་པ་རེད། དེ་ཡི་ཕྱིར་ན་ང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་ལངས་པ་ཡིན།
དེ་ཡང་དུས་རབས་གོང་མའི་ལོ་རབས ༥༠ པར་རྒྱ་དམར་བཙན་འཛུལ་པས་བོད་ས་ཧམ་བཟུང་བྱས་པའི་མོད་ལ། འ་ཆད་འུ་ཐུག་གི་ཉིན་མོར་བོད་ཆོལ་ཁ་གསུམ་གྱི་ཡུལ་མི་རྣམས་མ་གྲོས་བསམ་པ་གཅིག་མཐུན་ངང་། ཞི་དྲག་གཉིས་ཀྱི་ཐོག་ནས་རྒྱ་མི་བཙན་འཛུལ་བར་ངོ་རྒོལ་བྱས་པ་ཨ་ཅང་ཅང་། བཙན་འཛུལ་བའི་ཁ་བཀོད་འོག་ཆུ་སྣ་གར་ཁྲིད་ཡིན་པའི་བོད་སྡེ་བ་གཞུང་གི་དཔོན་ངན་ཚོར་ཡིད་ཆེས་བློ་འགེལ་མེད་པའི་རྒོལ་གཏམ་སྤེལ་བ་དང་། ཐ་ན་རྒྱ་མིའི་མིག་གི་མཐོང་ས་ནས་ནང་རུལ་བ་ཁག་ཅིག་དམར་གསོད་བཏང་བ་སོགས། སྐད་གྲགས་སྲིད་མཐར་ཆོད་པའི་གསུམ་བཅུའི་སྒེར་ལངས་ཆེན་མོ་དེ་དུས་བྱུང་། བོད་མི་རིགས་ཕོ་ཟད་མོ་ལ་ཐུག་ཀྱང་བཙན་འཛུལ་བར་མགོ་མི་སྒུར་བའི་དུས་ཀྱི་ཅོང་བརྡ་བསྒྲགས་ཡོད། དེ་ཡི་ཕྱིར་ན་ང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་ལངས་པ་ཡིན།
དེ་ཡང་དུས་རབས་གོང་མའི་ལོ་རབས ༨༠ བ་ནས་བཟུང་། བོད་ཀྱི་མི་རབས་གསར་བ་རྣམས་མི་སེར་སྤེལ་མཁན་ཕྱི་མའི་བསླུ་བྲུད་འོག་མ་ཚུད་པར། ལྷ་ས་ནས་འགོ་བཙུགས་ཏེ་ངོ་རྒོལ་རིམ་པར་བྱུང་བ་དང་། ཉིས་སྟོང་བརྒྱད་ལོར་བོད་ས་ཡོངས་ནས་ཉིན་བརྒྱ་དུས་གཅིག་ལ་རྒྱ་རྒོལ་ལས་འགུལ་བྱུང་ནས་ལོ་རྒྱུས་ཀྱི་དཀྱོགས་མཚམས་གསར་བ་ཞིག་གི་ཡོལ་བ་ཕྱེས། དེ་བས་ཀྱང་སྨྲ་བསམ་བརྗོད་འདས་ཀྱི་དོན་རྐྱེན་ཞིག་ནི། ད་ལྟའི་སྐབས་སུ་བོད་ཕྱི་ནང་གཉིས་ནས་རང་དབང་རང་བཙན་ཆེད་རང་སྲོག་དམར་མོ་མེ་ལ་བསྲེགས་ཐུབ་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཞལ་གྲངས་བརྒྱ་དང་ལྔ་བཅུའི་ཁར་སླེབས་གྲབས་ཡོད། བོད་མི་རིགས་འདི་བཞིན་འཚོ་གནས་ཐད་གཞན་ལ་བརྟེན་མ་དགོས་པར་རང་མགོ་ཐོན་མཁན་ཞིག་ཡིན། དེ་ཡི་ཕྱིར་ན་ང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་ལངས་པ་ཡིན། དེ་ཡང་བོད་གཞིས་བྱེས་གཉིས་བཙན་དབང་གིས་ཁ་གྱེས་དགོས་བྱུང་ཡང་། མི་ཐོག་རྒན་པ་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་གནང་བར་བརྟེན། ད་ལྟའི་སྐབས་སུ་རྒྱ་བལ་འབྲུག་གསུམ་གཙོས་མི་ཡུལ་ལུང་བར་གཞིས་སྡོད་བྱེད་མཁན་རྣམས། ཁྱོན་ཡོངས་ནས་བཤད་ན་ཡུལ་དུས་གནས་བབ་དང་བསྟུན་ནས་འཚོ་གནས་ཐོག་འགྲིག་བསྡད་ཡོད་པའི་ཁར། གཞོན་སྐྱེས་རྣམས་རང་གི་ཤེས་འཇོན་ལ་དཔག་པའི་ས་གནས་ཡུལ་མི་དང་དཔུང་བ་མཉམ་གཤིབས་བྱས་ནས་འགྲོ་ཐུབ་ཀྱིན་ཡོད། ཅེས་དང་།
བསྒྲགས་གཏམ་ནང་མུ་མཐུད་འཁོད་དོན། འདི་གར་མིག་མདུན་ཙམ་ལས་སྲིད་དོན་བསྐྱར་ཞིབ་ཀྱི་འཆར་སྒོ་འགག་ཡོད། དེ་ཡི་ཕྱིར་ན་ང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་ལངས་པ་ཡིན། དེ་ཡང་ང་ཚོ་རྒྱལ་ཤོར་དམངས་སྡུག་གི་གནས་སྟངས་འོག་ནས་ཡར་ལངས་དགོས་ན། ཚོང་བ་རྒྱགས་པ་ཞིག་གི་དངུལ་ཁུག་ནང་ནས་ལངས་ཐུབ་པར་ང་ལ་ཡིད་ཆེས་མེད། རི་ཁྲོད་སྒོམ་ཆེན་ཞིག་གི་ཉམས་མགུར་ཀློང་ནས་ལངས་ཐུབ་པར་ང་ལ་ཡིད་ཆེས་མེད། དེ་བཞིན་ནུབ་ལུགས་སློབ་ཆེན་ཞིག་གི་ལག་འཁྱེར་ཡོད་ན་འགྲིག་འགྲོ་བ་ཞིག་དེ་བས་ མིན། གཙོ་བོ་མི་རིགས་རང་ཉིད་ཀྱི་ཤེས་རིག་སྙིང་སྟོབས་དང་། ཐུ་བྷོད་བཙན་པོའི་བླ་སྲོག་སྙིང་ལ་བཅིངས་ནས་སྲིད་དོན་བསྐྱར་ཞིབ་ཡང་དག་པ་ཞིག་མ་གནང་མཐུ་མིན་ལ་ཐུག་ཡོད། དེ་མ་གཏོགས་ཤེས་རིག་གི་གཞན་བརྟེན་བསམ་བློ་འཇགས་ནས། བྱ་བ་ཐམས་ཅད་གཞན་གྱི་ལད་མོ་རྐྱང་བྱས་བསྡད་པ་ཡིན་ན། ང་ཚོར་ཡར་ལངས་ཀྱི་གོ་སྐབས་ནམ་ཡང་མེད་ལ། ལངས་ཐུབ་པའི་དབང་དུ་བཏང་ཡང་དེ་ནི་བོད་ལ་འཚམས་པའི་བོད་ཞིག་བསྐྲུན་ཆེད་མིན་པ་ངས་ཁ་ཚོན་གཅོད་ཐུབ།
འདི་གར་ཤོག་ཁག་འཐེན་འཁྱེར་ནང་གཞུང་སྲིད་བར་གནས་ཐུབ་ཀྱིན་མེད། དེ་ཡི་ཕྱིར་ན་ང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་ལངས་པ་ཡིན། དེ་ཡང་བོད་པ་བཙན་བྱོལ་བ་ཚོའང་མི་སྡེ་སྤྱི་ཚོགས་ཀྱི་གྲུབ་ཆ་ཡིན་པའི་ཆ་ནས། དེ་ལ་འབབ་པའི་ཕྱོགས་སྒྲིག་འཐེན་འཁྱེར་གང་འཚམས་རེ་ཡོད་ངེས་ཡིན་མོད། ཆེ་ས་ནས་དབུས་བོད་མིའི་སྒྲིག་འཛུགས་འདི་བཞིན་སྤྱི་ཚོགས་རིང་ལུགས་དང་མ་རྩ་རིང་ལུགས་ལ་སོགས་པའི་ཕྱོགས་སྒྲིག་འགྲན་རྩོད་ནང་བར་གནས་མ་ཐུབ་ཀྱང་། ནང་ཁུལ་གྱི་རྩོད་རྙོག་ཆུང་ཙག་ལ་ཐུག་སྐབས་དྲང་སྙོམ་བར་གནས་ཀྱི་ཁྲིམས་ས་ཞིག་གི་གོ་བབ་འཛིན་རྒྱུའི་ཚབ་ལ། རང་ཉིད་རྙོག་གྲ་གང་ཞིག་བསྐྱེད་མཁན་དུ་བསྒྱུར་ནས་རྐྱེན་ཆུང་རྩ་ཆེ་བཟོ་བཞིན་ཡོད་ལ། དེ་སྔར་ཆུ་སྒང་གསར་རྙིང་གཉིས་དང་། དོལ་རྒྱལ་དང་འབྲེལ་ནས་ཁ་དང་ཁ་སྤུ་ཁ་ཁ་བྱས་པ། ཉེ་ཆར་ཉིའུ་ཡོག་ནས་བོད་རིགས་སྤྱི་མཐུན་ཚོགས་པ་གཙོས་གསུམ་བཅུའི་དུས་དྲན་གོ་སྒྲིག་བྱེད་མཁན་ཚོས། བོད་རང་བཙན་གྱི་འབོད་ཚིག་ཁྱེར་ནས་མི་མང་མཉམ་དུ་ཡོང་ན་ཉེན་རྟོག་པར་རྩིས་སྤྲོད་དགོས་ལུགས་ཀྱི་རྩོད་རྙོག་བྱུང་རྗེས། དབུས་བོད་མིའི་སྒྲིག་འཛུགས་བར་གནས་མ་ཐུབ་པར་རྔ་མ་གང་གི་ཕྱོགས་སུ་འཁྱོག་ཡོད་པ་གསལ་བོ་རེད།
འདི་གར་བྲན་གཡོག་གཤིས་སྤྱོད་ཀྱིས་ཡོད་ཚད་རྩ་མེད་བཟོ་ངེས་ཡིན། དེ་ཡི་ཕྱིར་ན་ང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་ལངས་པ་ཡིན། ཆབ་སྲིད་ཀྱི་ཐད་ནས་བོད་ནང་རྒྱ་དམར་གཞུང་གི་འགོ་ཁྲིད་མེད་ན། བོད་ལྟ་བུའི་ཀླ་ཀློ་དང་རྗེས་ལུས་ཀྱི་མི་རིགས་ཤིག་ལ་ཡར་རྒྱས་ཀྱི་མདུན་ལམ་མེད་སྐོར་བཤད་ཀྱིན་ཡོད་ལ། བཙན་བྱོལ་ནང་དུ་དེ་ལ་རམ་འདེགས་ཀྱི་ཚུལ་དུ་རྒྱ་གཞུང་སྟོབས་ཆེན་ཡིན་སྟབས་བོད་རང་བཙན་ལ་རེ་བ་མེད་སྐོར་དང་། རྒྱ་ནག་ཡར་རྒྱས་འགྲོ་བཞིན་ཡོད་སྟབས་བོད་རྒྱ་འོག་ནས་བསྡད་ན་ཁེ་བཟང་ཆེ་ཚུལ་བཤད་པ་བཅས་ནི་ཆབ་སྲིད་ཐོག་གི་བྲན་གཤིས་རྣལ་མ་དེ་ཡིན་པ་མ་ཟད། བཙན་བྱོལ་ནང་སྤྱི་སྒེར་གང་རུང་གི་འགོ་བྱེད་ཚོས་དེ་ལས་གཞན་གྱི་བྲན་གཤིས་ལྷག་མ་ཞིག་སྤེལ་བཞིན་པ་ནི། བཟང་སྤྱོད་དང་དམ་ཚིག་ཁ་ལ་ཁུར་ནས་མ་རབས་ག་ཚོད་འཁྲབ་ཡང་། སྤྱི་ཚོགས་ཀྱིས་དེ་དག་ངོ་མ་ཤེས་པ་མ་ཡིན་པར་ཤེས་བཞིན་སྣང་མེད་འཇོག་གི་ཡོད་སྟབས། བྲན་གཤིས་འདིར་དག་ཐེར་གཙང་ཕྱགས་མ་ཐུབ་ཕྱིན་བོད་མི་རིགས་དུས་གཏན་དུ་མགོ་འདེགས་མི་ཐུབ།
འདི་གར་དད་པ་ལོག་པར་བེད་སྤྱོད་ཀྱིས་བཙན་བྱོལ་སྤྱི་ཚོགས་ཟང་ཟིང་བཟོས་ཡོད། དེ་ཡི་ཕྱིར་ན་ང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་ལངས་པ་ཡིན། དེ་ཡང་མི་སྡེ་སྤྱི་ཚོགས་ཀྱི་དཔལ་ཡོན་ཡར་རྒྱས་ཕྱིན་པ་དང་ཆབས་ཅིག ཆོས་ལུགས་འཐེན་འཁྱེར་དང་། དད་པར་རྗེས་འབྲེལ་གྱི་དཀའ་ངལ་ཉུང་དུ་འགྲོ་བར་མི་རྣམས་ཀྱིས་རེ་བ་བྱེད་བཞིན་ཡོད་མོད། དུས་རབས་ཉེར་གཅིག་པ་འགོ་བཙུགས་པ་ནས་ཆོས་ལུགས་ཁ་ལ་ཁྱེར་བའི་འཐེན་འཁྱེར་ཇེ་ཆེར་འགྲོ་བཞིན་ཡོད་ལ། ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་དུའང་ལྷ་འདྲེ་རྩོད་གཞིའི་རྐྱེན་པས་མི་གསོད་ཁྲག་སྦྱོར་གྱི་བྱ་ངན་དངོས་སུ་རྩོམ་མྱོང་ཁར། ལོ་འདི་དག་ནང་དོལ་རྒྱལ་བརྟེན་མཁན་དང་དེར་ཁ་གཏད་གཅོག་མཁན་ཡིན་ཟེར་མཁན་མང་བོ་ཞིག་གིས་ནང་ཁྲོལ་ཕྱི་ལ་བསྟན་ནས། འཁྲབ་སྟོན་ཡ་ང་བ་ཞིག་གི་འགོ་དངོས་སུ་བཙུགས་ཟིན་ལ། ངན་ཤུགས་འདི་དག་བོད་ནང་དུའང་རིམ་བཞིན་ཁྱབ་བརྡལ་ལ་འགྲོ་བཞིན་ཡོད། གནས་སྐབས་འདི་འདྲར་སྲིད་གཞུང་ཞིག་གིས་ལྷ་འདྲེར་རང་སྣང་གིས་དག་ཐེར་བྱ་རྒྱུ་གཙོ་བོ་མ་ཡིན་པར། བབ་བརླིང་བརྟན་གསུམ་ཀྱི་སྒོ་ནས་དད་པ་ལོག་པར་བེད་སྤྱོད་བྱེད་མཁན་ཚོར་ཚོད་འཛིན་མ་ཐུབ་ཕྱིན། སྤྱི་ཚོགས་ཀྱི་གཞི་མཐུན་རྨང་ནས་འཐོར་ཉེན་ཡོད། ཅེས་སོགས་བཀོད་འདུག
མཇུག་ཏུ་གསར་འགོད་པས་ཀླུ་མཁར་བྱམས་ལགས་སུ་ཁྱེད་ཀྱིས་རང་བཙན་འཐབ་རྩོད་པ་ཞིག་ཡིན་པ་མ་ཟད། ཁྱེད་ཀྱི་གཏམ་བཤད་ནང་རང་བཙན་ནི་འཐབ་རྩོད་ཀྱི་ངོ་བོ་གཙོ་བོ་དེ་ཆགས་ཡོད་སྐོར་བརྗོད་སོང་ཀྱང་། ད་ལྟ་ང་ཚོའི་གཞུང་འབངས་གཉིས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་བྱས་ནས་འགྲོ་གི་ཡོད་སྟབས། ཁྱེད་ཀྱིས་ལོ་གཅིག་གཉིས་ནང་ལངས་ཕྱོགས་དེ་གཉིས་ཀྱི་བར་ཐག་གསལ་ཐུབ་ཀྱི་རེད་བསམ་གྱི་འདུག་ཅེས་དྲིས་པར་ཁོང་གིས། སྤྱིར་བཏང་བཙན་བྱོལ་བོད་གཞུང་འདི་ངོ་བོ་གཉིས་རེད། ཁོ་རང་གི་ཨ་མ་དེ་རྒྱལ་ཁབ་ཤོར་ཟིན་པའི་བུ་མོ་ཞིག་བཙན་བྱོལ་བ་བསླེབས་ཡོད་སྟབས། ལྷ་རབས་བྱུང་ན་འདིའི་དམིགས་ཡུལ་དེ་བསྐྱར་གསོ་བྱེད་དགོས། དེ་བཞིན་ཁོའི་དོན་དག་གཉིས་པ་དེ་འདིར་ང་ཚོ་བོད་ཀྱི་ཡུལ་མི་འབུམ་གཅིག་ལྷག་ཡོད་སྟབས་འདིའི་རྟོག་ཞིབ་ཀྱི་གནད་དོན་དེ་ཡང་འགན་ཁུར་དགོས་པར་བརྟེན། ངའི་བསམ་པར་ང་དང་ངའི་འཛིན་སྐྱོང་ཡར་སླེབ་པ་ནས་བཟུང་སྟེ། བཀའ་བློན་དང་ལས་བྱེད་ཡོངས་རྫོགས་ཀྱིས་བསྟན་འཛིན་བརྩོན་འགྲུས་ནང་བཞིན་གྱིས་མགོ་ལ་རས་དམར་པོ་དཀྲིས་ཏེ་ལྟོ་ཕད་འཁུར་ནས་ཆ་ཚང་གིས་བོད་རང་བཙན་འཐབ་རྩོད་བྱེད་བར་རྒྱུག་དགོས་ཟེར་བའི་གནས་སྟངས་ཆགས་ཀྱི་མ་རེད་བསམ་གྱི་འདུག དེ་ཡིན་དུས་དབུ་མའི་ལམ་ཁ་ལ་འཁྱེར་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནག་བསུབ་གཏོང་གི་ཡིན་ན། དེ་ང་ཚོས་བྱེད་བཅུག་གི་མ་རེད། གཞུང་གི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་རྨང་གཞི་དེ་རྒྱ་མི་དང་མཉམ་དུ་གྲོས་མོལ་བྱ་རྒྱུ་ཡིན་ཟེར་གྱི་ཡོད་པ་རེད། རྒྱ་མི་དང་མཉམ་དུ་གྲོས་མོལ་བྱ་བར་སོ་སོ་སྒེར་ལ་གདེང་ཚོད་གང་འདྲ་ཞིག་འདུག རྒྱ་མི་ལ་གྲོས་མོལ་བྱས་ནས་ད་བར་གྱོང་ག་ཚོད་རག་འདུག ང་ཚོས་ལོ་རྒྱུས་ཀྱི་ཐོག་ནས་སྟོབས་ཤུགས་འདྲ་མཉམ་མེད་པའི་གཞུང་ཕན་ཚུན་གྲོས་མོལ་བྱེད་ཕྱོགས་ལ་བལྟས་ན། སྔོན་མ་ཧྥ་རན་སིས་འཇར་མན་ལ་གྲོས་མོལ་བྱས་ནས་ག་རེ་རག་འདུག རྒྱ་གར་གྱིས་དབྱིན་ཇིར་གྲོས་མོལ་བྱས་ནས་གྱོང་ག་རེ་རག་འདུག བོད་པར་ཡཱང་ཧ་སེ་བྷན་ཌི་ཡིས་དམག་བརྒྱབ་སྟེ་གྱོང་ག་རེ་རག་འདུག ངས་བོད་རྒྱལ་ཞི་མོལ་ལ་རྣམ་གྲངས་ཁ་ཤས་ཤིག་དབྱེ་དགོས་ཀྱི་རེད་བསམ་གྱི་འདུག རྒྱ་ནག་གཞུང་དང་ང་ཚོས་གྲོས་མོལ་བྱས་ཏེ་དེས་ཕན་ཐོགས་ཀྱི་ཡོད་ན། དེ་བྱེད་རྒྱུ་ཡོད་མ་རེད་བརྒྱ་ཆ་བརྒྱ་ཐམ་པ་ལབ་རྒྱུ་ཡོད་མ་རེད་བསམ་གྱི་འདུག ཡིན་ཡང་གྲོས་མོལ་གང་གཅིག་ཡིན་ཡང་བོད་མི་རིགས་ཀྱི་ཆེ་མཐོང་དང་སྤོབས་པ། སོ་སོའི་བླ་མ་བཙོང་བ་གཞིར་བཞག་པའི་ཐོག་ནས་ང་ཚོས་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག ངའི་ངོས་ནས་ག་རེ་བྱེད་ཀྱི་ཡིན་ལབ་ན། བཙན་བྱོལ་བོད་གཞུང་གི་ལམ་དབུ་མའི་སྲིད་བྱུས་དེ་དང་། ད་ལྟ་རང་བཙན་རྩོད་ཀྱི་མིན་ཟེར་བ་དེ་ཚོ་ཁ་ཡོད་ལག་ཡོད་ཀྱིས་འགྲོ་གི་མེད་ན། གཞུང་གི་ངོས་ནས་གྲོས་ཚོགས་ལ་ཁྲིམས་འཆར་ཕུལ་ནས་ངས་བོད་རྒྱ་ཞི་མོལ་ཡོང་ཐུབ་ཀྱི་མི་འདུག རྒྱ་ནག་གི་གནས་སྟངས་འདི་འདྲ་རེད་ཟེར་ན་གྲོས་ཚོགས་ངོས་ནས་དགོངས་པ་བཞེས་ཀྱི་རེད་བསམ་གྱི་འདུག གྲོས་ཚོགས་ནང་ནས་དགོངས་པ་བཞེས་མི་དགོས་པའི་སྔོན་ལ་དབུ་མའི་ལམ་དང་འབྲེལ་བའི་བཙན་བྱོལ་སྤྱི་ཚོགས་ཀྱིས་བྱེད་མི་དགོས་པ་མང་པོ་ཞིག་བྱེད་བསྡད་ཡོད་པ་རེད། ལྷག་པར་དུ་འབུམ་མང་པོ་ཞིག་སོ་སོའི་མི་རིགས་ནང་ལ་དབུ་མའི་ལམ་ཁྱབ་བསྒྲགས་དང་། གཞིས་ཆགས་ཁག་གི་སྤོ་བོ་རྨོ་རྨོ་ཚོ་སྡོད་མ་བཅུག་པ་མ་ཟད། སློབ་གྲྭ་ཁག་ཏུ་འགྲོ་ནས་ཕྲུག་གུ་ཆུང་ཆུང་འཛིན་རིམ་བཅུ་གཉིས་འོག་ཡན་ཆད་ལ་དབུ་མའི་ལམ་སྐོར་བཤད་བསྡད་པ་དེས། ངས་དེས་ག་རེ་ཕན་གྱི་ཡོད་མེད་ཧ་གོ་གི་མེད་སྟབས། ངའི་གཞུང་གིས་དེ་ལ་འགྲོ་སོང་གཏོང་བ་ལས་རྒན་གསོ་ཁང་ལ་གསང་སྤྱོད་རྒྱག་རྒྱུ་དང་ཕྲུག་གུ་ཚོར་ཉིན་རྟག་པར་ལྡ་ལི་སྤྲོད་མི་དགོས་པ་བྱས་ཏེ། ལྟོ་ཆས་སྒང་ལ་གཏོང་གི་ཡིན། དེ་ཡིན་དུས་ངས་མ་འོངས་པར་དབུ་མའི་ལམ་སྒང་ལ་འགྲོ་སོང་འཕྲོག་བརླག་གཏོང་གི་མིན་ཟེར་གསལ་པོ་བྱས་ནས་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།
གསར་འགོད་པ་ཞིག་གིས་ཁོང་ལ་བཙན་བྱོལ་བོད་གཞུང་དབུ་མའི་ལམ་ཐོག་བསྐྱོད་ནས་ལོ་མང་པོ་ཞིག་ཕྱིན་ཡོད་སྟབས། དེ་རིང་ཁྱེད་རང་འཐབ་རྩོད་པ་ཞིག་སྲིད་སྐྱོང་ལ་ལངས་ཡོང་དུས་མི་མང་པོ་ཞིག་གིས་ ཧ་ལམ་རང་བཙན་འཐབ་རྩོད་པ་ཞིག་སྲིད་སྐྱོང་གི་ལས་གནས་ཐོག་ལངས་ས་རྩ་བ་ནས་ཡོད་མ་རེད་བསམ་པའི་ཚོར་བ་ཞིག་ཡོད་ཀྱང་། ཁྱེད་རང་སྲིད་སྐྱོང་ལ་ལངས་ཡོད་པ་མ་ཟད། མ་འོངས་པར་སྲིད་སྐྱོང་གི་ལས་གནས་ཐོབ་པ་ཡིན་ན། རྒྱ་ནག་གཞུང་ལ་སྤྲོད་རྒྱུའི་བརྡ་ལན་དང་པོ་དེ་ག་རེ་རེད་བསམ་གྱི་འདུག་དྲིས་པར། ཁོང་གིས། ང་རང་བཙན་འཐབ་རྩོད་པ་ཞིག་སྲིད་སྐྱོང་ལ་ཐོབ་པ་ཙམ་གྱིས་རྒྱ་ནག་གཞུང་ལ་ལན་འཕྲོད་པ་རེད་བསམ་གྱི་འདུག ཡིན་ཡང་ང་ཚོར་ལན་དེ་འཕྲོད་རྒྱུའི་བསྐལ་བ་བཟང་པོ་དེ་འདྲ་ཡོད་མེད་རྒྱ་ཆེའི་མི་མང་གི་སྙིང་སྟོབས་ལ་བལྟ་རྒྱུ་མ་ཟད། ངས་རྒྱ་ཆེའི་མི་མང་ལ་རེ་བ་ཡང་རྒྱག་གི་ཡིན། ང་སྲིད་སྐྱོང་ལ་ཐོབ་པའི་ཉིན་མ་དང་པོ་དེ། ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་སྲིད་སྐྱོང་ལ་ཕེབས་པ་ནས་བཟུང་སྟེ། རླངས་འཁོར་སྒང་ལ་གློག་དམར་པོ་འབར་བའི་གནས་སྟངས་ཤིག་ཡོད་སྟབས། ངས་རླངས་འཁོར་དེའི་ནང་སྡོད་ཀྱི་མིན་ལ་གློག་དམར་པོ་དེ་ཡང་མི་དགོས། ང་སྲིད་སྐྱོང་ལ་འཐོབ་པ་ཡིན་ན། ང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འོག་ལ་འཛུལ་རྒྱུ་དེ་ང་ངོ་ཚ་རེད། དེ་ངའི་ངོ་ཚ་མ་རེད་བོད་རྒྱལ་ཁབ་ཀྱི་ངོ་ཚ་ཡིན་སྟབས། ངའི་ལས་ཀ་དང་པོ་དེ་དབུས་བོད་མིའི་སྒྲིག་འཛུགས་དེ། ཡང་བསྐྱར་བཙན་བྱོལ་བོད་གཞུང་ལ་བསྒྱུར་རྒྱུའི་འབད་བརྩོན་བྱེད་ཀྱི་ཡིན། རྒྱ་དཀར་གཞུང་གི་གནོན་ཤུགས་ཡོད་ཀྱང་། གནོན་ཤུགས་དེ་ཆ་ཚང་འཁྱེར་གྱི་ཡིན། མཐའ་མཇུག་ང་ཀླུ་མཁར་བྱམས་སྲིད་སྐྱོང་གི་མིང་ཐོག་ནས་ངའི་མགོ་རྒྱ་གར་གྱི་ཁྲིམས་ཁང་ལ་བཞག་དགོས་འབྱུང་ཡང་བཞག་གི་ཡིན། བོད་མི་རིགས་ཀྱི་སེམས་ཤུགས་ལ་རྩེད་མོ་རྩེད་ཀྱི་མིན། བོད་མི་རིགས་ཀྱི་རྒྱལ་རབས་ལོ་རྒྱུས་འདི་ཚོང་པ་རྒྱགས་པའི་སྦ་ཁུག་བརྒྱང་རྒྱུ་མ་རེད། ཅེས་བརྗོད་སོང་།
གསར་འགོད་པས་ཀླུ་མཁར་བྱམས་ལགས་སུ་ཁྱེད་རང་བོད་རང་བཙན་རྩོད་ལེན་བྱེད་མཁན་ཞིག་ཡིན་པ་མ་ཟད། ལྟ་བ་ཧ་ཅང་གིས་མཁྲེགས་པོ་ཞིག་ཡིན་སྟབས། ཁྱེད་རང་སྲིད་སྐྱོང་ལ་ལངས་བ་ཡིན་ན་རྒྱལ་ཁ་འཐོབ་ཀྱི་རེད་བསམ་གྱི་འདུག་ཅེས་དྲིས་པར། ཁོང་གིས། ང་འཐོབ་རྒྱུའི་གདེང་ཚོད་གང་ལ་གང་འཚམ་ཡོད། ཡིན་ཡང་ངར་མ་འཐོབ་པ་ཡིན་ཡང་གྱོང་མེད། ངར་འཐོབ་དགོས་རྒྱུའི་དུས་ལ་བསླེབས་ཡོད། གང་ཡིན་ཟེར་ན། སྒང་ལ་སྡོད་མཁན་ཚོར་ཚད་དང་ངོ་ཚ་རྒྱུ་མེད་ན། འོག་ན་སྡོད་མཁན་གྱི་མི་མང་ཚོར་འུ་ཐུག་རྒྱུ་ཡོད་པ་རེད། ངའི་བསམ་པར་བྱས་ན་རྒྱ་ཆེའི་མི་མང་འུ་ཐུག་ཡོད་བསམ་གྱི་ཡོད། ང་འུ་ཐུག་མཁན་ནང་གི་གཅིག་ཡིན་སྟབས། ངས་བསམ་པར་ད་རེས་འུ་ཐུག་མཁན་གྱི་མི་མང་འདིས། བོད་རྒྱ་ཞི་མོལ་ལ་བསྒུག་བསྡད་ཡོད་པ་མ་ཟད། ༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ཐུབ་རྒྱུ་བསྒུག་བསྡད་ཡོད་པ། ༡༤༠ ལྷག་གིས་རང་ལུས་མེར་བསྲེགས་གནང་སོང་ཟེར་ནས་གྲངས་ཀ་བརྩིས་བསྡད་པ་ཙམ་མིན་པར། ཕུགས་བསམ་དང་རེ་བ་ཆ་ཚང་གསལ་ནས་བོད་ནས་འདིར་སླེབ་མཁན་ཚོ་བོད་ལ་གཅིག་པོ་འགྲོ་ཐུབ་ན་སྙམ་ནས་སྡོད་བཞིན་ཡོད་པའི་སྐབས་འདིར། འདིའི་རྒྱབ་ལ་ངས་ཏན་ཏན་གཅིག་ཡོད་རེད་བསམ་གྱི་འདུག་སྟབས། ངར་འཐོབ་མིན་མ་ཤེས་ཀྱང་འཐོབ་དགོས་པའི་དུས་ལ་སླེབ་ཡོད་རེད་བསམ་གྱི་འདུག ཅེས་བརྗོད་སོང་།
གསར་འགོད་པ་གཞན་ཞིག་གིས་བོད་མིའི་མགོན་སྐྱབས་༧གོང་ས་མཆོག་ཆགས་ཡོད་སྟབས། བར་ལམ་ཞིག་ནས་ཀླུ་མཁར་བྱམས་ཀྱི་གཏམ་བཤད་ལ་སོགས་པའི་རྐྱེན་བྱས་ཏེ་ནག་ཐིག་འདྲ་པོ་ག་རེ་ཆགས་ཡོད་རེད་ལབ་ན། ཀླུ་མཁར་བྱམས་ནི་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཞིག་དང་བཀའ་དགོངས་ལ་མ་བརྩི་མཁན་ཞིག་ཡིན་པའི་སྐད་ཞ་ཞིག་ཡོང་གི་ཡོད་སྟབས། གསལ་བཤད་ཅིག་གནང་རོགས་ཞེས་ཞུས་པས། ཁོང་གིས། ངས་༧གོང་ས་མཆོག་ལ་མཚན་སྨད་ཞུ་གི་འདུག དམའ་འབེབས་བྱས་བཞག རྩོམ་ཡིག་ཉག་གེ་ཉོག་གེ་བྲིས་བཞག་ཟེར་བ་སོགས་བཙན་བྱོལ་སྤྱི་ཚོགས་ནང་ལ་སྒྲུང་མང་པོ་ཞིག་བཟོ་གི་ཡོད་པ་རེད། ངས་ང་རང་གིས་དེ་འདྲ་གཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་མེད་ཀྱང་། རྒྱ་ཆེའི་མི་མང་ཟེར་ནའང་འདྲ་དེ་འདྲས་ལབ་མཁན་ཚོས་དེ་འདྲ་མཐོང་བ་ཡིན་ན། དེ་ཁོ་ཚོར་ལབ་རྒྱུའི་ཐོབ་ཐང་ཡོད་ཀྱི་རེད། ཡིན་ཡང་ངས་༧རྒྱལ་བ་རིན་པོ་ཆེར་མཚན་སྨད་ཞུ་མཁན་གྱི་དགྲ་གྲོགས་ཀྱི་དབྱེ་བ་མ་ཆོད་མཁན་གྱི་མི་སྐོར་ཞིག་མཐོང་བསྡད་ཀྱི་འདུག་ལ། ངས་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་༧རྒྱལ་བ་རིན་པོ་ཆེའི་བཀའ་བེད་སྤྱོད་ལོག་པ་གཏོང་མཁན་དང་པེ་ཅིང་དང་ལག་སྦྲེལ་བྱེད་མཁན་དེ་འདྲ་མང་པོ་ཡོད་པ་མཐོང་གི་འདུག་སྟབས། མི་སྐོར་ཞིག་གིས་ང་༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་ལ་འགྲེལ་བཤད་ལོག་པ་རྒྱག་མཁན་ཡིན་པ་མཐོང་ཆོག་གི་རེད་ཀྱང་། ང་རང་ངོས་ནས་ང་༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་ལ་ལོག་འགྲེལ་དང་ལོག་ལྟ། མཐོང་ཆུང་བྱེད་མཁན་དེ་འདྲ་ཡིན་པར་ངོས་འཛིན་བྱེད་ཀྱི་མེད་ལ་མཐོང་གི་ཡང་མེད། ཡིན་ཡང་༧གོང་ས་མཆོག་གིས་དམངས་གཙོ་གསོལ་རས་གནང་བ་དང་། ང་རང་བཙན་འཐབ་རྩོད་པ་ཞིག་ཡིན་པ། ༧སྐྱབས་མགོན་རིན་པོ་ཆེ་ལ་ལམ་དབུ་མའི་དགོངས་གཞི་ཡོད་པ་དེའི་འོག་ནས། ངས་དྲང་བདེན་དང་ཡང་དག་པའི་ལྟ་ཕྱོགས་ཤིག་བཟུང་སྟེ། ༧གོང་ས་མཆོག་གི་དགོངས་གཞི་དེ་འགྲིག་གི་མ་རེད་ཟེར་ནས་ངས་བཤད་ཀྱི་ཡོད། དེ་༧རྒྱལ་བ་རིན་པོ་ཆེར་མཚན་སྨད་ཞུས་པ་རེད་ཟེར་ན། ང་རང་གིས་གོ་བ་དེ་ལེན་གྱི་མེད། ངས་༧རྒྱལ་བ་རིན་པོ་ཆེ་ཡིན་དང་ཡིན། བོད་མི་ཆ་ཚང་ལ་གུས་ཞབས་ཞུ་གི་ཡོད། ཅེས་བརྗོད་སོང་།
གསར་འགོད་པ། དོན་གྲུབ།
ད་ལྟ་བར་དུ་སྲིད་སྐྱོང་དང་སྤྱི་འཐུས་ལངས་མཁན་ཚོས་ཁོ་རང་ཚོ་ལངས་དོན་མི་མང་གིས་བསྐུལ་མའི་འོག་ཡོང་བ་ཡིན་ལབ་ཀྱིན་པས་ཉོབ་ནས་བསྡད་ཡོད། ད་རེས་ཕོ་རྒོད་ཁྱེད་འདི་ལྟ་ལངས་ཡོང་པར་བཀྲ་ཤིས་བདེ་ལེགས་ཡོད། ཨེ་བདེན་ན་བསམ་ནས་ཅུང་ཙམ་ཡིད་མ་ཆེས་འདྲ་པོ་ཞིག་འདུག བཙན་བྱོལ་ནང་གི་འོས་བསྡུ་བྱེད་སྟངས་རྙིང་པ་དེར་འགྱུར་བ་གཏོང་ངེས་རེད་བསམ། འདི་ལྟར་ང་རང་སྲིད་སྐྱོང་འོས་མིར་ལངས་པ་ཡིན་ཞེས་མི་སྐད་རྒྱབ་ན་ག་འདྲའི་སྙན་པོ་འདུག
དགའ་བསུ་དང་རྒྱབ་སྐྱོར་གཙང་མ་ཡོད། ཁོང་སླེབས་ན་བོད་ལ་རེ་བ་ཞིག་འདུག
ལྷ་ཁང་ནང་གི་འུར་རྡོ་ལྟ་བུ་ཡིན་སྲིད། ཡིན་ནའང་ཕོ་རྒོད་ཁྱོད་འདྲ་བོ་ལ་གཞོན་སྐྱེས་ཚོས་སྒུག་ཡོད། ལྷག་བསམ་ཅན་དང་རྒྱལ་ཞེན་ཅན་ཚོས་མིག་གཅེར་ནས་ཡོད། ད་ཕྱིས་མེད་ཀྱང་སྔ་གཏན་ནས་མེད་དུས་ལ་བབ་ཡོད། གཞིས་ནས་དུ་མཚམས་མ་ཆད་བར་བྱེས་ནས་བདག་མཚམས་འཇོག་དགོས། གཞིས་བྱེས་གཉིས་ཀྱི་དུ་བ་དང་མིག་ཆུ་འདྲེ་དགོས་པའི་དུས་ལ་བབ་ཡོད། སྔ་མེད། གཞོན་སྐྱེས་ཚོ། ད་རེས་མ་ནོར། ནམ་ཡང་ནོར་མི་ཉན།
འོ་ཡ་ད་བཙན་བྱོལ་ནང་མི་རྫོགས་པ་འདྲ་སྲིད་སྐྱོང་འོས་མི་ཐབ་སྐྱོ་བ་ལ་ཀྱེ་མ་ཀྱེ་ཧུ་།
གད་མོ་མ་སློངས་རོག བཙན་བྱོལ་བོད་པ་ཚང་མི་ཟད་ཁུར་མེད། མི་འདི་འདྲ་ཞིག་སྲིད་སྐྱོང་ལ་སླེབས་སོང་ན་བོད་པ་ཚང་གི་ལས་དབང་མུན་དོང་ནང་ལྷུང་རྒྱུ་ཡིན་པ་ཐག་ཆོད་པ་རེད།
མི་རབས་གསར་པ་ཀླད་པ་གསར་པ་ཐབས་ཇུས་གསར་པ་སྲིད་བྱུས་གསར་པ་གཞང་གསར་པ་་་་ད་ངོ་མས་གསར་པ་གསར་རྐྱང་ཞིག་ཐོན་ཡོང་སོང། སེམས་དགའ་ནས་ཡོད། འོན་ཀྱང་ད་དུང་གདུལ་བྱ་མི་དམངས་རྣམས་ཀླད་པ་རྙིང་པ་རྙིང་གོག་ཤས་ཆེ་ཞིང་སྲིད་བྱུས་རྙིང་པ་ལ་ཤི་འཐམ་རོ་འཐམ་བྱེད་ངེས་ཡིན་པས་མ་ཐོབ་ཀྱང་སེམས་ཤུགས་ཆག་མི་རུང། ཉིན་ཞིག་འདྲེ་གདོན་དུ་བརྩིས་པའི་དགེ་འདུན་ཆོས་འཕེལ་ལྟར་ཁྱེད་ལ་དགའ་ཞེན་གྱིས་མེ་ལྕེ་མཆེད་ངེས་དང་བསྟོད་པའི་མེ་ཏོག་འབུལ་ངེས་ཡིན།
རྒྱལ་གཅེས་དཔའ་བོ་ཞིག་གིས་འདི་ལྟར་སེང་གེ་གཡུག་རལ་ཟུག་བཞིན་གད་རྒྱངས་སྒྲོག་པར་བཀའ་དྲིན་ཆེ། འདི་ལྟར་གསོན་ན་ཡང་སྐྱིད་ལ། ཤི་ན་ཡང་དེ་བས་སྐྱིད། རྒྱབ་སྐྱོརབགཙང་མ་ཡོད།
འདི་ཡང་གོ་རྟོགས་གསར་པ་ཞིག་རེད། རྟོགས་སེད་ཟེར་ན་ཆོག། སྒྱུར་བཅོས། སྒྱུར་བཅོས། སྒྱུར་བཅོས། རིམས་བཞིན། རིམས་བཞིན། རིམས་བཞིན།
དེ་སྔོན་སྲིད་སྐྱོང་ལངས་མཁན་སུས་ཀྱང་འདི་འདྲའི་སྐད་ཆ་གནད་ལ་ཁེལ་པ་དང་། ཆབ་སྲིད་དང་འབྲེལ་དྲང་བདེན་གྱི་སྐད་ཆ་བཤད་པ་མཐོང་མྱོང་མེད། འོན་ཀྱང་ཁོང་སྲིད་སྐྱོང་ཐོབ་ཀྱི་མ་རེད། ཁྱེད་ལ་འདི་འདྲའི་ཤེས་ཡོན་དང་ཆབ་སྲིད་གོ་རྟོགས་སོགས་ཡོད་པ་དེ་ནི་བོད་མིའི་གཟི་བརྗིད་རེད།
བློ་སེང་གི་རྨི་ལམ་དུའང་རྨིས་མ་མྱོང་བའི་བསྒྲགས་གཏམ་ཞིག རྒྱལ་གྱུར་ཅིག
མགོ་ལས་རྨ་ཆེ་བ་ཞིག མི་འོངས་བའི་རེ་བ་ཡོད།
ཨ་ཚོགས་ཀླུ་མཁར་བྱམས་ལགས་སྲིད་སྐྱོང་དུ་བཞེངས་པ།
https://www.youtube.com/watch?t=295&v=fEwgaAwaHao
ཀླུ་བྱམས་ནི། མི་ཤེས་པ་བཞིའི་འོག་ནས། སྲིད་སྐྱོང་དུ་ལངས་པ་རེད།
གཅིག རྒྱ་ནག་གི་དབང་ཤུགས་དང་། གདུག་རྩུབ་མི་ཤེས་པ།
གཉིས། བོད་ནང་གི་སྡུག་བསྔལ་དང་། ཉེན་འཚབ་མི་ཤེས་པ།
གསུམ། བཙན་བྱོལ་བའི་བཟོད་བསྲན་དང་། བདེ་སྡུག་མི་ཤེས་པ།
བཞི། རྒྱ་གར་གཞུང་གི་གུ་ཡངས་དང་། མཛད་དཀའི་སྲིད་བྱུས་མི་ཤེས་པ།
གཏམ་བཤད་འདི་ཆབ་སྲིད་འཛིན་སྐྱོང་ལ་འདུག་མཁན་ཞིག་གི་གཏམ་བཤད་མ་རེད།འདི་བོད་ཕྱི་ནང་གཉིས་ཀྱི་གཞོན་སྐྱེས་ཚོ་སྐད་འབོད་བྱེད་ཆེད་སེམས་ཤུགས་སྙིང་སྟོབས་བསྐྱེད་བྱེད་ལ་ཕན་ཐོག་གི་རེད།དེ་མིན་ཆབ་སྲིད་འཛིན་སྐྱོང་གི་འགན་ཁུར་མཁན་དང་།རྒྱལ་སྤྱིའི་སྟེང་སྐད་ཆ་བཤད་དགོས་མཁན་ཞིག་གི་ཆབ་སྲིད་ཀྱི་བསམ་བློ་མ་རེད།༣/༡༠དུས་དྲན་ལྟ་བུ་ལ་གཏམ་བཤད་འདི་འདྲ་བྱས་ན་ཡག་པོ་འདུག་པ་ལས་གཞན་ཅང་མི་འདུག
འོ་ཡ་ད་བཙན་བྱོལ་བ་རྫོགས་ན་ཏག་ཏག་རེད། བོད་དོན་རྩ་མེད་གཏོང་མཁན། སྒོར་མོ་དོན་གཉེར་ཆེ་མཁན། ཆོལ་ཆོས་རྩོད་ལ་གོམ་མཁན། རྒྱ་བོད་རྒྱུས་མངའ་མེད་མཁན། མགོ་སེར་རྐུབ་གཡོག་བྱེད་མཁན། བོད་མིའི་གཤིས་ཀ་མེད་མཁན། xx
ངས་ཀརྡོ་གཉེར་པ་ལ་གསལ་འདེབས་ཅིག་ཞུ་ན་བསམ་བྱུང་། གོང་དུ་ཁྱོད་ཀྱིས་ཀླུ་མཁར་བྱམས་ལ་མི་ཤེས་པ་བཞི་སྟོན་འདུག་པར། དོན་ཚན་དང་པོ་དང་གཉིས་པ་ཐད་ཁོང་བོད་ལ་སྐྱེས་ནས་བཙན་བྱོལ་ལ་མ་ཡོང་བར་དུ་གུང་བྲན་དབང་འོག་བསྡད་ཡོད་པ་དང་ཤེས་ཡོན་པ་ཞིག་ལ་མཐོང་ཐོས་མྱོང་གསུམ་ཡོད་པ་དང་། དོན་ཚན་གསུམ་པ་དང་བཞི་པ་གཉིས་ཐད་ལ་ཁོང་བཙན་བྱོལ་ལ་འབྱོར་ནས་ད་བར་ཕྱག་ལས་གང་ཙམ་གནང་ཡོད། ཕྱོགས་ཡོང་ནས་བསྡོམས་རྒྱག་ན་ཁྱོད་ཀྱིས་ཤེས་པར་ཀླུ་མཁར་གྱིས་ཤེས་མ་རེད་ཟེར་རྒྱུ་དེ་རེད་དམ། མངོན་སུམ་ལ་སྙོན་གདིང་མཁན་ཡིན་ན་མ་གཏོགས་གོང་གསལ་དོན་གནད་བཞི་ཐད་ཀླུ་མཁར་ལ་ཆ་རྒྱུས་གང་མཚམས་ཡོད་པ་མཐོང་གསལ་རེད།
ལུང་རྟོགས་ལགས་ བཙན་བྱོལ་ནང་མི་ཟད་སོང་ནི་མ་རེད་ཡ་ རང་བཙན་པ་རྫོགས་འགྲོ་ཡི་ཡོད་པའི་རྟགས་རེད་
ཀླུ་མཁར་བྱམས། འཇམ་དབྱངས་ནོར་བུ་དང་འཇིགས་མེད་ཨོ་རྒྱན། ཚེ་བརྟན་ལྷ་རྒྱལ་སོགས་རང་བཙན་རང་བཙན་ཟེར་མཁན་སྐོར་ཞིག་གི་ལག་འོག་ཏུ་ཚུད་པ་རེད། ཁོང་ཚོས་བཀའ་ཁྲིའི་འོས་འདེམས་ཁྲོད་རང་གི་ལངས་ཕྱོགས་དང་མཐུན་པའི་མི་ཞིག་ཡོང་ཐབས་བསམ་བློ་མང་པོ་བཏང་བ་རེད། འཇིགས་མེད་ཨོ་རྒྱན་ལ་རེ་བ་བྱས་ཀྱང་ཁོའི་བོད་ཕྱི་ནང་གི་ཤེས་ཚད་རེད། བོད་ཡིག་བོད་སྐད་ཀྱི་ཤེས་ཚན་ཤན་པ་ལས་ཀྱང་ཤན་པ་ཡིན་དུས་ལས་དོན་བསྒྲུབ་མི་ཐུབ་ཤེས། དེ་ནས་ཀླུ་བྱམས་བེད་སྤྱོད་ཡག་ཤོས་མཐོང་སྟེ་སྲིད་སྐྱོང་ལ་ལངས་བཅུག་པ་རེད། མདོར་བསྡུ་ན། ཀླུ་བྱམས་ཁོང་ཚོས་བེད་སྤྱོད་ཀྱི་རང་བཙན་དང་བོད་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་ཀྱི་གོ་སྐབས་མང་པོ་རེག་རྒྱུ་རེད། མཐར་འོས་མི་ཐོབ་པ་དེ་ཡང་ཤེས་ཤེས་པ་རེད།
ཀླུ་མཁར་བྱམས་དངོས་གནས་སྲིད་སྐྱོང་ལ་ལངས་བསམ་ན་ད་རེས་མ་ལངས་ན་ཡག གང་ཡིན་ཞེ་ན་ཁོང་གིས་བློ་སེང་ལ་ཁ་གཏད་གཅོག་ཐུབ་ཀྱི་མ་རེད་སྙམ། ངས་བསམ་བློར་བློ་སེང་སྐྱར་དུ་སྲིད་སྐྱོང་ལ་བཞུགས་རྒྱུ་ཕལ་ཆེར་ཐེ་ཚོམ་མེད། བློ་སེང་གིས་སྲིད་སྐྱོང་རིང་ལ་ཞབས་འདེགས་གང་འཚམས་སྒྲུབས་ཡོད་པ་མཁྱེན་གསལ་རེད། ཁོང་གིས་ཞབས་འདྲེན་བཞག་པ་བཤད་རྒྱུ་གང་ཡང་མི་འདུག དེའི་སྟོབས་ཀྱིས་བློ་སེང་ལ་སྐྱར་དུ་ཐོབ་མིན་ཐེ་ཚོམ་བྲལ། །
བོད་རང་བཙན་ལངས་ཕྱོགས་འཛིན་པ་ཀླུ་མཁར་བྱམས་ལགས་སྲིད་སྐྱོང་གི་འོས་མིར་བཞེངས་པར་དགའ་བསུ་ཞུ།
ད་དུང་བདེན་པའི་ཨུ་ཚུགས་དང་། རང་ཐག་རང་གཅོད་ཀྱི་ལྟ་གྲུབ་འཛིན་པའི་སྲིད་སྐྱོང་འོས་མི་བྱུང་ན་ཡག་པོ་འདུག
གསལ་པོ་བཤད་འདོད་བྱུང་བ་ཞིག་ལ། བོད་དུ་སྐྱེས་པའི་བོད་མི་རྒྱ་བོད་སྐད་ཡིག་དང་། རྒྱ་བོད་ཡིག་ཚང་། ད་དུང་རྒྱ་བོད་ཆབ་སྲིད་ཤེས་མཁན་འགའ་ཞིག་སྲིད་སྐྱོང་གི་འོས་མིར་ལངས་ན་ཡག་པོ་འདུག
དཱ་བཙན་བྱོལ་དུ་སྐྱེས་ཤིང་༧གོང་ས་མཆོག་གི་གཟིགས་སྐྱོང་འོག་འཚར་ལོངས་བྱུང་བའི་སྲིད་སྐྱོང་བློ་བཟང་སེང་གེ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་། བཀྲ་ཤིས་དབང་འདུས་གསུམ་དང་།
བོད་དུ་སྐྱེས་ཤིང་དམར་པོའི་དར་དམར་འོག་ནས་འཚར་ལོང་བྱུང་བའི་ཆབ་སྲིད་བཙོན་ཟུར་ཀླུ་མཁར་བྱམས་བཅས་སྲིད་སྐྱོང་འོས་མི་བཞི་འདི་དག་གི་ཆབ་སྲིད་ཤེས་ཚད་དང་། དོན་དམ་པའི་བོད་བཙན་པོའི་སྙིང་སྟོབས་ལྡན་པ་སུ་ཡིན་མཐོང་བའི་གོ་སྐབས་རེད།
ངས་མི་ཤེས་པ་བཞི་བཤད་དགོས་དོན་ནི། རང་བཙན་ཁ་ལ་འཁྱེར་ནས། སྲིད་སྐྱོང་འོས་མིར་ལངས་པ་ཙམ་གྱིས་སོ།།
གོང་དུ་མཆན་འགོད་པས་ཀླུ་མཁར་བྱམས་ལ་བསྟོད་སྨད་ཚད་ལས་འདས་པ་བྱས་འདུག དེ་དག་ནི་དྲང་པོ་རང་མ་རེད། བསྟོད་ར་ལ་ཚད་ཡོད་དགོས་ལ་སྨད་ར་ལའང་ཚད་ཡོད་དགོས། འུར་རྒྱབ་ནས་འོས་ཤོག་ཐོབ་ཀྱི་མ་རེད། དེ་བས་དོན་ལ་བསམས་ནས་སྐད་ཆ་བཤད་ན། གཞི་ནས་མི་དེའི་གནས་ལུགས་ངོ་མ་དེ་རྟོགས་ཀྱི་རེད། དྲང་པོར་བརྗོད་ན། ད་རེས་ཀླུ་མཁར་བྱམས་ལ་སྲིད་སྐྱོང་གི་རྐུབ་སྟེགས་ཐོབ་རྒྱུ་ནི། ཉི་མོའི་རྨི་ལམ་རང་རེད། དེར་རྒྱུ་མཚན་མང་པོ་ཡོད། དང་པོ་དེ། ཁོང་གི་ལང་ཕྱོགས་དེ་རང་བཙན་རེད། གཉིས་པ་དེ། འཛིན་སྐྱོང་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གོ་རྟོགས་སོགས་ཕྱོགས་མང་པོ་ཞིག་ནས་ཁོང་གིས་ཤེས་པ་ལས་མ་ཤེས་པ་མང་བ་ཡོད། གསུམ་པ། ཁོང་སྤྱི་ཚོགས་ཁྲོད་གླེང་གཞི་ཅན་གྱི་མི་ཞིག་ཆགས་ཡོད། དེས་ན། དེ་སྔོན་སྤྱི་འཐུས་ཀྱི་རྐུབ་སྟེགས་མི་ཐོབ་སར་སྲིད་སྐྱོང་གི་ཞབས་སྟེགས་དེ་ཐོབ་རྒྱུ་ཧ་ཅང་གི་ཁག་པོ་རེད། དེ་ཙམ་དུ་མ་ཟད། ཁོང་གོ་ཁ་གཏད་འོས་མི་རྣམས་ཕྱོགས་ཡོངས་ནས་ཀླུ་མཁར་ལས་ཤེས་འཇོན་གཉིས་ཐད་ནས་ཕུན་གསུམ་ཚོགས་པ་ཡོད། འོན་ཀྱང་། ཀླ་མཁར་བྱམས་ད་རེས་སྲིད་སྐྱོང་གི་འོས་མིར་ལངས་པ་དེས། བཙན་བྱོལ་སྤྱི་ཚོགས་ཀྱི་མང་གཙོའི་གནས་ཚད་དེ་ཅི་ཙམ་ཡིན་པ་ར་སྤྲོད་བྱ་ངེས་རེད།
ད་ལྟ་བར་དུ་སྲིད་སྐྱོང་དང་སྤྱི་འཐུས་ལངས་མཁན་ཚོས་ཁོ་རང་ཚོ་ལངས་དོན་མི་མང་གིས་བསྐུལ་མའི་འོག་ཡོང་བ་ཡིན་ལབ་ཀྱིན་པས་ཉོབ་ནས་བསྡད་ཡོད། ད་རེས་ཕོ་རྒོད་ཁྱེད་འདི་ལྟ་ལངས་ཡོང་པར་བཀྲ་ཤིས་བདེ་ལེགས་ཡོད།།
བཀྲ་ཤིས་བདེ་ལེགས་
མིའི་བུ་འདི་འདྲ་དཀོན་པོ་རེད། མི་དྲང་བ་དང་དཔལ་བ།
བཙན་བྱོལ་སྤྱི་ཚོགས་ནི་མང་གཙོའི་སྤྱི་ཚོགས་ཤིག་ཡིན་ལ། ཕྱོགས་ཞེན་གྱི་མུན་དོང་རིང་པོ་ཞིག་ནང་ལྷུངས་པའི་སྤྱི་ཚོགས་ཤིག་ཀྱང་ཡིན། ལྷག་པར་དུ་གཞས་ཆགས་ཚོ་ནི་དེ་བས་ཀྱང་ཕྱོགས་ཞེན་ཆེ། ཁོང་ཚོར་བོད་པའི་རྩ་དོན་ཐོག་ནུས་པ་འདོན་ཐུབ་མཁན་ཞིག་དགོས་ཀྱི་ཡོད་མ་རེད། ཁོང་ཚོར་གཞིས་ཆགས་ཁག་གི་དཀའ་ངལ་སེལ་མཁན་ཞིག་དགོས་ཀྱི་ཡོད་རེད།
དེ་འདྲ་སོང་ཙང་ཀླུ་མཁར་ཁྱེད་རྒྱལ་ཁ་འཐོབ་ཡ་དཀའ་ལས་ཁག་པོ་རེད་འདུག འོན་ཀྱང་ངས་བཤད་ཕོད་ལ་བསྒྲུབ་ཕོད་པའི་དཔའ་རྒོད་ཁྱེད་ལ་སེམས་གཏིང་ནས་རྒྱབ་སྐྱོར་ཞུ་གི་ཡིན་ལ་འོས་ཤོག་ཀྱང་འཕེན་གྱི་ཡིན།
རྒྱ་ཡིག་ཤེས་མཁན་དང་རྒྱ་ནག་ལ་རྒྱུས་ཡོད་མཁན་གཞོན་སྐྱེས་ཁོང་ལྟ་བུ་ཞིག་སྲིད་སྐྱོང་ཀྱི་འོས་མིར་ལངས་པ་འདི་གཟི་བརྗིད་དང་ཡར་རྒྱས་ལ་བརྩི་བཞིན་ཡོད།
བོད་པས་ཤོར་བ་དེ་རང་དབང་རེད། བོད་ལ་དགོས་ཡ་དེ་རང་དབང་རེད། བོད་ལ་མེད་པ་དེ་རང་དབང་རེད། བོད་པས་རྩོད་ཡ་དེ་རང་དབང་རེད། བོད་ལ་འཛོམས་རྒྱུ་དེ་གཞི་བྱེས་རེད།
དེས་ན་རང་དབང་རྩོད་པའི་མི་ལ་གུས་ཕྱག་འཚལ། ཀླུ་མཁར་བྱམས་ཁྱོད་འགྲིག་ཤག བོད་ཀྱི་རང་དབང་བརྩོད་དགོས་ན་ཀླུ་མཁར་བྱམས། བཙན་བྱོལ་གྱི་ཆོལ་ཁ་དང་ཆོས་ལུགས་འཁྲུགས་དགོས་ན་xxx སྤེན་པ་ཚེ་རིང་། འདྲ་པར་དང་སྟོང་གཏམ་ཁྱབ་བསྒྲགས་དགོས་ན་བློ་བཟང་སེང་གེ གཞིས་ཆགས་ཡར་རྒྱས་ཙམ་ལ་རེ་ན་བཀྲ་ཤིས་དབང་འདུས་བཟང་།
བོད་རྒྱལ་ཁབ་ཟེར་ན་འདྲ། མི་རིགས་ཟེར་ན་འདྲ། ཆོས་དང་རིག་གཞུང་ཟེར་ན་འདྲ། ཡོད་ཚད་ཆགས་ཆགས་འཇིག་གི་མཚམས་ལ་སླེབས་དུས་འདིར་ཀླུ་གར་བྱམས་ཀྱིས་སྟོང་གཏམ་བསྒྲགས་པ་དང་གསར་འབྱོར་ལྟོ་གོས་གནས་མལ་མ་ངེས་བའི་དྲ་འབུ་ཁག་ཅིག་ཡིད་འགུལ་ཐེབས་པ་ནི་བཙན་པའི་རྒྱལ་རབས་ཀྱི་མཐའ་མ་འུ་དུམ་བཙན་པོའི་བྱེད་སྟངས་དང་འདྲ་བས་དེ་ལ་གསེད་བཀྲོལ་དང་ཕུད་འདེད་བྱེད་རིན་མ་མཆིས། ཁོ་རང་གི་འཇོན་ཐང་ནི་རྡ་ཤོམ་ཁྲོམ་ནས་ཚོང་ཟོག་ཙག་ཙིག་མགོ་མཇུག་ཚང་བ་ཞིག་ཀྱང་ཉོ་མི་ཤེས་པ་དང་། ཟ་སྐད་འཐུང་སྐད་ཀྱི་དབྱིན་སྐད་དང་ཧིན་སྐད་ཙམ་ཡང་མི་ཤེས་པ། ….དོན་དངོས་ཐོག་སྲིད་སྐྱོང་ཕར་ཞོག་མི་བཅུའི་སྒང་གི་བཅུ་དཔོན་ཞིག་གི་འཇོན་ཐང་ཡང་མེད་པ་ཚང་མས་མཁྱེན་པ་དང་ཁོང་རང་ལ་ཡང་རྒྱུས་མངའ་ཡོད་པ་རེད། ད་ཐེངས་རང་ཉིད་ཁྱབ་བསྒྲགས་ཀྱི་གོ་སྐབས་ཡག་ཤོས་ཤིག་རེད་བསམ་ནས་ཡང་བསྐྱར་སྐྱབས་མགོན་རིན་པོ་ཆེར་སྐྱོན་འཛུགས་བྱེད་མགོ་ཚུགས་པ་ཙམ་རེད། རྡ་རམ་ས་ལའི་གྲོགས་པ་ཞིག་གིས་དེ་སྔོན་སྐད་ཆ་འདི་འདྲ་ཞིག་བཤད་མྱོང་། ཀླུ་གར་བྱམས་མདོ་སྨད་སྤྱི་འཐུས་ལ་ཐོབ་ནས་ཁོ་བོ་ངོ་ཚ་ནས་རང་ཤི་རྒྱག་དགོས་ཐུག་ས་རེད།
ངས་ཀླུ་མཁར་བྱམས་ཁོང་ལ་བལྟ་སྟངས་ནོར་འདུག ངས་ཁོང་ཉིད་འཐབ་བརྩོད་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ད་ཡིན་ན་ཁོང་ཉིད་སྤྱི་ཚོགས་བརྟན་ལྷིངས་བཀྲུགས་མཁན་ཞིན་ཡིན་པ་ར་འཕྲོད་བྱུང་། བཙན་བྱོན་ནང་མི་རྫོགས་པ་འདྲ། ཁོང་ཉིད་སྲིད་སྐྱོང་ལ་རེ་བ་སྤུ་ཙམ་ཡང་མེད་རུང་། ཅི་སྟེ་ཐོབ་པའི་དབང་དུ་བཏང་ན་ངས་དེབ་ལྗང་ཁུ་གཞུང་ཕྱོགས་ལ་རྩིས་འབུལ་ཞུ་རྒྱུ་ཡིན།
ད་ལྟའི་སོ་སོའི་འགན་དབང་དེ་བེད་སྤྱོད་ནས་སྤྱི་ཚོགས་ནང་ཞབས་འདེགས་ཞུ་མི་ཐུབ་མཁན་ཞིག་གི་བོད་མིའི་ཆབ་སྲིད་དབུ་འཁྲིད་(སྲིད་སྐྱོང་།) གནང་གི་ཡིན་ཟེར་ན་ཧ་ལམ་རྡ་སར་ཡོད་པའི་ཁྱི་ཞིག་གི་སོ་རྒྱབ་པ་མིན་འགྲོ། དེ་ལས་ང་བོད་མི་ཞིག་ཡིན་པའི་ཆ་ནས་ཁྱེད་ལ་ཞུ་ཡས་ལ།
ཀླུ་མཁར་བྱམས་ལགས་སེམས་བདེ་མོར་གྱིས་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ནང་ཞབས་འདེགས་ཞུས་ན་ཁྱེད་རང་གི་ལྟ་སྤྱོད་དང་ཤིན་ཏུ་ནས་འཚམས་པ་ཞིག་འདུག སེམས་ཟེར་བ་དེ་སྨྱོན་པ་རེད་ དེ་ལ་ངེས་པར་བདག་པོ་རྒྱག་དགོས། རང་སེམས་རང་གི་བཅུན་དགོས།
ཕ་རི་ལྕེ་བ་མེད། ཚུར་རི་སླེ་པོ་མེད། ཟེར་བ་བཞིན་ཆགས་ཡོང། སྤྱི་འཐུས་དཀྱུས་མ་ཞིག་སླེབས་མི་ཐུབ་མཁན་ཞིག་གི་སྲིད་སྐྱོང་ཧཧཧ
སྤྱིར་སྲིད་སྐྱོང་དུ་འོས་མིན་མི་ཤེས། ཡིན་ནའང་འདི་ལྟར་བྱས་ན། རྒྱ་མིར་བསམ་བློ་བཏོང་རྒྱུ་ཞིག་སྤྲད་འདུག་སྙམ།
དཔའ་བོ་ཀླུ་མཁར་བྱམས་སྲིད་སྐྱོང་ལངས་པར་དགའ་བསུ་དང་རྒྱབ་སྐྱོར་གཙང་མ་ཡོད། བོད་ཀྱི་ཤ་གཟན་གྲྭ་བའི་སྡེ་ལ་སྦོམ་ཞིག་རྒྱག་སོང་བསམ། རྒྱལ་ཁབ་དང་མི་རིགས་མི་དགོས་མཁན་ཚོར་ནམ་ཡང་འགྲམ་ལྕག་གཞུ་དགོས་རེད།
ཁ་སང་རྡ་རམ་ས་ལ་ནས་ཨ་མདོ་ནས་སྐྱེས་ཤིང་འཚར་བའི་ཤེས་ཡོན་ཅན་དང་མི་ཚུགས་ཡོད་པའི་རྒྱལ་གཅེས་པ་ཀླུ་མཁར་བྱམས་དང་།རྒྱ་གར་ནས་སྐྱེས་ཤིང་འཚར་ལོངས་བྱུང་བའི་མདོ་སྨད་ཕྱེད་ཀ་སྤེན་པ་ཚེ་རིང་གཉིས་སྲིད་སྐྱོང་འོས་མི་ཉིན་གཅིག་དུས་གཅིག་ལངས་པར་དགའ་བསུ་ཞུ། ཡིན་ཡང་བླུན་རྨོངས་སྤྱི་ཚོགས་འདིའི་ནང་དུ་དངོས་དོན་ལས་རྫུན་མ་དང་། དཔའ་བོ་ལས་ཁྲམ་པ་ལས་བྲིན་རྐྱེན་རང་བཙན་མི་དགོས་ལབ་ན་ད་དུང་བོད་མི་ཚོར་ཚོར་བ་མེད་པར་གཡམ་རྒྱུགས་སྨྱོན་ལབ་དགའ་བའི་དུས་ངན་འདིར་ཀླུ་མཁར་བྱམས་ཀྱི་མི་རིགས་འདི་ལ་རེ་བ་ཞིག་འཁྱེར་ནས་ཡོང་ན་ཡང་སྤྱི་མཐུན་གྱི་བསོད་ནམས་ཟད་པའི་སྤྱི་ཚོགས་འདི་ལ་རེ་བ་ཞིག་མེད་ངེས་སྙམ།
འོས་མི་ལངས་བའི་གསར་བསྒྲགས་ཉིན་གཅིག་ཏུ་མ་སྒྲིག་ལྷུན་གྲུབ་ལྟ་བུ་བྱུང་འདུག
ཀླུ་མཁར་བྱམས་སྲིད་སྐྱོང་འོས་མི་མི་ཐོབ་པ་དེ་ཁོ་རང་གིས་ཀྱང་གསལ་གསལ་ཐིང་ཐིང་ཧ་གོ་ཡི་ཡོད་རེད། དེ་ན་ཁོང་ག་རེ་བྱས་ནས་ལངས་པ་རེད་ཟེར་ན། དེ་ནི་ཁོས་ད་ལྟའི་མི་རབས་གསར་བའི་གཞོན་སྐྱེས་ཚོའི་ཆབ་སྲིད་ལངས་ཕྱོགས་ལ་ཚོད་ལྟ་ཞིག་བྱེད་གི་ཡོད་རེད། ཁོང་ལ་འོས་འཕེན་པ་དེ་དོན་གྱིས་རང་བཙན་ལ་འོས་འཕང་པ་དང་གཅིག་པ་རེད། གནད་དོན་གཉིས་པ་དེ་ནི། ད་ལྟའི་རུལ་སུང་གྱི་བཙན་བྱོལ་སྒྲིག་འཛུགས་འདིས་གནད་ལ་ཁེལ་བའི་བོད་དོན་ཐབས་རྩོད་རྣོ་ངར་ལྡན་པ་ཞིག་སྤེལ་དགོས་པ་ལས་ལྷ་འདྲེ་གདོན་དགེགས་རྩད་བསྡད་ན་མི་འགྲིག་པས་ཐ་ཚིག་ཅིག་བསྒྲག་གི་ཡོད་རེད། མདོར་ན་སྲིད་སྐྱོང་སུ་ཐོབ་ན་དེ་ལ་གོ་བརྡ་ཞིག་སྤྲོད་གི་ཡོད་ས་རེད་དྲན་སོང་།
རང་བཙན་འཐབ་རྩོད་པ་ཀླུ་མཁར་བྱམས་ལགས་སྐབས་གཉིས་པའི་སྲིད་སྐྱོང་འོས་མི་ལངས་བའི་གསལ་བསྒྲགས་བསྐྱངས་པར་རྟེན་འབྲེལ་དང་སྦྲགས་རྒྱབ་སྐྱོར་ཡོད།
རང་རེའི་སྤྱི་ཚོགས་ནང་དྲང་ཚུགས་དང་སྒལ་ཚུགས་ཀྱི་སྐད་ཆ་ལ་ལོག་བཤད་དང་ལོག་འགྲེལ་རྒྱག་མཁན་ཡོད་པ་འདིས། སྤྱི་ཚོགས་འདིའི་མིའི་བསམ་བློ་ཡར་རྒྱས་མེད་པ་དང་གཞན་དབང་བསམ་བློ་ཡིན་པའི་བདེན་དཔང་བྱས་པ་ལས་གཞན་གང་ཡང་མཆིས།
རང་བཙན་འཐབ་རྩོད་པ་ཀླུ་མཁར་བྱམས་ལགས་སྐབས་གཉིས་པའི་སྲིད་སྐྱོང་འོས་མི་ལངས་བའི་གསལ་བསྒྲགས་བསྐྱངས་པར་རྟེན་འབྲེལ་དང་སྦྲགས་རྒྱབ་སྐྱོར་ཡོད།
རང་རེའི་སྤྱི་ཚོགས་ནང་དྲང་ཚུགས་དང་སྒལ་ཚུགས་ཀྱི་སྐད་ཆ་ལ་ལོག་བཤད་དང་ལོག་འགྲེལ་རྒྱག་མཁན་ཡོད་པ་འདིས། སྤྱི་ཚོགས་འདིའི་མིའི་བསམ་བློ་ཡར་རྒྱས་མེད་པ་དང་གཞན་དབང་བསམ་བློ་ཡིན་པའི་བདེན་དཔང་བྱས་པ་ལས་གཞན་གང་ཡང་མ་མཆིས་སོ།
བོད་རང་བཙན་ཡིན་ཟེར་ན་དབུས་བོད་མིའི་སྒྲིག་འཛུགས་དང་རྒྱལ་བ་རིན་པོ་ཆེའི་བཀའ་འགའ་ཚུལ་བཤད་ནས་མི་དེ་ས་དུང་ནང་གཡུག་ཀི་འདུག ངོ་མ་ཡ་རེ་མཚར། གུང་བྲན་ཏང་གི་དར་དམར་འོག་འཛུལ་གྱི་ཡིན་ཟེར་ནས་དེབ་ལྗང་ཁུ་ལ་ཁྲལ་བསྡུ་ཀི་འདུག རྒྱ་བོད་དཀའ་རྙོག་རྒྱ་དང་མི་རྩོད་ནུབ་ཕྱོགས་མི་ལ་རེ། ཁ་དགྲ་ལ་མི་གཏོད་ཕུ་ནུ་ནང་ལ་རྩོད། མདོར་ན་གཞིས་བཞུགས་བོད་མི་རྣམས་ལ་ཁ་གསལ་བཟོས་མ་གཏོགས་གྱོང་ཚང་མ་རག་ཀི་འདུག་་་་་ད་རེས་བོད་དེ་བོད་མིའི་རང་ལག་ཏུ་དགོས་ན་ཀླུ་མཁར་འགྲིག གཞན་ཉི་མ་དྲོན་མོ་གསོ་ནས་ཚིལ་ཇ་འདྲ་འཐུང་བསྡད་ལ་དགའ་ན་སྔོན་བཞིན་གྱིས།
ད་ལན་གཞོན་ནུ་ལྷན་ཚོགས་ལ་ནུས་པ་གང་འདྲ་འདུག་ལྟ་རྒྱུ་རེད། དར་དམར་མེ་ལ་སྲེག་མཁན་རྒྱ་མིའི་གཞུང་ཚབ་ཁང་དུ་ཕྱིན་ནས་རང་སྐད་སྒྲ་སྒྲོག་མཁན་དེའི་རིགས་ལ་ནུས་པ་ཡོད་མེད་བལྟ་རྒྱུ་རེད། ཡང་ན་ད་ལན་དབུ་མ་དང་རང་བཙན་གཉིས་དབར་ལ་དམ་བཅའ་འཇོག་རྒྱུ་རེད་འདུག
ཀླུ་བྱམས་ལ་སྲིད་སྐྱོང་གི་འོས་ཐོབ་པ་ཡིན་ན་ངའི་སྐེ་བཅད་ནས་གོམ་པ་བདུན་རྒྱབ་གི་ཡིན་དེ་ངའི་དམ་བཅའ་ཡིན་
གཡུ་བྲག་པས་་བཤད་པར་བློ་བབ་ཡོད། སྐབས་གསུམ་པའི་སྲིད་སྐྱོང་གི་ཁ་ཕྱོགས་ཞིག་ཀྱང་མཚོན་ཐུབ་ན་བསམ་གྱིན་འདུག།
ད་ཁ་རྒྱགས་པ་ཡོད། ཨ་ཚོགས་ཀླུ་མཁར་བྱམས་ལགས་ལ་སྲིད་སྐྱོང་ཐོབ་སོང་ན། སྐེ་གཅོད་ཀྱི་ཡིན་ཟེར་མཁན་དང་། དེབ་ལྗང་ཁུ་མེར་བསྲེག་གི་ཡིན་ལབ་མཁན་འདི་ཚོ་བོད་ནང་འགྲོ་འགྲོ་ཆོག་ཆོག་ཡོད་པའི་ཨ་མདོ་བ་རེ་ཟུང་་ཡིན་ས྄་རེད། བོད་རང་བཙན་ལ་ངོ་རྒོལ་གནང་གི་ཡོད་མདོག་མདོག་གིས་རྒྱ་གཞུང་ནས་དངུལ་ཟ་བསམ་གྱི་ཡོད་སྲིད་མོད། རྒྱ་གཞུང་དེ་འདྲའི་ལས་སླ་བོ་ཡོག་མ་རེད་ད།
བདེན་པའི་ཕོ་ཉ་ཟེར་བ་འདིས་རྙོག་གཏམ་ནམ་མཁར་མི་ཤོངས་བ་ཞིག་བཤད་དེ། རང་མགོ་རང་གིས་གཅོད་བགྱིས་ཡིན་ན་གཅོད་རོགས་གནོངས།སུས་ཀྱང་བཀག་འགོག་བྱེད་ཀྱི་མེད། ཀླུ་མཁར་བྱམས་སྲིད་སྐྱོང་ལ་གཙོ་གནད་མ་རེད། གཞོན་སྐྱེས་ཚོར་བློ་སྐྱེད་གསར་བ་ཞིག་དང་བསམ་བློ་གསར་བ་ཞིག་རག་ན་དེ་གས་འགྲིག་པ་རེད།
བློ་བཟང་སེང་གེས་ཞབས་འདྲེན་ཞུས་པའི་སྐད་ཆ་དེ་ན་འདུག ཨ་རིའི་ཚགས་ཤོག་གྲགས་ཅན་ཞིག་རེད། གཤམ་གྱི་དྲ་རྒྱའི་སྦྲེལ་ཐག་བརྒྱུད་ནས་ལྟ་ཐུབ། ཚང་མས་བསམ་ཚུལ་འདོན་ཐུབ་ན་བཟང་།
http://www.washingtontimes.com/news/2015/jul/10/maura-moynihan-tibet-china-same-washington-lobbyis/
བདེན་པའི་ཕོ་ཉ་ལགས། བོད་རང་བཙན་བཤད་པ་དང་ཀླུ་མཁར་བྱམས་སྲིད་སྐྱོང་ཐོབ་ན་ཁྱེད་རང་མགོ་བཅད་དགོས་པ་ངོ་མ་ཡ་མཚན་རེད། འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་ངོ་མ་དེ་རེད། གདན་ས་སེ་འབྲས་དགེ་གསུམ་ན་སྦྲུལ་དང་སྦལ་བ་གཉིས་ཀ་ཡོད་པ་རྒྱ་གར་གསང་གཞུང་དང་བོད་གཞུང་བདེ་སྲུང་ལ་གསལ་ངེས་རེད། ལྷག་པར་མཚམས་རེར་ཁྱེད་ཚོ་ཆོས་པ་ལས་ཆབ་སྲིད་དང་འབྲེལ་བ་མེད་མདོག་མདོག་བྱས་ནས་རྒྱ་ནག་གཞུང་ཚབ་ལ་ཁས་ལེན་མགོ་འདོགས་སྣ་ཚོགས་བྱས་ནས་བོད་ནང་དུ་གང་འདོད་འཁྱམ་ནས་ལས་ཀ་གཅིག་དང་འགན་ཞིག་ཡོད་པ། ཡང་མཚམས་རེར་རྒྱ་གར་ཚུར་དུ་ཡོང་ནས་༧གོང་ས་མཆོག་ལ་དད་པ་ཡོད་མདོག་གིས་ཆོལ་ཁ་ཆོས་ལུགས་བར་དཀྲུགས་ཤིང་དང་ལྷག་པར་དགྲ་བོའི་མིག་ནང་གི་ཚེར་མ་བོད་རང་བཙན་རྩོད་མཁན་ཚོ་ལྟ་ལོག་ལྟོས་ངན་ཡིན
པའི་ལས་ཤིག་བརྩམས་བཞིན་རྒྱ་དམར་གྱི་འདོད་ཐོག་ལ་བབ་པའི་བྱ་ངན་ཅི་ཞིག་བྱས་བཞིན་པ་ང་ཚོས་མཁྱེན་གསལ་ཡིན། ལྷག་མཚོན་དྲང་བདེན་ཕོ་ཉ་ཁྱེད་ལྟ་བུ་དྲ་འབུ་ལ་བརྫུས་ནས་བཙན་བྱོལ་ནང་དམིགས་ཡུལ་ཡོད་པའི་ལས་འགན་ག་རེ་ཡོད་པ་ཤེས་ཡོད།རྒྱ་དམར་གྱི་དངུལ་དང་བོད་རང་བཙན་ནག་བསུབ་ཆེད་ཁྱེང་རང་བསླངས་ལ་མ་བུད་ན་ཡག་པ་སྔོན་བརྡ་ཡིན།
གོང་ན་བཀྲ་ཤིས་ལགས་ཀྱིས་འབྲེལ་ཐག་ཅིག་བཏང་ཡོད་པ་དེ་ན་སྐུ་ངོ་བློ་བཟང་སེང་གེ་ལགས་ཀྱི་ངན་ཇུས་ཤིག་ཨ་རིའི་ཚགས་ཤག་སྐད་གྲགས་ཅན་ཞིག་ཏུ་བཀོད་འདུག་གོ
གུས་པས་རང་བཙན་བཤད་ན་རང་མགོ་བཅོད་རྒྱུ་བཤད་མེད་སྤྱི་ཚོགས་ཐོག་དཀྲུག་ཤིང་རྒྱབ་མཁན་དང་བཙན་བྱོལ་སྒྲིག་འཛུགས་ལ་མི་དགའ་བ་རང་གི་རྩ་བའི་བླ་མར་དད་ལོགས་ཅན་སྲིད་སྐྱོང་ལ་ཐོབ་པ་ཡིན་ན་ངས་སྐེ་བཅོད་རྒྱུའི་དམ་བཅའ་ཡིན་ཟེར་བཤད་ཡོད་གོ་བ་ཡག་པོ་ལོན་ནས་སྐད་ཆ་ཤོད་
སྤྱི་ཚོགས་ཀྱི་དགེ་སྐྱོན་མ་སངས་ནས་ང་ཚོ་གནས་འདི་ལ་ལྷུང་བ་རེདཡ།དགེ་སྐྱོན་བཤད་དགོས་པ་དེ་༧ གོང་ས་ཏཱ་ལའི་བླ་མའི་དགོངས་གཞི་ཞིག་རེད། ཁྱེད་རང་མགོ་རྒྱ་མི་ལ་མ་གཏོད་དང་འགྲིགས། བོད་དང་རྒྱལ་བའི་ཆེད་ཤི་མི་ཐུབ་པ་ཞིག་ཡིན་པ་ལྷང་ལ་བུད་སོང་ང། རྒྱ་ནག་གཞུང་ཚབ་ཀྱི་པ་སི་དང་ཁ་པར་ཨང་དེ་བདག་པོ་བརྒྱབ་མ་གཏོགས་གྲོད་ཁོག་ལྟོགས་ཡོང་། ཀླུ་མཁར་བྱམས་སྲིད་སྐྱོང་ཡོང་དུས་ཁྱེད་ཚོ་ཐེངས་དང་བོ་བཟོ་ལྟ་བཟོས་ཀྱི་རེད་ད།
བདེན་པའི་ཕོ་ཉ་ལགས་ཁྱེད་རང་གིས་མགོ་གཅོད་རྒྱུའི་ཆ་རྐྱེན་དེ་དག་རྒྱ་ནག་གི་དཔོན་རིགས་དེ་ཚོར་ཚང་འདུག་པས་མགོ་གཅོད་མི་དགོས་སམ།
གུས་པར་རྒུ་ནག་གཞུང་ཚབ་གི་པ་སི་དང་ཁ་པར་ཨང་གྲངས་ཀྱང་མེད་ལ་གུས་པ་ནི་བཙན་བྱོལ་སྒྲིག་འཛུགས་ལ་ཡིད་ཆེད་བློས་འཁེལ་དང་ད་བར་མི་ལོ་བཅུ་དྲུག་ལྷག་བཙན་བྱོལ་སྤྱི་ཚོགས་ནང་ལས་སྣེ་གང་མང་བྱེད་མྱོང་བའི་མི་ཞིག་ཡིན
ད་དུང་ཡང་བཙན་བྱོལ་སྒྲིག་འཛུགས་གཏོར་ཤིག་གཏོང་མཁན་རིག་ལ་ཁ་གཏད་དུ་ལང་གི་ཡིན་ཧ་གོ་སོང་བས་
བདེན་པའི་ཕོ་ཉ་ཟེར་བ་ཅི་འདྲའི་བྱབ་ཆུང་ཞིག་རེད་འདུག ཁྱོད་ཀྱི་མགོ་བོ་གཅོད་ཆོག་ཆོག་ཡིན་ན་སྲིད་དབང་སྒེར་གཅོད་བྱེད་མཁན་གཞུང་རྒྱུ་ལྐོག་ཚོང་བྱེད་མཁན་ཚོའི་མདུན་ནས་ཆོད་དང་ཁྱོད་ཀྱི་མགོ་ལ་རིན་ཐང་ཏོག་ཙམ་ཡོད་རེད། སྲིད་དབང་སྒེར་གཅོད་དང་གཞུང་རྒྱུ་ལྐོག་ཚོང་གང་ན་བྱས་འདུག་ཟེར་ན་གོང་གི་འབྲེལ་ཐག་དེའི་ཁ་ཕྱེས། དད་པ་ཟེར་བ་དེ་སྒེར་དོན་རེད། ཁྱོད་ཀ་དེར་ཇུས་གཏོགས་བྱེད་ཁེ་དབང་ཡོད་མ་རེད། རང་བཙན་ཟེར་བ་འདི་ལོ་རྒྱུས་ཀྱིས་གནང་བའི་ཐོབ་ཐང་རེད། ཁྱོད་འདྲ་བ་དག་གིས་ལོ་བཅུ་ཕྲག་རེར་རྐུབ་སྟེགས་ཤིག་སྲུང་བ་བསྡད་པས་ད་ལྟའི་འུ་ཚོའི་སྤྱི་ཚོགས་འདི་ལྟར་རུལ་སུང་ཅན་དུ་འགྱུར་བཞིན་པ་མིག་མཐོང་ལག་ཟིན་བྱེད་ནས་ཡོང་གི་འདུག་གཱ
བདེན་པ་ཕོ་ཉ་ཟེར་བ་འདི་འདྲའི་བྱབ་ཆུང་ཞིག་ བོད་པར་ཁྱོད་འདྲ་བ་ཡོད་ཙ་ན། ད་ལྟ་འདི་འདྲའི་གནས་སུ་ལྷུང་བ་རེད། ཁྱོད་ཀྱིས་ཁ་གཏད་ལངས་ས་དང་། མགོ་བོ་བཅད་ས་ཕ་རོལ་པོ་ཡིན་པ་གཏན་ནས་ཤེས་མེད་ཚོད། དེ་འདྲ་ལ་རྒྱལ་ཚོང་པ་ཟེར།
ངེས་པར་དུ་ཐོབ་མིན་གང་འདྲས་ཀྱང་བརྩོད་དགོས་ཡ་རང་བཙན་བསྒྲུབ་དགོས་ཡ་མཐུན་བསྒྲིལ་རེད། དེས་ན་ཁོང་ལ་བསམ་བློ་དེ་ཡོད་རེད་དེ་བཤད་པ་ཙམ་མ་རེད་དངོས་སུ་མཐོང་ཟིན་པ་རེད། དེ་མིན་ཁྱི་སྤྱང་ཚང་མ་བཙན་བྱོལ་བའི་ཁྲབ་སྟོན་པ་ཤ་དག་རེད་དོ།།
བདེན་པའི་ཕོ་ན་མིང་ཅན་འདིའི་རིགས་ལ་དངོས་གནས་ཡིད་སྐྱོ་ཡོང་གིན། ཁྱེད་ཀྱི་རྩ་བའི་བླ་མ་ལ་མཚན་སྨད་དང་སྐུ་འདེབས། ངན་སྨྲ་དང་སྡིག་སྐུལ་བྱེད་མཁན་ནི་རྒྱ་ནག་དམར་པོའི་གཞུང་འཛིན་གྱི་མི་སྣ་ལས་སྡུག་བ་ཞིག་ས་སྟེང་འདི་ན་མེད། འོན་ཀྱང་ཁོ་ཚོར་ཚིག་ངན་ཙམ་གྱི་བཤད་ནུས་ཀྱི་མེད་ལ་ཁོ་ཚོ་སར་ཁྱེད་སྡུག་ཤི་རྒྱབ་མི་ཐུབ་པར་བོད་མི་ནང་ཁུལ་ཚིག་ཁ་མཐོ་དམན་རེ་གཉིས་བཤད་པར་སེམས་གནག་དང་སྡུག་སྐད་འདི་འདྲ་རྒྱབ་དགོས་དོན་ཅི་ཡིན་ནམ། དོལ་རྒྱལ་དོལ་རྒྱལ་ལབ་པ་རེད་མ་གཏོག་ཁྱེད་ཚོའི་ཁོག་ཏུ་རྒྱ་འདྲེ་ཞུགས་སྡོད་པ་མིན་ན་ཅི་ཡིན།
རྒྱལ་གཅེས་པ་ཀླུ་མཁར་བྱམས་ལགས་གྲྭ་ས་གྲྭ་ཚང་ཁག་ཏུ་གཏམ་བཤད་ངེས་པ་ཏུ་ཕེབས་ཐུབ་དགོས་ངེས་རེད། དགེ་འདུན་པ་ཚོའི་སྐུ་མདུན་དུ་དྲང་བདེན་དང་རྒྱུ་འབྲས་རྩ་བའི་རྩེ་ལ་བཞག་ནས་བོད་རྒྱལ་ཁབ་ཀྱི་ཆེད་དུ་ཁོང་གི་འདོད་ཚུལ་གང་ཡོད་པ་རྣམས་གསལ་བཤད་བྱས་ན་འོས་བསྡུའི་རྒྱལ་ཁ་འཐོབ་པའི་རེ་བ་ཆེན་པོ་ཡོད། ལྷག་པ་ཏུ་ཧྲེ་ཧོར་ཁམས་པའི་གྲྭ་དམངས་ཀྱི་ནང་དུ་རྒྱལ་གཅེས་པ་དང་དྲང་བདེན་ཅན་ལ་དགའ་མཁན་མང་། ཀླུ་ལགས་་་་བཀྲ་ཤིས་བདེ་ལེགས་ཡོད། ཁྱོད་ཀྱིས་བཙན་བྱོལ་བོད་གཞུང་སླར་གསོ་བྱེད་ཀྱི་ཡིན་ཟེར་བའི་སྐད་ཆ་དེར་གོ་བྱུང་། ཐུགས་རྗེ་ཆེ།
སྤྱིའི་ཆ་ནས་ཤེས་ཡོན་པའི་སྡེ་ནས་རྒྱལ་གཅེས་པ་ཀླུ་མཁར་བྱམས་ལགས་སུ་རྒྱབ་སྐྱོར་ཡོད་པར་དྲ་ལམ་འདི་ལ་བལྟས་པ་ཙམ་གྱིས་ཤེས་ཐུབ་པ་ཞིག་རེད་འདུག ཤེས་ཡོན་ཅན་ཚོས་རྒྱལ་གཅེས་པ་ཁོང་ལ་རྒྱབ་སྐྱོར་ཐོབ་ཀྱི་ཡོད་པ་འདི་ནི་ཡག་རྟགས་ཤིག་རེད་ལ་་་་རྒྱལ་ཁ་ཞིག་ཀྱང་རེད།
མི་ངན་ཁྱེད་ཚོ་ཡི་རང་བཙན་ལེན་པ་ཡིན་ན་ཉི་མ་ནུབ་ནས་ཤར་ཡོང་
དེ་ལས་དབུ་མའི་ལམ་ལ་མཐུན་སྒྲིལ་བྱས་ན་ལེགས་
རྒྱ་ཁྱི་ཁྱེད་ཚོས་ལོ་རྒྱུས་ལ་ནག་བསུབ་དང་གཤིན་པོའི་རྣམ་ཤེས་ཀྱི་བླ་ཚོང་བ་ལས་དོན་དངོས་གང་ཡིན་པ་བསྒྲུབ་ན་ཡག་ག དབུ་མའི་ལམ་ཁས་མི་ལེན་མཁན་རྒྱ་དམར་རེད། དེ་ཚོར་ཤོད་བོད་མི་ནང་ཁུལ་་མ་རེད
ང་ནི་ཀླུ་མཁར་བྱམས་རྒྱུས་མེད། གོང་གི་མཆན་ཞིག་ནང་འཁོད་གསལ་ལྟར་བྱས་ན། ཀླུ་མཁར་བྱམས་ཀྱིས་ཨིན་སྐད་དང། རྒྱ་གར་སྐད་ཁུངས་ལུང་ཚང་བ་ཞིག་ཀྱང་ཤེས་ཀྱི་མེད་ཚོད། དེ་འདྲ་དངོས་འབྲེལ་ཡིན་ན་སྲིད་སྐྱོངའོས་མིར་ལངས་མཁན་དང། འོས་མི་ལངས་རྒྱུར་རྒྱབ་སྐྱོར་བྱེད་མཁན་གཉིས་ཀས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཞབས་སྟེགས་ལ་མཐོང་ཆུང་བྱས་པ་མ་རེད་པས།
ལྷ་སའི་བུ་ལགས། རྒྱ་དང་ཨིན་ཇི་ཚོའི་སྲིད་སྐྱོང་འདེམ་རྒྱུ་མ་རེད། བོད་ཀྱི་སྲིད་སྐྱོང་འདེམ་གྱི་ཡོད་པ་དེ་ཤེས་པ་བགྱི།
མཆན་11པ། རྩེད་མོ་ཞིག་ཞུ་ན།
ཀླུ་བྱམས་ནི། ཤེས་པ་བཞིའི་འོག་ནས། སྲིད་སྐྱོང་དུ་ལངས་པ་རེད་འདུག
གཅིག རྒྱ་ནག་གིཆབ་སྲིད་ཤེས། རྒྱ་ནག་གི་དབང་ཤུགས་དང་། གདུག་རྩུབ་འོག་ནས་མཚར་ལོང་བྱུང་བ་རེད།
གཉིས། བོད་ཀྱི་གནས་ཚུལ་ཤེས། བོད་ནང་གི་སྡུག་བསྔལ་དང་ཉེན་འཚབ་ཉམས་སུ་མྱོང་ནས་བཙན་བྱོལ་དུ་བྲོས་པ་རེད།
གསུམ། བཙན་བྱོལ་བའི་གནས་སྟངས་ཤེས། བཙན་བྱོལ་པའི་བཟོད་བསྲན་དང་། བདེ་སྡུག་ཤེས་ནས་སྙིང་སྟོབས་སྦར་བ་རེད།
བཞི། རྒྱ་གར་གྱི་གནས་སྟངས་ཤེས། རྒྱ་གར་གི་གུ་ཡངས་ལོངས་སུ་སྤྱོད་པ་དང་། མཛད་དཀའི་སྲིད་བྱུས་ལ་རིན་ཐང་གཞལ་བ་རེད། ངས་ཀླུ་བྱམས་མི་ཤེས། ལྷག་བསམ། མི་གཤིས། ཤེས་ཡོན། འཇོན་ཐང་སོགས་སོ་སོ་རེད། འོས་ཤོག་བླུགས་པའི་ཐོབ་ཐང་ཡང་མེད་མོད། རྩེད་མོ་ཅུང་ཟད་ཞུ་ཐལ་བའོ། །་
དྲི་མེད་སེམས་ཀྱི་གཞུ་མོ་ཀློང་ཡངས་ནས།།
དྲི་མེད་གཏན་ཚིགས་གཏམ་གྱི་མདའ་མོ་འཕངས།།
ཀ་བ་རྡོ་བརྩེགས་ཨ་འཐས་སྲ་ན་ཡང།།
མདེའུ་གཅིག་གིས་རྡུལ་ཕྲན་ཕུང་པོར་ལྷགས།།
ལྷ་སའི་བུ་་་་་་འཇར་པན་རྒྱལ་ཁབ་ཀྱི་སྲིད་བློན་ཤིང་ཟོ་ཨ་བྷན་ལགས་ཀྱིས་ཨེན་སྐད་ཤེས་ཀྱི་རེད་དམ། བྱང་ཀོ་རི་ཡའི་སྲིད་འཛིན་ཁན་ཅུང་ཝན་ལགས་ཀྱིས་ཨེན་སྐད་ཤེས་ཀྱི་རེད་དམ། ཡུར་གེར་བའི་གཙོ་མཛད་ར་བྷི་ཡ་ལགས་ཀྱིས་ཨེན་སྐད་ཤེས་ཀྱི་རེད་དམ།
འཛམ་གླིང་འདིའི་ཐོག་ཏུ་རྒྱལ་ཁབ་ཁག་གི་སྲིད་འཛིན་མང་པོས་ཨེན་སྐད་ཤེས་ཀྱི་མེད་པར་འགྲིག་འགྲོ་དུས་བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་འཛིན་གྱིས་ཀྱང་ཨེན་སྐད་ཤེས་དགོས་པས་རྒྱུ་མཚན་ཅང་ཨེ་ཡོད་ན།
སྔོན་མ་ང་ཚོ་གསར་འབྱོར་བ་ཐོག་མར་བསླེབས་དུས་གཞི་ཆགས་ཁག་གིས་ཕོ་གསར་མོ་གསར་ཚོས་བོད་སྐད་དང་ཨེན་སྐད་འདྲས་མ་ཞིག་བརྒྱབ་ནས་མཁས་མདོག་དང་འཇོན་མདོག་སྟོན་གྱི་རེད། ང་ལྟ་བུ་གསར་འབྱོར་བ་ཚོས་ཨེན་སྐད་དང་ཧན་སྐད་མི་ཤེས་དུས་མཐོང་ཆུང་དང་ཁྱད་གསོད་གང་མང་ཁུར་ནས་ཡོང་བ་རེད།
ཡིན་ཀྱང་་ཞབས་འདྲེན་ངོ་མ་དེ་ནི་བོད་གངས་པའི་མ་སྐད་མི་ཤེས་མཁན་དེ་ཚོ་རེད་འདུག མ་སྐད་ཤེས་ཚོད་ཡག་པོ་མེད་པའི་མི་ཞིག་ཡིན་ན་མཁས་དབང་མིན་པའི་ཁྱབ་ཟེར་ནའང་འགྲིག་གི་རེད།
སྐད་ཡིག་ཤེས་མ་ཤེས་ལ་ཁྱད་པར་གང་ཡང་མེང་གཙོ་བོ་ལྷག་བསམ་རེད་
མདོ་སྨད་སྤྱི་འཐུས་ལ་འོས་གསུམ་རྒྱ་ལྷག་ལས་མི་དགོས་ཀྱང་སྤྱི་འཐུས་ནང་
,སླེབས་མི་ཐུབ་པའི་གང་ཟག་ཞིག་སྲིད་སྐྱོང་ལ་གད་མོ་ཤོར་བའི་རྒྱུ་རེད་
བཙན་བྱོལ་ནང་མདོ་སྨད་པ་མང་པོ་མེད་པའི་སྒང་ལ་མང་ཆེ་བ་ཆོས་དད་རྨོངས་དད་ཆེ་བས་ཁོང་ལ་མ་བླུགས་པ་རེད། སྲིད་སྐྱོང་ལ་ཆོལ་ཁས་གསུམ་གས་བླུགས་ཀྱི་རེད་དེའི་ནང་ནས་ཀྱང་ཆོས་ལུགས་ལས་རྒྱལ་ཁབ། བླ་མ་ལས་མི་རིགས། ཞབས་བརྟན་ལས་ཆབ་སྲིད་ཀྱི་ལས་ཀ། དབང་ལུང་ལས་ཆབ་སྲིད་ཀྱི་ཚོགས་འདུ། ལྷ་འདྲེ་ལས་མི་དང་མིའི་དབར་ལ་གཙོར་གནད་འཛིན་ཅིང་དགའ་མཁན་གྱི་གཞོན་སྐྱེས་ཚོས་ཁོང་ལ་འོས་འཕེན་གྱི་རེད་པ། ད་ལན་གཞོན་ནུ་ལྷན་ཚོགས་ཀྱིས་ཤུགས་བརྒྱབ་ན་གཞོན་ལྷན་གྱི་ཚོགས་པ་འདི་བཞིན་སྲ་བརྟན་དུ་གནས་པ་དང་ནང་ཁུལ་འཐོར་ཞིག་ཏུ་མི་འགྲོ་བའི་དགེ་ཕན་ཡོད་རེད།
གཞོན་ལྷན་ལ་རེ་བ་ཁོང་རང་ཚོ་ཤོག་ཁག་གཉིས་ཆག་ནས་
དཀའ་ངལ་ནང་ལྷུང་ཡོད་པས་ཀླུ་བྱམས་རེ་བ་མ་བྱེད་
ཀླུ་བྱམས་ལགས་ཀྱི་བསྒྲགས་གཏམ་དེས་བོད་བཙན་པོའི་བུ་ཚ་ཞིག་བོད་འབང་གི་མགོན་དུ་ལང་གི་ཡོད་པའི་ཚོར་བ་ཤུགས་ཆེན་པོ་བྱུང་། རྨོང་དད་འདམ་དུ་ད་དུང་འཚོ་བཞིན་པའི་ང་རང་ཚོའི་སྤྱི་ཚོགས་འདིར་ད་དུང་ཁྱོད་ཀྱི་ལས་བསྐལ་ཟིན་མེད།
ཀླུ་བྱམས་ལ་རྒྱབ་སྐྱོར་བྱེ་སྟངས་ཡག་ཤོས་ཀྱི་མཆན་བུ།
http://www.khabdha.org/?p=73894&cpage=1#comment-212739
# 31 ཁ་བའི་བུ།་ལགས་ཀྱིས་མཆན་བཏབ་པ།:
August 5th, 2015 at 1:22 AM
དཔོན་པ་ཚེ་རིང་ལགས་ལ་ཁ་ཕྱོགས་དང་ཆོད་སེམས་གཏན་པོ་མེད་ཀྱང་གཞན་གྱིས་རྒྱུད་སྐུལ་སྟོབས་ཀྱི་སྲིད་སྐྱོང་གི་འོས་མིར་ལང་གི་ཡིན་བཤད་པ་དེ་ནི་མང་གཙོའི་འགྲན་རྩོད་ཀྱི་ལྟ་གྲུབ་དང་རྒྱབ་འགལ་བཤད་པ་རེད། རང་འགན་རང་གིས་མ་འཁུར་བའི་སྐད་ཆ་ཞིག་ཀྱང་རེད། རིང་མིན་སྲིད་སྐྱོང་འོས་མི་རྣམ་པའི་བགྲོལ་གླེང་གི་སྐབས་སུ་ཀླུ་བྱམས་ལགས་ཀྱིས་དཔོན་ཚེའི་ནང་ཁྲོམས་འགའ་སྟོན་ཡོང་གི་རེད། དེ་དུས་སྟོན་མོ་ཆེན་པོ་ཡོང་། བཀྲ་དབང་ལགས་ཀྱིས་བློ་སེང་གི་སྣུམ་རྩི་འགའ་ཡང་བསྟན་འདོགས་རེད། སྲིད་སྐྱོང་འོས་མི་ཚོས་བགྲོལ་གླེང་ལ་དོ་སྣང་གལ་ཆེའོ།
ཀླུ་བྱམས་སྲིད་སྐྱོང་ལ་ལང་རྒྱུའི་དམིགས་ཡུལ་གཙོ་བོ་
སྤེན་པ་ཚེ་རིང་གི་རྐང་པ་ཐེན་རྒྱུ་དེ་རེད་ཞན་གང་ཡང་མེད
ཀླུ་བྱམས་སྲིད་སྐྱོང་ལ་ལང་རྒྱུའི་དམིགས་ཡུལ་གཙོ་བོ་
སྤེན་པ་ཚེ་རིང་གི་རྐང་པ་ཐེན་རྒྱུ་དེ་རེད་ཞན་གང་ཡང་མེད
ཨ་མའི་བུ། རྟག་ཏུ་སྤོབས་པས་མི་རིགས་འདིའི་བདེ་སྡུག་གླེང་བར་གུས་བརྩི་དང་། ད་ཐེངས་སྲིད་སྐྱོང་འོས་འགྲན་ནང་བཞེངས་པར་རྟེན་འབྲེལ་ཞུ།
གསར་འགྱུར་ལྟར་ན། ཀླུ་མཁར་བྱམས་ལགས་ཀྱིས་སྔ་དྲོ་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་དང་། སྐུ་ངོ་ཚོགས་གཙོས་ཕྱི་དྲོ་གསལ་བསྒྲགས་རླུང་འཕྲིན་ཁང་གསུམ་ལ་འཚབ་འཚུབ་ཀྱི་ལམ་ནས་སྤེལ་ཡོད་པས། གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས་སྐུ་ངོ་ཚོགས་གཙོ་གྲ་སྒྲིག་མི་འདུག་པར་མ་ཟད། ཀླུ་མཁར་བྱམས་ཀྱི་གསལ་བསྒྲགས་ཀྱི་རྗེས་ཟིན་ཐབས་ཁོ་ན་རེད་ཟེར། མང་ཚོགས་ཀྱི་ནང་དུའང་བསམ་ཚུལ་དེ་ག་རང་འདུག
དབུ་མའི་ལམ་ལ་ཤར་བསྐྱོད་ཡིན་པ་དང་། གཞིས་ཆགས་ཡར་རྒྱས་གཏོང་གི་ཡིན་ཟེར་མི་སྲིད་སྐྱོང་གི་འོས་མི་ག་ཚོད་བྱུང་ན་ཁྱད་པར་ཅི་ཡང་ཡོད་མ་རེད། གང་ཡིན་ཟེར་ན། འགྲོ་ས་ལམ་དེ་རང་རེད་པཱ།
བོད་མིག་གིས་མཐོང་མ་མྱོང་བ་དང་། གཞིས་ལུས་མི་མང་གི་བདེ་སྡུག་མི་ཤེས་མཁན་གྱི་སྲིད་སྐྱོང་གི་འོས་མི་ག་ཚོད་བྱུང་ན་ཡང་ཁྱད་པར་ཅི་ཡང་ཡོད་མ་རེད། གང་ལྟར་བོད་ཀྱི་སྲིད་སྐྱོང་ཟེར་བ། བོད་ས་དང་། བོད་མི་རྒྱུས་མེད་ཅིག་ཡིན་པས་སྲིད་བྱུས་ཡང་དེ་འདྲ་ཞིག་ལོས་ཡིན།
༧རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་འོག་བཙན་བྱོལ་རྒྱ་གར་རང་དབང་ལུང་པའི་ནང་འཚར་ལོངས་བྱུང་བའི་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་མཆོག་དང་། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག བཀྲ་ཤིས་དབང་འདུས་མཆོག་བཅས་ནས་དབྱིན་ཡིག་གི་ལམ་ནས་ཧ་གོ་བའི་རྒྱ་ནག་དང་། རྒྱ་ནག་དེ་ལ་འཛིན་པའི་སྲིད་བྱུས་དེ་གང་འདྲ་ཞིག་ཡོད་པ་དང་།
བོད་དུ་སྐྱེས་ཤིང་བོད་ནས་འཚར་བའི་བོད་ཀྱི་ཆབ་སྲིད་བཙོན་པའི་མཐུན་ཚོགས་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོ་ཀླུ་མཁར་བྱམས་ཀྱིས་རྒྱ་ལ་གཤིབ། རྒྱ་ཡིག་བཀླགས་པའི་ལམ་ནས་ཧ་གོ་བའི་རྒྱ་ནག་དང་། དེ་ལ་འཛིན་པའི་སྲིད་བྱུས་གང་འདྲ་ཞིག་ཡོད་པའི་ཁྱད་པར་དེ་དཱ་མཐོང་གི་རེད།
བོད་མིའི་ཆོས་ལུགས་གཙོ་བོར་འཛིན་པའི་ཆབ་སྲིད་ལངས་ཕྱོགས་དང་། རྒྱལ་ཁབ་གཙོ་བོར་འཛིན་པའི་ཆབ་སྲིད་ལངས་ཕྱོགས་ལ་བོད་བཙན་པོའི་བུ་བརྒྱུད་ཀྱི་དྲི་མ་སུ་ལ་འདུག དེ་ཡང་མཐོང་གི་རེད།
བོད་དང་བོད་མི་རིགས་བསམས་ན་རང་གི་འོས་ཤོག་དེ་ལ་སུ་བླུགས་རྒྱུ་ཡིན་མིན་གཅིག་པུ་མིན་པར་ཁོང་རྣམ་པ་བཞིའི་ནང་ནས་སུའི་སྐད་ཆ་བདེན་ལུགས་ཀྱི་རིན་ཐང་འདུག་ལྟ་ཡག་གལ་ཆེན་པོ་རེད།
འཇིགས་བྲལ་གྱི་སྐད་ཆར་གནས་ལུགས་འདུག སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་ཀྱི་ཆེས་ཐོག་མའི་གསལ་འགོད་བསྒྲགས་གཏམ་སྐབས་མི་རིགས་འདིའི་ཆེད་དུ་འདས་ཟིན་པའི་དཔའ་བོ་དཔའ་མོ་ཚོ་ཞེས་གླེང་རེ་ལྷད་མེད་ཀྱི་ཚོར་གདུང་དྲག་པོས་མིད་པ་བརྣངས་ཤིང་མིག་ཆུ་འཐོར་དུས། རང་ཉིད་ལའང་སྡོད་མི་བཟོད་པའི་བསམ་ཕྱོགས་གསར་ཞིག་རྙེད་པར་བྱས། དངོས་ནས་རྒྱ་དམར་ལག་འོག་ནས་གཅར་རྡུང་མྱངས་མྱོང་བའི་མི་བུ་ཞིག་སྲིད་སྐྱོང་འོས་འགྲན་དུ་ཐོན་ཐུབ་པ་ཁོ་ནས་ཀྱང་རྒྱ་དམར་གཞུང་ལ་གོ་བརྡ་གསལ་བོ་ཞིག་སྤྲད་ཐུ་ཡོད་སྲིད་ལ། གཞིས་ལུས་མི་མང་གི་དཔའ་སྤོབས་ལ་བདག་པོ་རྒྱག་ཕོད་པའི་སྲིད་སྐྱོང་ཞིག་སྟེ། བོད་བཙན་བྱོལ་དུ་ཡོང་དགོས་པའི་དམིགས་ཡུལ་བསྐྱར་གསོ་ཐུབ་པའི་མི་རིགས་འདིའི་སྣེ་ཁྲིད་པ་ཞིག་ཏུ་འགྱུར་མི་སྲིད་པའི་ངེས་པའང་མེད་དོ།
ང་ལ་ཡོད་པའི་འོས་གཅིག་དེ་ཀླུ་བྱམས་ཁོ་ནར་དག་གང་ལ་ཟེར་ན་ང་ལ་དགོས་པ་དེ་ཁོ་རང་ནས་འབད་ཐབས་གནང་ས་རེད་འགྲུབ་དང་མ་འགྲུབ་གཉིས་ཡོང་སྲིད་ངས་འཁང་ར་མི་བྱེད། ཡང་ན་དབུས་སྒྲིག་འཛུག་འདི་ཡང་ཐ་རོར་བཟོ་སྲིད་གང་ལྟར་ཁྱད་མེད་ད་ལྟའི་སྒྲིག་འཛུག་ཇི་ལྟར་བསྲ་བརྟན་བྱུང་ཡང་འཐབ་རྩོད་ལ་མདུན་ལམ་གང་ཡང་མེད་ལ་གང་ཡང་རྩོད་ཀྱི་མེད་ཟེར་ན་ཆོག གཅིག་འོག་གཅིག་འདུས་ཀྱི་སྲིད་ཇུས་ཞིག་ལ་དབུ་མ་ཟེར་བའི་ཆོས་ཚིག་སྙན་པོའི་མཛེས་རྒྱན་སྤྲད་མ་སྤྲད་ཡོད་མ་རེད། ཕ་བཟང་གི་ལོང་ཤོག་ཨ།
ཀླུ་བྱམས་ཀྱི་སྐད་ཆར་བལྟས་ན། གཞོན་པ་ཀླད་སྟོང་འུར་སློང་བའི་སྐད་ཆ་ཙམ་ལས་དངོས་ནས་ཆབ་སྲིད་དང་འཛིན་སྐྱོང་མགོ་ཁྲིད་ཅིག་གི་བཟོ་ལྟ་ཡེ་ནས་མི་འདུག ངས་ཀླུ་བྱམས་དེ་ལས་ཡག་ཅིག་གི་བརྩིས་བརྒྱབ་ཡིན། ད་ཀླུ་བྱམས་ཀྱི་ཡོད་ཚད་ཕྱི་ལ་བལྟས་སོང་། ད་མི་འདུག དངོས་གནས་ཡིན། ཐང་ཆད་སོང་། བདེ་མོ། གཏན་དུ་བདེ་མོ། ཀླུ་བྱམས་ལོ་ལོ། ད་ཞོགས་ཤོག
བློ་གྲོས་རབ་བརྟན་ལོ་ལོ། གཉིད་མི་ཁུག་ན་སྨན་ཁང་སོང་སྟེ་སྨན་པར་བསྟེན་ནས་སྨན་བཅོས་གནང་རོགས། དེ་མ་གཏོགས་ན་ཚ་སྡུག་རུ་འགྲོ་རྒྱུ་ཉག་ཅིག་རེད། ཧཧཧཧཧཧ
གོང་ས་ཏཱ་ལི་བླ་མ་མིང་ཟུར་ཙམ་ཡང་བད་སྤྱོད་མ་བྱས་ཐོག་རང་ནུས་ཀྱིས་རྐང་ཁར་ལངས་དང་ག་བར་སླེབས་མིན་ཤེས་ཀྱི་རེད། ད་ལྟ་བར་འོས་མི་ཚང་མས་མཚན་གནས་བད་སྤྱོད་ཀྱིས་མི་མང་གི་མགོ་བོ་འཁོར་གཅུག་གི་ཡོད་རེད། དེས་ན་སྐབས་འདིར་ཡང་དེ་ལས་གཞན་གསར་པ་ཅི་ཡང་ཡོད་མ་རེད་དོ།།
ང་ཚོ་ལྟ་བའི་མི་བུ་འགས་ཀླུ་མཁར་ལ་རྒྱབ་བྱེད་ངེས་རེེད་ཀླུ་མཁར་ལགས་ཀྱིས་ལ་བརྒྱ་དང་དྲང་བདེན་ལ་བསམ་ཕོད་པ་བཤད་ཕོད་པ་སོགས་ཀྱིས་ཡིན།
རྒྱབ་སྐྱོརལ་བཅོས་རོགས/
ཀླུ་བྱམས་ཀྱིས་སྐད་ཆ་ཕལ་ཆེ་བ་སེམས་སྟེང་གིས་མི་རིགས་ཞིག་གི་ལོ་རྒྱུས་དང་འབྲེལ་བའི་ལྷད་མེད་ཀྱི་ཁ་བརྡ་དག་དག་རེད། འོན་ཀྱང་རྣམ་དཔྱོད་མེད་པའི་མི་བུ་དང་སྐབས་ཚོལ་ལྟོ་འབྲངས་པ་ཚོའི་རྣ་བར་འགྲོ་ནི་མ་རེད། གཏམ་དཔེར། སྐད་ཆ་དྲང་པོ་བཤད་ན་མི་མི་དགའ། རྒྱུགས་པ་འཁྱེར་ན་ཁྱི་མི་དགའ། ཟེར་བའི་གཏམ་དེ་ཅི་མི་བདེན། གང་ལྟར། ད་ལམ་ཁོང་སྲིད་སྐྱོང་གི་འོས་གཞིར་ལང་པ་དེས་དཀྱིལ་གཏོལ་འདུ་ཤེས་གསུམ་ལྡན་གྱི་སྐབས་ཚོལ་བ་དེ་ཚོས་ཁོང་ལ་གཞི་མེད་སྐྱོན་འཛུགས་རིགས་ཀྱི་སྒྲོར་བཏགས་དེ་ཚོ་རེ་རེ་བཞིན་སྲིད་སྐྱོང་འགྲན་རྩོད་ཀྱི་བགྲོལ་གླེང་སྐབས་སུ་ཚར་གཅོད་ཀྱི་རེད། ནམ་རྒྱུན་ཁོང་ལ་གླེང་གཞི་བཟོ་སྡོད་མཁན་གྱི་སྲིད་དོན་གཡོལ་སྒྱུར་ཅན་དེ་ཚོས་སྐབས་དེར་ཁོང་ལ་ནག་ཆེན་འདི་དང་དེ་ཞེས་གླེང་རྒྱུ་མེད་སོང་བ་ཡིན་ན་དེ་ནས་ཀླུ་བྱམས་ལགས་གངས་ཅན་ཚང་གི་གངས་སེང་དཀར་གཙང་ཞིག་དང་། གདོང་དམར་ཚང་གི་ལར་རྒྱ་ཅན་གྱི་དཔལ་རྒོད་ཞིག་ཏུ་འགྱུར་རྒྱུ་
རེད། དཔོན་ཚེ་འཁོར་དང་བཅས་པ་སྐབས་དེར་ཆུགས་མི་ཉེན་ཡ།
དབུ་མ་དང་། རང་བཙན་སྐོར་་་་་་
https://www.facebook.com/FaceofTibet/videos/vb.409722539058436/920156028015082/?type=2&theater
རང་བཙན་རྩོད་པ་ནི་ཐོབ་ཐང་ཡིན་ན། དབུ་མ་རྩོད་ཀྱིན་པ་དེ་ནི་འཆར་སྣང་ཞིག་རེད། འཆར་སྣང་བརྩད་བསྡད་ན། དགོས་བསམ་བཞིན་པ་དེ་མ་རེག ཡོད་བསྡད་པ་དེ་བློས་བཏང་རེད། དེ་ལས་ཐོབ་ཐང་བརྩད་ན། གནས་སྐབས་ཐོབ་ཡ་མེད་ཀྱང་མི་རབས་རྗེས་མའི་ཐོབ་ཐང་འཕྲོག་མེད་པས། རང་བཙན་རྩོད་པ་ནི་མི་རིགས་ཤིག་གི་འབྱུང་འགྱུར་རེད།
འོས་ཤོག་ཐད། འོས་མིར་ལངས་མཁན་མི་ཅི་ཙམ་ཡོད་ཀྱང་ཨཾ་གྲངས་ཤིག་ཁོག་རྩིས་ཡོད་དགོས། གཅིག་རེ་བ་ཆེ་བའི་མི། གཉིས་ཐོབ་ངེས་པའི་མི། གསུམ་རེ་བ་མི་དམན་ཞིང་ཐོབ་ལ་ཉེ་བའི་མི་གསུམ་སྒྲིགས་དགོས། རེ་བ་ཤིན་ཏུ་ཆེ་བའི་མི་ལ་ཐོབ་རེ་མེད་ན། ཐོབ་པའི་གོ་སྐབས་ཡོད་པའི་མི་གསུམ་པ་དེར་འོས་ཤོག་འཕེན་དགོས། དེ་འདྲ་བྱས་ན་རང་གི་འོས་ཤོག་འཕྲོ་བརླག་ཏུ་མི་འགྲོ་ཞིང་རེ་བ་ཡང་ཅུང་ཟད་འགྲུབ་འགྲོ་བ་ཡིན། དྲི་མེད་ཀྱིསརྨོངས་འཆར་རོ། །
དབུ་མའི་ལམ་གྱིས་བོད་འདི་ཟུར་ཙམ་ཡང་སྐྱོབ་ཐུབ་ཀྱི་མེད་པ་མ་ཟད། བོད་འདིའི་ལོ་རྒྱུན་ཡང་རྩ་མེད་བཟོ་བཞིན་པ་རེད། ༡༩༧༤ ལོ་ནས་ཡོངས་སྒྲགས་ནས་དབུ་མའི་ལམ་འདིས་རང་སྐྱོང་ཚད་ལྡན་ཞིག་བྱུང་ན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ཏུ་སྡོད་ཀྱི་ཡིན་གསུངས་པ་དེ་བདེན་པ་མ࿒རེད། དབུ་མའི་ལམ་ཞེས་པ་དེ་བཙན་བྱོལ་དུ་ཡོངས་སྒྲགས་བྱུང་བ་ནི་དགུ་ཅུ་གོ་གྲངས་ནང་གཞི་ནས་བྱུང་བ་ཞིག་རེད། དེའི་ཡན་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་རྒྱ་བོད་དཀའ་སེལ་གྱི་ཐབ་ལམ་དབུ་མའི་ལམ་ཞེས་ཡིག་གེ་ན་གཅིག་སྟོན་རྒྱུ་མེད་པར་དེབ་ཐེར་ཁག་ཏུ་གསལ་ནི་རེད། ཡིག་རིགས་སོགས་ན་གཅིག་མེད་པས་ཡོངས་གྲགས་ཡོང་སྟངས་ཞིག་གང་ན་ཡོད། འདི་ལོ་རྒྱུས་ཀྱི་རྒྱུད་རིམས་ཞིག་གི་སྐད་ཆ་རེད།
གངས་ཕྲུག་བདེན་པ་རེད། སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ལགས་ཀྱི་དེབ་ཀློག་དང་ཤེས་ཐུབ། བརྒྱད་ཅུ་གྱ་བདུན་ལོར་ད་དུང་རང་ཐག་རང་གཅོད་ཅིག་བཤད་བསྡད་འདུག ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་བསྡད་ཀྱི་ཟེར་བ་དེ༢༠༠༨ལོ་ནས་རེད། ཞིབ་ཅིང་ཕྲ་བ་རྣམས་ཉམས་ཞིབ་པ་ཚོས་རྩོམ་ཡིག་དང་། རྒྱ་གཞུང་ལ་ཕུལ་བའི་ཡིག་ཆ་སོགས་ལས་ཤེས་ཐུབ།
Lukar Jam Atsock for Sikyong 2016
འདིར། ལ་རྒྱ་དང་། ཞེན་ཁོག་གིས་སྨྱོ་བ་དང་། ཆོས་དང་། རིགས་གཞུང་གིས་ཕོངས་པ་ཡིན་པ་བསྟན་འདུག་སྙམ་ལགས།
https://www.youtube.com/watch?t=319&v=7rCIDzXdo2U
རྒྱལ་གཅེས་པ་ཀླུ་བྱམས་ཀྱིས་དད་པ་ལོག་སྤྱོད་ལ་ངོ་རྒོལ་ཞེས་པའི་བཀའ་མོས་གསུངས་སྟངས་འདི་དང་། ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཨ་རིའི་ཞོགས་ཇ་གསོལ་འདེབས་ཀྱི་ཚོགས་ཆེན་སྐབས་སུ་དད་པ་བེད་སྤྱོད་ནས་སྤྱི་ཚོགས་ནང་དུ་མི་གསོད་ཁྲག་སྦྱར་བྱས་དུས་དད་པ་གདན་འདྲེ་གསོན་པོ་ལ་གྱུར་གྱི་ཡོད་ཅེས་པའི་བཀའ་མོས་གསུངས་སྟངས་གཉིས་ཀྱི་དོན་དག་གཅིག་མཚུངས་རེད་འདུག ཡག་པོ་གསུངས་འདུག་ག དགའ་པོ་བྱུང་། བོད་ལ་སྲིད་འཛིན་ཁོ་འདྲ་པོ་དགོས་མཁོ་ཆེ།
འོ་་་་་་་ ད་ངོ་མ་ངའི་ཀླུ་མཁར་བྱམས་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། སེང་གེ་ངར་སྐད་ཇི་འདྲ་ཆེ་རུང་ཀླུ་མཁར་བྱམས་དང་འགྲན་རྩོད་ག་ལ་ནུས་པ་འདུག་གམ། ངས་བསམ་ན་ད་གཞོན་སྐྱེས་ཚོ་དུས་་ལ་བབས་པ་འདྲ། མི་འདི་འདྲ་ཕོ་རྒོད་ཅིག་སྲིད་སྐྱོང་ལ་ལངས་པ་ནི་ང་བོད་མི་རིགས་ཀྱི་གཟི་བརྗིད་ཡིན་ལ་འཇིང་པ་འཁྱགས་དགོས་པའི་གནས་ཚུལ་ཞིག་མ་ཡིན་ནམ། སེང་གེ་ཁ་སྟོང་ཙམ་ལས་ཁྱོད་དང་བསྡུར་ཐབས་མེད། ངའི་ནམ་ཡང་ཁྱོད་ལ་རྒྱབ་སྐྱོར་ཡོད།