བློ་གྲོས་རབ་བརྟན།
ང་ལང་རྒྱུ་ཡིན། ཚང་མ་ལང་ཡོང་གི་འདུག གཡས་ནས་སྤྱི་འཐུས་ལང་ཡོང་གི་འདུག གཡོན་ནས་སྲིད་སྐྱོང་ལང་ཡོང་གི་འདུག ག་རེ་བྱས་ནས་ང་མ་ལང་བ་རེད། ག་རེ་ཁྱད་པར་ཡོད་རེད། ཁོང་ཚོ་དང་ང་གཅིག་པ་རེད། ཁོང་ཚོ་ལངས་ཐུབ་ན། ང་ག་རེ་བྱས་ནས་ལང་མ་ཐུབ་པ་རེད། ང་ངེས་པར་དུ་ལང་འཐུབ་དགོས་པ་རེད།
རེད། ལང་དགོས། བརྒྱུག་དགོས། སྤྱི་འཐུས་ཀྱི་ཆེད་དུ་ལང་དགོས་ལ་བརྒྱུག་ཀྱང་ལོས་དགོས། བརྒྱག་མ་ཐུབ་ན་གང་ནས་ཐོབ། ཐོབ་དགོས་པ་རེད། བསླེབ་ས་དེར་བསླེབ་དགོས། བསླེབ་ཐུབ་པའི་ཆེད་དུ་མི་རྒྱུ་ག་ཚད་གཏོང་དགོས་ན་གཏོང་རྐྱང་ཡིན།
ཤེས་ཡོན་དང་ཉམས་མྱོང་། ང་དང་འདྲ་བོ་རེད། ཁག་ཅིག་ང་ལས་སྐྱོ་བ་རེད། སྐྱོ་བ་ལས་ཀྱང་སྐྱོ་བ་རེད། དེ་འདྲའི་མིས་སྤྱི་འཐུས་ཡོང་ན། ངས་ལོས་ཡོང་། ཁོང་ཚོས་འཇོན་ན་ངས་ལོས་འཇོན། ཁོང་ཚོས་ཆབ་སྲིད་ཤེས་ན་ངས་ཀྱང་ལོས་ཤེས། ཁོང་ཚོས་རྩོམ་ཐུང་རེ་བྲིས་ཡིན། རྩོམ་སྒྲིག་པ་བྱས་ཡིན། ཚོགས་པ་ག་གེ་མོའི་ནང་དུ་ལས་ཀ་བྱས་ཡིན་ཟེར། དེ་དག་ངས་ཀྱང་བྱས་ཡིན། གཅིག་པ་རེད། ང་སྤྱི་འཐུས་ལ་ལང་ཆོག་པའི་ཆ་རྐྱེན་ཚང་འདུག་པས། མ་ལང་ནའང་མ་འགྲིག་པ་ཆགས་འདུག མ་ལངས་ན་སྤྱི་འཐུས་ཚད་ལྡན་ཞིག་རྩྭ་གསེབ་ཏུ་ལུས་གྲབས་རེད། དེ་ལུས་ན་སྤྱི་བ་ལ་གྱོང་རེད། སྤྱི་ལ་དགོས་པའི་མི་དེ་ལོངས་ཤོག་ཨ། དེ་ང་རེད། བློ་གྲོས་རབ་བརྟན་རེད།
ཨང་ཧང་། བསམ་བློ་གཏིང་ཟབ་བཏང་ན་ངས་ཡོང་ས་མ་རེད། ང་དང་ཁོང་ཚོའི་བར་དུ་ཁྱད་པར་འདུག ཁྱད་པར་ཆུང་ཆུང་མ་རེད། ཆེན་པོ་རེད། ཆེན་པོའི་ཆེན་པོ་རེད།
ཁོང་ཚོ་འདི་ལྟར་རེད། ཧམ་པ་ཁོ་ནས། ངས་འཇོན་གྱི་ཡོད། ངས་བྱེད་རྒྱུ་ཡིན། ཅིག་ལ་འགྱུར་བ་གཏོང་གི་ཡིན། དེས་འགྲིག་མི་འདུག ཁོའི་ནོར་འདུག དེ་མ་རེད། བྱེད་ཐབས་འདི་འདྲ་ཡོད། རྒྱལ་སྤྱི་ནས་བཤད་ན་འདི་རེད། རྒྱ་ནག་ནས་བཤད་ན་འདི་རེད། བོད་ཕྱི་ནང་ནས་བཤད་ན་འདི་འདྲ་རེད། འདི་འདྲ་བཟོས་ཏེ་ཡར་རྒྱས་གཏོང་གི་ཡིན། ཅིག་བྱས་ན་ཡག་པོ་ཡོང་གི་རེད། ཉིག་བྱས་ན་བོད་རྒྱ་ཞི་མོལ་ཡོང་།
སྐད་ཆ་དེ་དག་གི་རྒྱབ་རྟེན་ལ། འཛམ་གླིང་གི་རྒྱལ་ཁབ་དེ་དང་། མི་རིགས་དེའི་འགྱུར་ལྡོག གྲགས་ཅན་མི་སྣ་དེ་དང་དེའི་སྐད་ཆ་ལུང་དྲངས་ཏེ། མི་མང་ད་ལོས་ཡིན། སྟེང་ལྷ་ཡུལ་ནས་འོག་ཀླུ་ཡུལ། བར་གྱི་འབུ་གྲོག་མ་ཡན་གྱི་རྣ་བར་བསྒྲག་གི་རེད། དེས་མི་སེམས་འཁྲུག་གི་རེད། རྨོངས་པ་ཚོ་རྒྱུགས་འགྲོ་ཡི་རེད། ལག་གི་འོས་ཤོག་ལེབ་མོ་དེ་ཡང་ཁོ་ལ་ཤོར་འགྲོ་གི་རེད།
ཡང་གཅིག་བཤད་ན། སྤྱི་འཐུས་དང་སྲིད་སྐྱོང་གི་རྐུབ་སྟེགས་ཀྱི་མཐའ་ལ། ལང་ཡོང་ནི་ཚོ་དང་། གོག་ཡོང་ནི་ཚོ། བལྟས་ཀྱིན་བལྟས་ཀྱིན་ཁོང་ཚོ་ལས་སླ་བོ་ཞིག་གང་ནས་ཡིན། ཁོང་ཚོ་ལ་རྒྱབ་རྟེན་གྱི་དཔལ་འབྱོར་བཟང་ལ། ད་དུང་ཡུལ་ལུང་དེ་དང་ཆོས་བརྒྱུད་དེ་ཡི་རྗེས་འབྲང་བ་ཁྱུ་དང་ཁྱུ་ཡིས་ཁོང་ཚོ་བསྐོར་ནས་ཡོད། དེ་དག་གི་འོས་ཤོག་དེ་རང་གི་ཕ་ཡུལ་གཅིག་པ་དང་། ཆོས་བརྒྱུད་གཅིག་པ། གཞི་ཆགས་གཅིག་པ། སློབ་གྲྭ་གཅིག་པ། སློབ་གྲྭའི་ནང་ནས་བོད་ཁྱིམ་གཅིག་པ། གསར་འབྱོར་གཅིག་པ་ཟེར་ནས་བླུག་གི་རེད།
དེ་ཙམ་གྱིས་འགྲིག་སོང་བ་མ་རེད། ད་རུང་མང་ནི་རེད། མི་དེ་དག་གི་ཟུར་ན་གཡས་རྒྱུག་གཡོན་རྒྱུག་བྱེད་ནི་མང་པོ་རེད། ཁྱབ་སྒྲོག་བྱེད་ནི། གཞན་གྱི་ཁྱབ་སྒྲོག་དགོག་ནི། མང་ཁྲོད་དུ་མི་དེ་དང་དེ་ཡག་པོ་ཡོད་རབ་ཤོད་ནི། སྐྱབས་མགོན་རིན་པོ་ཆེ་ཁོང་ལ་ཐུགས་གཉེས་པོ་ཡོད་ཚུལ་སོགས་སྐད་ཆ་རྫུན་མ་བཟོ་ནི། ཁ་གཏད་ཡོད་ན་དེར་དངོས་ཤུགས་གཉིས་ནས་སུན་པོ་བཟོ་ཞིང་། ད་དུང་དགོས་པ་ཡོད་ན་འཇིགས་སྐུལ་ཆུང་ཆུང་རེ་ཡང་བྱེད་ནི་ཡོད་ཡོད་པ་རེད། དེ་དང་དེ་འདྲ་བ་བྱས་ནས་འོས་འཐོབ་ཐབས་བྱེད་ཀྱི་ཡོད་ལ། དེ་དང་དེ་འདྲ་བྱས་ནས་ཁོང་ཚོ་ལ་འོས་འཐོབ་ཀྱིན་ཡོད།
ཁོང་ཚོ་དེ་འདྲ་སྤྱི་འཐུས་ལ་དགའ་དོན་ཅི་ཡིན་ནམ། དངོས་གནས་བྱས་ན། མི་ཤེས་འཇོན་ལྷག་བསམ་ལྡན་ཞིང་། སྤྱི་ཚོགས་ནས་གུས་བརྩི་དང་ཆེ་མཐོང་ཡོད་ནི་ཚོ། སྤྱི་འཐུས་ཀྱི་གདན་ས་དེ་དབང་བ་རེད། འོན་ཏེ་ད་ལྟ་སྤྱི་འཐུས་ལ་ལང་ཡོང་ནི་ཚོ་དེ་ལས་ལྡོག་པ་རྐྱང་རེད། དེ་ཡིན་ན། དེ་ལྟར་འཚང་ག་རྒྱག་དོན་ཅི་ཡིན་ནམ། དེ་ན་ཅིག་ཡོད་ས་རེད། ཟ་རྒྱུ་ཞིམ་པོ་ཞིག་ཡོད་དམ། འཐུང་རྒྱུ་མངར་མོ་ཞིག་ཡོད། ཡང་ན་ཐོབ་དང་གོ་ས་མཐོན་པོ་ཞིག་ཡོད། དེ་མིན་ན་སྤྱི་འཐུས་ཚོགས་སྐབས་ལྟ་བུར་ཆོལ་ཁའི་ཞེན་ཁོག་གི་དམག་འཁྲུག་ལ་དགའ་དྲགས་པས་རེད། གོང་གི་དེ་དག་མིན་ན། འདི་ཡིན་ངེས་ཅན་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཆེ་བ་དག་གྲོས་ཚོགས་ནས་མང་མོས་ཀྱིས་ཐག་གཅོད་དགོས་དུས། ཆེད་དུ་འམ་བསམ་བཞིན་དུ་འགོག་རྐྱེན་བཟོས་ཏེ། བསྒྲུབ་དགོས་པའི་ལས་དོན་དག་འགོག་ལ་ནང་བྱད་ཆུབ་ཅིང་། བོད་མིའི་སྤྱི་ཚོགས་ཁྲོད་གཏམ་ངན་ལབ་གླེང་བཟོ་བ། ཁ་རྒྱག་པ་དང་ཚིག་ཚོན་པོ་གནམ་ལ་བསྐོར་ཏེ། རང་ཉིད་ཀྱིས་ཧང་སང་བ་ཞིག་འཇོན་མདོག་སྟོན་ས་གཅིག་བུ་དེ་སྤྱི་འཐུས་རང་ཆགས་འདུག
ང་ནི་ཧམ་པ་ཆུང་ཞིང་ཁ་ཤེད་སྐྱོ་ལ། དོན་དངོས་དང་འཇོན་ཚོད་ཅིག་དྲང་མོས་རྗོད་མཁན་ཞིག་ཡིན། ད་དུང་ང་ལ་དཔལ་འབྱོར་གྱི་རྒྱབ་རྟེན་མེད་ལ། ཕ་ཡུལ་གཅིག་པ་དང་ཆོས་བརྒྱུད་གཅིག་པ་ཟེར་ནས། ངའི་ཟུར་ན་ལང་ཡོང་ནི་ཞིག་ཡེ་ནས་མེད། ཐ་ན་ངའི་བཟའ་ཟླས་ཀྱང་རྒྱབ་སྐྱོར་ཡོད་ལ་མེད་ལ་ཡིན་ངེས། དེར་བརྟེན་ཁོང་ཚོ་ནང་བཞིན་གང་ནས་ཡོང་། ངས་མི་ཡོང་། ང་སྤྱི་འཐུས་ལ་འགྲོ་མི་ཐུབ་པ་ཐག་གཅོད་རེད། དེ་ལས་ཉལ་ན་ཡག་ས་རེད། ཉལ་ཁང་དུ་འགྲོ།
གཟབ་གཟབ་བྱོས་མ་གཏོགས་ཉལ་སའི་ནང་དུ་ཡང་ཚེར་མ་སྐྱེས་ཡོད་པ་རེད་ད།
རང་གི་ཆུང་མས་ཀྱང་རྒྱབ་སྐྱོར་མེད་ན་སྤྱི་འཐུས་ལང་རྒྱུའི་རེ་བ་མ་བྱེད་སེམས་ལ་མ་འཁོར། མ་གཞི་ནས་རང་གི་ཆུང་མ་ཙམ་ཅིག་དབང་བསྒྱུར་བྱེད་ཐུབ་པ་མེད་ན་མི་བུ་ནུས་མེད་ཅིག་རེད་ཞག་གྲོགས་པོ་དེ་ལས་དང་པོ་ཆུང་མ་དབང་བསྒྱུར་བྱེད་ཐུབ་པ་གྱིས་དེ་ནས་རང་གི་མི་དང་དེ་ནས་རང་གི་གཉེན་འཁོར་དེ་ནས་རང་གི་ཁྱིམ་མཚེས་སོགས་ལ་དབང་བསྒྱུར་ཁ་ལོ་བསྒྱུར་རྒྱུའི་སློབ་སྦྱོང་གྱིས་དེ་ནས་ས་ཡ་དྲུག་གམ་འབུམ་གཅིག་གི་མགོ་འཁྲིད་མཁན་དུ་ལང་ན་ཡག་པོ་རེད་། གཞི་ནས་རེ་བ་ཞིག་ཡོད་རེད། གྲོགས་པོ་ཐུགས་ལ་མ་ཕོག་རོགས་བསླབ་བྱ་ཡིན།
རང་གིས་མ་འཇོན་མིས་བྱས་ན་མ་འགྲིག་་་་་་ད་འོ་ན་གཡུག་དགོས་རེད་དམ། རྩོམ་ཡག་ཀི་་་་་་ཡིན་ནའང་
དངོས་གནས་རྩོམ་དགོད་གཏམ་འདྲེས་མའི་དོན་དག་ཡོད་པ་ཞིག་བྲིས་འདུག