བྱ་སྨྱོན་པ།
བོད་ནང་གི་མེ་སྲེག་ལས་འགུལ་ཁྲོད་དུ། ཚེ་སྲོག་གང་མང་ཤོར་སོང་བ་དང་། དེ་དག་གིས་འབོད་པ་དང་རེ་བ་ཡང་གཅིག་མཚུངས་ཀྱིས་བསྒྲགས་པ་རེད། ལས་འགུལ་འདི་བྱུང་སྟངས་དང་དེའི་རྒྱབ་ལྗོངས་ལ་བལྟས་ཚེ། ཐབས་ཟད་འུ་ཐུག་གི་གནས་སུ་གྱར་བ་རེད་ཞེས་བཤད་ཆོག་སྟེ། ཆོས་ལུགས་དད་མོས་དང་། རིག་གནས་འདུ་ཤེས། འཚོ་བའི་གོམས་སྲོལ་སོགས་དང་མི་མཐུན་པའི་ཆབ་སྲིད་དབང་སྒྱུར་གྱིས་ད་ལྟའི་གནས་སྟངས་ཀྱི་ཚད་འདི་ལ་ལྷུང་གི་བཅུག་པ་རེད།
ངས་འདི་ནས་མེ་སྲེག་ལས་འགུལ་འདིའི་ཐད་ལ་ནང་པ་ཚོས་བཤད་སྟངས་ལྟར་ “རང་སྲོག་བཅད་ན་ཉེས་པ་ཆེ། སྐྱེ་བ་ལེན་ཐུབ་ཀྱི་མ་རེད།” ཞེས་བརྗོད་འདོད་མེད་ལ། ཆབ་སྲིད་པ་ཚོས་བཤད་སྟངས་ལྟར་ “བོད་མི་རིགས་མི་གྲངས་ཉུང་ཉུང་རེད། རང་སྲོག་དོར་བ་ནི་ཧ་ཅང་ཕངས་པོ་རེད།” ཟེར་འདོད་ཀྱང་མེད། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་སྐད་ཆ་བཤད་འདོད་བྱུང་ལ། ལྷག་པར་དུ་མིའི་རིན་ཐང་གི་ཐོག་ནས་བཤད་ན། ད་བཟོད་ཚེ་སྲོག་ལ་འགན་ཁུར་བའི་སྐད་ཆ་ཞིག་ཆགས་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཚེ་སྲོག་གི་རིན་ཐང་དང་དབུགས་ཀྱི་རྒྱུ་བ་འདི་འཛམ་གླིང་ཡོངས་ཀྱི་མི་ཚང་མས་ལྟ་ཚུལ་གཅིག་པ་འཛིན་གྱི་རེད། དེ་ནི་མིའི་ཚེ་སྲོག་ལ་རིན་ཐང་ཆེ་སོང་བ་རེད་ལ། ཚེ་སྲོག་གི་རྒྱུན་བསྲིང་བར་འདོད་པ་མེད་མཁན་མེད་པས་རེད།
ཚེ་སྲོག་གི་རིན་ཐང་ཐད་ལ་འདོད་ཚུལ་རིགས་གཉིས་ཡོད་པ་རེད། གཅིག་གིས་ཤེས་ཡོན་ཆུ་ཚད་མཐོ་རུ་སོང་བའི་དབང་གིས་མིའི་བརྩི་མཐོང་སླེབས་པར་བཤད་པ་དང་། གཞན་གཅིག་གིས་འཚོ་བའི་གོམས་སྲོལ་བཟང་བའི་རྐྱེན་གྱིས་རང་ཤུགས་ཀྱིས་ཡོང་བར་བཤད་པ་གཉིས་རེད། འདིར་དཔྱད་འཇོག་ཅིག་བྱས་ན། མིའི་གཞི་རྩའི་རིན་ཐང་ཐད་ལ་སློབ་སྦྱོང་ཡོད་མེད་དང་འབྲེལ་བ་མེད་ལ། གོམས་སྲོལ་ཡིན་མིན་ཀྱང་དེ་བས་འབྲེལ་བ་མི་འདུག་བསམ། དཔེ་མཚོན་ཞིག་ཞུ་ན། ནུབ་ཕྱོགས་པ་ཚོས། ཅུང་ཙམ་མ་འགྲིག་པའམ་ནོར་འཁྲུལ་ཤོར་ཡོད་མེད་གང་ལྟར། ལམ་སང་ “དགོངས་དག” ་ཟེར་བ་ནི་འགྲོ་བ་མིའི་ཞིག་ཡིན་པའི་ཆ་ནས་བརྩི་མཐོང་བྱས་པ་རེད་མ་གཏོགས། འདི་འགྲོ་སྟངས་ཤིག་དེ་བས་རེད་མི་འདོད།
ང་ཚོས་བྱང་ཆུབ་ཀྱི་སེམས་བསྐྱེད་སྐབས་ “སོ་སོ་འཛམ་གླིང་འདིར་དབང་བ་དང་རང་ཉིད་འཇིག་རྟེན་འདི་དང་མ་བྲལ་བར་དུ་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེས་བར” དམིགས་པ་འདི་ནི་ཁ་ཐུག་སྤྱི་ཚོགས་དང་སྦྱར་ནས་བཤད་ན། འགྲོ་བ་ཡོངས་དང་གདུང་སེམས་མཉམ་སྐྱེས་ཤིག་རེད་ཟེར་ཆོག་གི ཐ་ན་ཁོར་ཡུག་གནས་སྟངས་ཧ་ཅང་སྐྱོ་བོའི་སྐབས་སུ་ཡང་དཔེར་ན་“རང་ཉིད་མེ་ཡིས་ཚིག་བཞིན་ཡོད་ནའང་། གཞན་ཞིག་ལ་བདེ་སྐྱིད་འཐོབ་པར་འདོད་པ་དང་འབོད་སྒྲ་སྒྲོག་པ་ནི་ཚད་འཇལ་དཀའ་བའི་བྱང་ཆུབ་ཀྱི་སེམས་ཤིག་ལ་སྦྱོར་རུང་བ་ཡིན།” རང་དོན་ལས་གཞན་དོན་བསམ་པ་ནི་རླབས་ཆེ་བའི་བརྩི་མཐོང་ཞིག་རེད།
རྒྱ་ནག་ཐེ་བའི་ཆབ་སྲིད་པ་ལ་ལས་འགྲོ་བ་མིའི་རིན་ཐང་མི་གླེང་བར་མེ་སྲེག་ལས་འགུལ་འདི་འཚེ་བ་ཞིག་ལ་འགྲོ་མིན་དང་རྒྱབ་ལྗོངས་དང་འབྲེལ་བའི་གཞན་གྱིས་སྐུལ་སློང་བྱས་ཡོད་མེད་ལ་དོགས་པ་ཟ་བ་ནི། རང་ཉིད་འགྲོ་བ་མིའི་གྲལ་དུ་མ་བཞག་པ་དང་གཅིག་མཚུངས་རེད། རང་ཉིད་ལ་བློ་སྟོབས་ཅི་ཡང་མེད་སོང་བས་རེད།
ཚེ་སྲོག་ལ་རིན་ཐང་བྲལ་བས་བརྩི་མཐོང་བྱེད་དགོས་པ་དང་། ཕས་བུ་ལ་བདག་སྐྱོང་བྱེད་པ་བཞིན། རྒྱལ་ཁབ་ཀྱིས་མི་མང་གི་ཚེ་སྲོག་ལ་གཅེས་སྤྲས་བྱེད་དགོས། འདིའི་ཐད་ལ་འཛམ་གླིང་མི་མང་ཡོངས་ཀྱི་འདོད་མོས་བྱེད། ཡིན་ནའང་རྒྱ་ནག་གིས་དཀའ་ངལ་དང་གནས་སྟངས་ལ་རྒྱུས་ལོན་དང་རོགས་རམ་མི་བྱེད་པར་སྒེར་གཅོད་ཀྱིས་ཐག་པ་དམ་དུ་གཏོང་གི་འདུག རྒྱལ་སྤྱིའི་འགྲོ་བ་མིའི་རྩ་ཁྲིམས་དུ་ཡང་མི་ནི་བསམ་བློ་གཏོང་ཤེས་མཁན་གྱི་ཆ་ནས་ཞི་བའི་སྒོ་ནས་ལེགས་བཅོས་བྱེད་པ་ལས། གདུག་རྩུབ་དང་ཚེ་སྲོག་ལ་གནོད་པའི་ལས་བགྱི་མི་རུང་བར་བསྟན་ཡོད་མོད། འོན་ཀྱང་ང་ཚོས་འདྲ་མཉམ་དང་ཐོབ་ཐང་ཟེར་ནས་བཤད་ས་ཞིག་དང་། རང་དབང་དང་ཞི་བདེ་ཟེར་ནས་གླེང་ས་ཞིག་གཏན་ནས་མེད། ང་ཚོ་བདག་པོ་བཙན་པོ་ཞིག་སྒོ་ཁྱི་དང་ཁྱད་པར་ཅི་ཡང་མེད།
བོད་ནང་དུ་མེ་སྲེག་གྱི་ལས་འགུལ་མུ་མཐུད་སྤེལ་གྱིན་པ་མི་མང་པོ་ཞིག་ལ་སེམས་འཚབ་ཆེ་བ་ཡོང་གི་ཡོད་པ་རེད། འདི་ནི་མིའི་ཚེ་སྲོག་ལ་རིན་ཐང་ཆེ་བས་རེད། འདི་ནི་འགྲོ་བ་མིའི་རྩིས་མཐོང་ཆེ་བས་རེད། འོ་ན་ང་ཚོས་ལས་འགུལ་ཀྱི་རྒྱུད་རིམ་དང་ངོ་བོ་འདི་ཇི་ལྟར་གླེང་དགོས་སམ། དེ་ཡང་རང་ཉིད་མེད་པར་གཏོང་བ་ནི་འཚེ་མེད་ཞི་བའི་མཐར་ཐུག་གི་ངོ་བོར་འཇོག་དགོས་ནའང་། རྒྱ་ནག་སྲིད་གཞུང་གིས་ད་དུང་མགོ་མཁྲེགས་པོ་བྱས་ནས་འདུག་སྟངས་ལ་བལྟས་ན། ཤེས་རིག་གི་དུས་རབས་འདིའི་ནང་། འཛམ་གླིང་གི་ངོ་གདོང་ནས། རྒྱ་ནག་ད་དུང་དྲང་ལམ་ཞིག་ཏུ་བུད་མེད་པ་གསལ་བོར་བསྟན་པ་རེད།
ཆུ་མ་ཡོང་གོང་གི་རགས་ཟེར་བའི་དཔེ་ལྟར། རང་ཉིད་བོད་པ་ཞིག་ཡིན་པའི་འདུ་ཤེས་ཇེ་ཟབ་ལ་འགྲོ་བཞིན་པའི་དེང་སྐབས། བློ་སྟོབས་ཀྱིས་དོན་དངོས་ཁུར་དུ་ལེན་པ་དང་རང་ཚུགས་བརྟན་པོ་བྱེད་དགོས་པ་དང་། ང་ཚོ་གསོན་པའི་ཆེད་དུ་འཇིག་རྟེན་ལ་ཡོང་བ་དང་། བོད་མི་ཞིག་གི་སྐྱེ་བ་བླངས་བ་རེད། ཚེ་སྲོག་ལ་རིན་ཐང་བྲལ་བས། འུ་ཐུག་གི་གནས་སུ་ལྷུང་དུས་ཀྱང་། བོད་ཟེར་བའི་ཡིག་འབྲུ་གཉིས་ཀླད་པ་ནང་དུ་ཉར་དགོས་པ་ནི་མ་འོངས་པའི་འཚོ་བའི་ཁ་ཕྱོགས་དང་འབྲེལ་བ་ཡོད་པས་ཡིན།
འཛམ་གླིང་ཡོངས་ནས་འགྲོ་བ་མིའི་རིན་ཐང་དང་རྩིས་མཐོང་གླེང་བཞིན་པའི་སྐབས། དྲག་པོ་དཔུང་གིས་གཡུལ་བཤམས་པ་ནི། ཧ་ཅང་གཏུམ་སྤྱོད་ཀྱི་བྱ་སྤྱོད་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད། གནས་སྟངས་འདི་འདྲ་ཞིག་གི་སྐབས་སུ། ཚེ་སྲོག་སྣང་མེད་དུ་འཇོག་པ་ནི། རྒྱ་ནག་གཞུང་འཛམ་གླིང་ལ་ཁ་ཕྱོགས་མ་ཐུབ་པ་རེད། མོའོ་ནས་རྒྱུད་པའི་དབང་འཛིན་པའི་སེམས་ཀྱི་དུག་རླངས་དེ་བཟི་ཁ་བཙན་དྲགས་པས་རེད། འཛམ་གླིང་གཅིག་གྱུར་དང་ཕན་ཚུན་མནའ་འབྲེལ་འཛུགས་བཞིན་པའི་སྐབས་སུ། རྒྱ་ནག་དམར་ཤོག་རྫིག་རྫིག་བྱེད་པ་ནི། འཆི་ཁའི་འཕག་ཚག་ཞིག་ཡིན་པའི་གསོལ་བ་སྨོན་ལམ་འདེབས་པ་དང་སྦྲགས། བློ་ཁ་ཆོས་ལ་འགྱུར་བར་ཤོག་ཅེས་གདུང་བས་སེམས་བསྐྱེད་ཀྱི་སྨྲེ་ངག་ཞིག་ཀྱང་འདི་ལྟར་ཐལ་ལོ།།