སྙན་བཟང་གཡུང་དྲུང་ཚེ་རིང་།
ལྷོ་ཕྱོགས་རླུང་གིས་མཐའ་ཡས་རྒྱ་མཚོ་ལྟེབས་པའི་ཤུགས་ཀྱིས་རླབས་ཀྱི་ཕྲེང་བ་གནམ་ལ་འཕྱོ་བཞིན་མཚོ་ཡི་ངོགས་སུ་བྲེལ་ཏེ་འོང་། །
གཡོ་ཞིང་འཁྱོམས་པའི་གྲུ་ཆུང་དག་ནི་མཚོ་ཡི་གཉེར་མའི་ངོས་སུ་ཞུགས་ཏེ་དམིགས་པ་མེད་པར་རྒྱང་རིང་ཞིག་ལ་སྙེག་པར་བྱེད། །
ཉ་པ་རྒད་པོས་མཚོ་ནས་དྲངས་པའི་འཁྱུག་ལྡན་ཉ་མོ་རྡོ་གཅལ་སྟེང་ན་འཕག་ཚག་རྒྱག་བཞིན་མིག་གཉིས་འབྱེད་ཅིང་ཟུམ་པར་འགྱུར། །
མཚོ་བྱ་ཁྱུ་ཞིག་མཐོ་སར་འཕུར་ཡང་གློ་བུར་ཉིད་དུ་ཅི་ཞིག་མཐོང་བས་གཤོག་པ་ལེབ་མོ་རབ་ཏུ་བསྐུམས་ནས་མཚོ་ཡི་གཏིང་སར་འཛུལ་བར་བྲེལ། །
བྱིས་པ་རྣམས་ཀྱིས་མཚོ་ཡི་འགྲམ་དུ་བྱེ་མའི་མཁར་དང་རྩེད་རྭ་ལས་བཞིན་སྤྲོ་བས་མྱོས་ཏེ་གནམ་ལ་ལྡིང་ནས་དགའ་མདོག་སྟོན། །
བྲང་གི་མྱོས་བུམ་ལྷུག་ལྷུག་འདར་བའི་མཛེས་ལྡན་མ་ཞིག་འཕོངས་ཚོས་ལྡེམ་གྱིན་སྒེག་པའི་འགྲོས་ཀྱིས་ཆགས་པའི་རྣམ་འགྱུར་སྟོན་བཞིན་འགྲོ། །
འདོད་ལྡན་དེ་ཡིས་རང་གི་དགའ་མ་གཡས་ནས་བཞག་སྟེ་གཡོན་ལ་བལྟ་བཞིན་སྐོམ་གདུང་དྲག་པོས་གསང་བའི་གནས་དེར་ག་ལེར་རེག །
སྣང་བ་མཐོ་བའི་ཨ་ཅག་ཅིག་གིས་རྩྭ་ཞྭའི་ངོས་ཀྱི་བྱ་རྟུག་འབྲད་བཞིན་ཅི་འདི་མེད་པར་ཁོང་ཁྲོ་ཆེན་པོས་གནམ་ལ་འཁོར་ནས་སྡིག་དམོད་འདོན། །
རྒས་ཤིང་འཁོགས་པའི་རྒན་རྒོན་རྣམས་ཀྱང་འཁར་བར་བསྙེས་ཏེ་རྒྱང་ལ་གཅེར་བཞིན་སེམས་ཀྱི་སྣང་བ་འདས་པའི་སྒྱུ་མའི་ཀློང་དུ་འཐིམ། །
རི་མོ་མཁན་གྱིས་ཚོན་ལྡན་པུར་སྨྱུག་གཡས་སུ་བསྐོར་ཅིང་གཡོན་དུ་བསྐོར་ནས་མི་རྟག་ཆོས་རྣམས་ང་ཡི་སྙན་ངག་ཇི་བཞིན་འབྲི། །
༢༠༡༥/༠༨/༠༤ ཉིན་གྱི་ཞོགས་པར།
ས་ཕྱེད་བྱེ་ཐང་ས་ཕྱེད་མཚོ་རླབས། །
ས་ཕྱེད་རློན་ལ་ས་ཕྱེད་སྐམ་སར། །
དགའ་སྡུག་སྣ་ཚོགས་སྙན་དངགས་སྦྱར་ནས། །
མཚོ་འགྲམ་མགྱོགས་བྲིས་ཡིད་ལ་ཐད་བྱུང་། །
བྱ་སྟུག་འདི། བྱ་རྟུག་ཡིན་པ་འདྲ།
ཀརྡོ་ལགས། ཁྱོད་བདེན། ད་བཅོས་ཡོད།
ཨ་ལས་རྩོམ་པ་པོ་སྙན་བཟང་ཡིན་པ་འདྲ་མཚན་མཐོང་མ་སོང།༼།རི་མོ་མཁན་གྱིས་ཚོན་ལྡན་པུར་སྨྱུག་གཡས་སུ་བསྐོར་ཅིང་གཡོན་དུ་བསྐོར་ནས་མི་རྟག་ཆོས་རྣམས་ང་ཡི་སྙན་ངག་ཇི་བཞིན་འབྲི། ༽
པུར་སྨྱུག་ཅེས་པས་པུར་ཅེས་པ་སེམས་མེད་བེམ་པོའི་རོ་ལ་གོ་བས་རོ་སྨྱུག་ཅེས་གོ་བ་ཡིན་ནམ། སྨྱུ་གུ་ལ་པིར་ཅེས་འབྲི་སྲོལ་ཡོད་པར་མཐོང་ད་གང་ཤེས་མི་རྒས་དུས་དྲན་པ་མི་བརྟན་ཀི།
སྤུ་སྨྱུག་ཅེས་འབྲི་སྲོལ་ཡོད་པ་མ་གཏོགས་པུར་སྨྱུག་ཅེས་འབྲི་སྲོལ་ཆེར་མེད། ཡིན་ཡང་སྟོབས་ཤུགས་ཞེས་པའི་མིང་ཚིག་འབྲི་སྲོལ་ལ་གཞིགས་ན་པུར་སྨྱུག་ཅེས་ནང་དོན་འདྲ་བའི་མིང་ཚིག་ཉིས་བརྩེགས་བྲིས་ཀྱང་སློབ་དཔོན་ཐོན་མིས་འགྲམ་ལྕག་རང་ད་ཨེ་གཞུ་བསམས་སོང་།
ཐོན་མིས་འགྲམ་ལྕག་གཞུ་ན་ཏུན་ཧོང་ཡིག་རྙིང་དང་རྡོ་རིང་དང་དྲིལ་བུའི་ཡིག་རྙིང་དེ་ཚོར་གཞུ་དགོས་པ་འདུག དུས་ཚོད་ཕལ་ཆེར་དེ་རང་གི་སྐབས་སུ་བྲིས་པ་རེད།
ཀླུ་སྨྱོན་ལགས།ངོ་མ་སྙན་པོ་བྱུང་སོང་།
གོང་དུ་ནོར་འདུག སྙན་བཟང་སྙན་བྱུང་།