ཐེ་བོ་དཀོན་སེང་།
སྲིད་འདིར་ངོ་མཚར་སྟོང་གིས་རབ་བརྒྱན་པའི།།
དམ་པ་མང་བོ་བྱོན་པའི་སྐྱེས་བུའི་ཁྲོད།།
ཨུ་དུམ་ཝ་ར་བཞིན་དུ་མངོན་འཕགས་པའི།།
ང་ཡི་བླ་མའི་མཛད་འཕྲིན་རྒྱས་གྱུར་ཅིག།
ངན་སྤྱོད་རྒྱན་དུ་ངོམ་པའི་དེང་གི་དུས།།
དམ་ཚིག་རལ་བའི་དམ་པ་མང་ན་ཡང་།།
དམ་མིན་ལྟུང་བས་ཆ་ཙམ་མ་གོས་པའི།།
ང་ཡི་བླ་མའི་མཛད་འཕྲིན་རྒྱས་གྱུར་ཅིག།
བླང་དོར་འབྱེད་ལ་བློ་མིག་ལྡོང་གྱུར་ཅིང་།།
སྡུག་གི་གཡང་སར་འཚང་བའི་འགྲོ་བ་ལ།།
ཕན་བདེ་ལམ་བཟང་གསལ་བར་སྟོན་མཛད་པའི།།
ང་ཡི་བླ་མའི་མཛད་འཕྲིན་རྒྱས་གྱུར་ཅིག།
ཞལ་ལས་རིས་མེད་གསུངས་པ་ཙམ་མིན་ལ།།
དོན་གྱིས་གྲུབ་མཐའ་རིས་མེད་སྐྱོང་མཁས་པས།།
རིས་མེད་བསྟན་ལ་སྟོན་པའི་ཁུར་བཞེས་པའི།།
ང་ཡི་བླ་མའི་མཛད་འཕྲིན་རྒྱས་གྱུར་ཅིག།
ཆོས་ཀྱིས་སྲིད་ལ་གནོད་པའི་ཆོས་ཚུགས་མེད།།
སྲིད་ཀྱིས་ཆོས་སྲོལ་སྣུབ་པའི་དཔོན་ཚུལ་མེད།།
ཆོས་སྲིད་ཟུང་དུ་འབྲེལ་བའི་ལམ་སྟོན་མཁན།།
ང་ཡི་བླ་མའི་མཛད་འཕྲིན་རྒྱས་གྱུར་ཅིག།
གཡོ་སྒྱུས་འཁོར་སློབ་སྡུད་པའི་ཧམ་པ་མེད།།
དད་ལྡན་མགོ་སྐོར་བྱེད་པའི་གྲུབ་རྟགས་མེད།།
གནས་ལུགས་གསུང་གིས་འགྲོ་བ་འགུག་མཁས་པའི།།
ང་ཡི་བླ་མའི་མཛད་འཕྲིན་རྒྱས་གྱུར་ཅིག།
གནའ་སྲོལ་ཡོད་ཚད་འཛིན་པའི་ཨུ་ཚུགས་མེད།།
དེང་ལུགས་ཡོད་ཚད་འདོར་བའི་ཕོད་ཚོད་མེད།།
ལེགས་ཉེས་འདམ་གར་མཁྱེན་དཔྱོད་རབ་ཡངས་པའི།།
ང་ཡི་བླ་མའི་མཛད་འཕྲིན་རྒྱས་གྱུར་ཅིག།
ཉེར་གཅིག་དུས་ཀྱི་འཁོར་འགྲོས་རྗེས་ཟིན་པའི།།
ཆོས་སྲིད་འཛིན་སྐྱོང་བྱེད་ལ་ཟླ་བྲལ་བའི།།
ཉམས་མྱོང་ཕྱུག་པའི་སློབ་གསོའི་བདག་པོ་མཆོག།
ང་ཡི་བླ་མའི་མཛད་འཕྲིན་རྒྱས་གྱུར་ཅིག།
ཅེས་པ་འདི་ཁོང་རིན་པོ་ཆེའི་འཁྲུངས་སྐར་དུས་ཆེན་བསུ་བའི་ལེགས་སྐྱེས་སུ་སློབ་མའི་གྲལ་ཐ་བ་ཐེ་བོ་དཀོན་སེང་དུ་འབོད་པས་ ༢༠༡༥/༦/༢༣/གུས་པས་སྦྱར།