་བྱ་སྨྱོན་པས།
ཁོར་ཡུག་གི་དབང་གིས། སེམས་ཁམས་ལ་ལྷིང་འཇགས་ཀྱི་རྣམ་པ་མི་ཤར་ལ།
ཡིད་སེམས་ལ་འཇམ་ཤ་ལྷོད་པའི་ཚིག་འབྲུ་གཅིག་ཀྱང་ཡོང་དཀའ། ཁོར་ཡུག་གི་དབང་གིས།
མི་ཚང་མ་བྲེལ་འཚུབ་ཀྱིས་ཕར་འགྲོ་ཞིང༌། བྲེལ་འཚུབ་ཀྱིས་ཚུར་ལ་འོང༌།
དེ་ནི་དཔལ་འབྱོར་གྱི་ཐལ་འཚུབ་ལངས་བའི་འཐབ་ར་ཞིག་ཏུ་འགྲེངས་ཡོད་པས་རེད།
ས་མཐའི་གྲུ་ཟུར་གང་ནས་ཀྱང༌། ང་ཚོའི་རེ་བལྟས་ཀྱི་མ་འོངས་པ་ནི།
སྐྱ་ཐག་གེར་སོང་བའི་ངོ་གདོང་འདྲེས་མ་ཁ་ཤས་ཤིག
ག་ལེར་འགུལ་གྱིན་པའི་སྣང་ཚུལ་ལས་གཞན་ཅི་ཡང་མི་མཐོང༌།
བྲེལ་ཤ་ལངས་པའི་མི་ཚོགས་ནི་ནུབ་ཕྱོགས་ཀྱྀ་མགྲོན་པོ་ཡིན་པའི་སྣང་བ་འཁོར་ལ།
ཁ་ཐོར་ནི་ནམ་ཡང་ཁ་ཐོར་ཡིན་པའི་གནས་ལུགས་འདིས་ཀྱང༌།
ཡུལ་གྱར་བའི་མི་ལ་གདོང་རྟགས་བརྒྱབ་པ་དང་ཀུན་ནས་མཚུངས།
ཁོར་ཡུག་འདིར། མ་གོམས་པའི་སྔ་རོལ་དུ།
མི་ཚེ་ནི་དཀའ་སྡུག་ཉག་གཅིག་གིས་གྲུབ་པའི་འབྲས་བུར་བརྡར་ཤ་ཆོད་སོང་ནའང༌།
མི་ལོ་ལྔ་བཅུ་འདས་པའི་དེ་རིང༌། སོས་དལ་བག་མེད་ཀྱི་ཁོར་ཡུག་ཅིག་ལས།
གནས་ལུགས་འཚོལ་མཁན་དང༌། བདེན་པ་བརྡར་སའི་ལམ་བུ། ཇི་འདྲའི་གུ་དོག་པ་ལ་ཨང༌།
སྤྱིར་ཁོར་ཡུག་གི་བཟང་ངན་ལ་བརྟེན་ནས། མི་རབས་སྐྱེད་བསྲིང་གི་ནུས་པ་ཐོན་གྱི་ཡོད་ནའང༌།
ཡུལ་གྱར་བ་སྔ་མ་དག་སྐར་མདའ་ལྟར་བཞུད་དུས། མདུན་བསྐྱོད་ཀྱི་སྤོབས་པ་ཁུར་མཁན་དང༌།
དུས་རབས་ཀྱི་ཚབ་མཚོན་མི་བུ་ཞིག་སྐྱེད་བསྲིང་བྱེད་ཐུབ་མེད་པ་ནི། ཇི་འདྲའི་བློ་ཕམ་པ་ལ།
མི་རྣམས་ཁོར་ཡུག་གི་དབང་གིས། ངོ་བོ་གཞན་དུ་འགྱུར་གྱིན་འདུག བལྟས་ཀྱིན་བལྟས་ཀྱིན།
ང་ཚོའི་སྤྱི་ཚོགས་དང་ཁ་ཐག་རིང་དུ་བུད་འགྲོ། ང་ཚོའི་དམིགས་ཡུལ་དང་འགལ་ནས་བུད་འགྲོ།
དྲང་ཐིག་མེད་པའི་ཁ་ཕྱོགས་ལས། འཇིགས་ཉེན་གྱི་རྨ་ཁ་མང་པོ། ཁྲག་དམར་འཛུར་འཛུར་གྱི།
འགྱོད་གདུང་ཞིག་ཁུར་ནས་ཡལ་གྱིན་འདུག
ཁོར་ཡུག་གི་དབང་གིས། སྐད་ཆ་ལ་ལས། ཁྱོད་ཀྱི་ལྟོ་གོས་འཕྲོག་འགྲོ་ལ། སྐད་ཆ་ལ་ལས།
བདག་གི་ཕོར་བའང་བཅག་འགྲོ། ཁོར་ཡུག་གི་དབང་གིས། ཁྱི་བཞིན་ཉལ་ནས་འགྲོ་བ་མང་ལ།
ནེ་ཙོ་བཞིན་མ་ཎི་འདོན་པའང་གྲངས་ལས་འདས། ཁོར་ཡུག་གི་དབང་གིས།
སེམས་ཁམས་ལ་ལྷིང་འཇགས་ཤིག་རྙེད་དཀའ་ལ། ལུས་པོ་ལ་རང་དབང་ཞིག་ཀྱང་དེ་བས་ཡོང་དཀའ་འོ།།
༢༠༡༠།༡།༡༤ཉིན་བྱ་སྨྱོན་པས།
ཁང་སྦུག་ལ་འཛུལ་བསྡད་ན་ཅི་ཡང་མི་མཐོང་བས་སྒོར་བུད་པ་ཡིན་ནམ།
སྒོ་འགྲམ་དེ་མ་གཞི་ནས་རྒྱ་ལམ་ཞིག་ཡིན་ཚེ།
ཕར་འགྲོ་ཚུར་འོང་གི་འགྲུལ་བཞུད་པ་བརྩི་བརྩི་གྲངས་མེད་ལོས་ཡིན་ཏེ།
ང་རང་ཡང་ཆེས་ཐག་རིང་དུ་འགྲོ་བའི་ལམ་འགྲོ་བ་ཞིག་མིན་རུང་།
ས་འདི་ནི་ངའི་མི་ཚེའི་གནས་འཆའ་ས་མིན་པ་རྒྱུན་དུ་བསམ་བཞིན་ཡོད།
ངོ་གདོང་ཞིག་ལ་བལྟ་སྐབས།
དག་དག་ངོ་གདོང་ཞིག་གིས་བལྟ་དགོས་པས་ན།
མ་གཞི་ནས་ངོ་གདོང་གིས་ངོ་གདོང་མཐོང་ཐུབ་བམ།
ཡང་ན་ཚོད་དཔག་ཁོ་ནར་སྐྱབས་བཅོལ་ལམ།
ཁྱེད་ཀྱི་སེམས་པ་འདི་མ་གཞི་ནས་ཏག་ཏག་བཞི་མདོར་འཁེལ་མི་འདུག་གམ།
ངས་ཀྱང་མན་ཇུ་ཀྲེ་ལ་ནས་འདི་འདྲ་བསམས་མྱོང་མོད།
དེང་སྐབས་ཞིབ་ཏུ་བསམས་ཚེ།
གཏན་ནས་གཞན་ཞིག་སྟེ།
ཏག་ཏག་ཁོར་ཡུག་གི་དབང་གིས་རེད་འདུག
ཁོར་ཡུག་འདིས་བསམ་གཟས་པ་མ་ཡིན་ཀྱང་།
བསམ་གཟས་པ་ལྟར་རང་དབང་མེད་པ་ནི།
ཟོ་ཆུན་འཆན་པའི་འཁོར་སྐྱོད་ཉིད་དོ།།
མི་ཚོགས་གྲོག་མ་བཞིན་འགུལ་ས་ན།
ཡུར་ཆུ་ཤོར་བ་བཞིན།
གཏམ་ཚོགས་ཀྱི་རྫོང་དེ་བཞིན་མཐུག
རྫོང་མཐུག་ས་ན།
སྦགས་བཙོག་གིས་བཟོས་བའི་ས་ཁམས་འདི།
ད་གཟོད་ཤ་ཟད་རུས་ཐུག་གི་མྱ་ངན་ཧ་ཅང་ལྕི།
འདི་༌༌༌༌༌༌༌༌༌༌
འདི་ལྟར་རྫོགས་ལ་ཉེ་དུས།
ང་ཚོས་གཞི་ནས་སྨྲེ་ངག་འགེབས་མི་ཐུབ་པ་ཞིག་ཤོར་བཞིན།
ང་ཚོས་གཞིན་ནས་མིག་ཆུ་རྫོགས་མེད་ཞིག་བརྡོལ་བཞིན།
སུ་ཞིག་གི་ཡ་ཐོད་ལ་བར་མེད་རྡུང་།
འདི་ནི་མིའི་གཤིས་ཀ་ཞིག
འདི་ནི་མིའི་ནམ་ཡང་ཁ་ཕྱོགས་ནོར་བའི་གཡབ་མོ་ཞིག
འདི་ལྟར་༌༌༌༌ས་གཞི་ཧྲིལ་བོ་འདི་རྫོགས་དགོས།