ཨེ་མ་ཧོ།
དཀོན་མཆོག་ཀུན་འདུས་ངོ་བོ་བླ་མ་རྗེ།།
བྱང་ཆུབ་སེམས་མཆོག་རང་བཞིན་ཡི་དམ་ལྷ།།
བདེ་སྟོང་ཡེ་ཤེས་ཐུགས་རྗེ་མཁའ་འགྲོ་མ།།
དབྱེར་མེད་རང་རིག་ཡེ་ཤེས་རྟག་ཏུ་རྒྱལ།།
ཕྱི་སྣོད་དྭངས་བཅུད་འབྱུང་བའི་ནུས་པ་ཉམས།།
ནང་བཅུད་སྐྱེ་འགྲོའི་ལོག་རྟོག་སེམས་ཁམས་འཁྲུལ།།
རིག་གནས་མི་བརྩོན་ཕྱི་རོལ་དོན་གཉེར་ལ།།
ཕན་བདེའི་སྙིང་གཏམ་རི་མོ་འདི་སྐད་ཐལ།།
ལྷ་མིའི་ཐེག་པའི་གཞི་རྩ་རྐང་བ་དགོས།།
ཉན་རང་འདོད་པའི་དགེ་འབྲས་ལུས་པོ་དགོས།།
བྱང་སེམས་སྒྲུབ་པའི་ཕྱིན་དྲུག་ཕྱག་རྒྱ་དགོས།།
དག་མཉམ་ལྟ་བའི་གསང་ཆེན་མགོ་བོ་དགོས།།
དགོས་པ་རྣམ་བཞི་རང་གི་ལུས་དང་མཚུངས།།
བྱིས་པ་བྱམས་སྐྱོང་གནང་བའི་རྩ་བ་དགོས།།
གཞོན་པ་བདག་སྐྱོང་མཛད་པའི་སྡོང་བུ་དགོས།།
རྒན་པ་གསོ་སྐྱོང་ནུས་པའི་ལོ་འདབ་དགོས།།
ཀུན་ལ་དཔལ་སྐྱོང་ནུས་པའི་འབྲས་བུ་དགོས།།
སྐྱོང་བ་རྣམ་བཞི་དགོས་པ་ཀུན་ལ་མཚུངས།།
གཉེན་ལ་ངོ་ལྐོག་མཚུངས་པའི་བརྩེ་དུང་གཅིག།
དགྲ་ལ་དཔའ་མཛངས་ལྡན་པས་རྒོལ་ལན་གཉིས།།
དགྲ་འདུལ་གཉེན་སྐྱོང་ནུས་པའི་ལ་རྒྱ་གསུམ།།
འཇིག་རྟེན་མི་ལུས་འཚོ་བའི་ལོངས་སྤྱོད་བཞི།།
རྒྱལ་ཁམས་ཞི་བདེ་འདོད་པ་ཐུན་མོང་ལགས།།
ཞི་བདེའི་དམ་པ་རང་སེམས་དུལ་བ་གཅིག།
སྲོག་བསླུ་དམ་པ་དཀར་ཟས་རོལ་བ་གཉིས།།
རང་དབང་དམ་པ་ཐབས་ཤེས་འཛོམས་པ་གསུམ།།
གུ་ཡངས་བློ་བདེ་རྫོགས་ཆེན་རྣལ་འབྱོར་བཞི།།
ཀུན་ལ་དགོས་པའི་སེམས་ཀྱི་བདེ་སྐྱིད་ལགས།།
ཡོན་ཏན་དགྲ་ལ་ཡོད་ན་དུང་ལེན་དགོས།།
སྐྱོན་ཆ་རང་ཕྱོགས་ཡོད་ན་ཐེར་འདོན་དགོས།།
སྐྱོན་ཡོན་གོ་ལོག་མེད་པའི་བསམ་སྤྱོད་དགོས།།
གཟུར་གནས་བློ་གྲོས་ལྡན་པ་ཀུན་མཚུངས་དགོས།།
ཀུན་བཟང་སྤྱོད་པ་རྒྱ་མཚོའི་རྣམ་ཐར་སྐྱོངས།།
ཞེས་པ་རབ་གནས་ཤིང་ལུག་དབྱར་གནས་སྐབས་སུ་སྙིང་གྲོགས་མཁའ་འགྲོ་དཔལ་ལྡན་ལྷ་མོ་དང་དཔལ་ལྡན་རྡོ་རྗེ་སོགས་གྲོགས་པོ་འགས་དེང་དུས་མི་བསམ་སྤྱོད་དང་སེམས་པ་སྐྱིད་པོ་མཐར་ཐུག་པ་དེ་གང་ལ་ངོས་འཛིན་དགོས་སམ་ཞེས་སྐུལ་ངོར་ཤྲྰི་ཨེ་མ་ཧོས་གང་ཤར་བདེན་པའི་སྙིང་གཏམ་དུ་དབྱིན་ཡུལ་ནྰ་ག་གེ་སར་གླིང་ནས་བྲིས་པར་དགེའོ།། །།