སེང་གདོང་སྐྱབས
———-༼གྲོགས་གཅོད་པ་སྐྱབས་ཀྱི་ལོག་ཕེབས་སུ་སེང་གདོང་སྐྱབས་སུ་འབོད་པས།༽
སྟོང་ལོ་དྲུག་གི་དགུན་ཟླ་སྐྱ་བོས།།
མི་རྐྱང་དག་གི་རྒྱབ་རྐང་འཁྱགས་ཤིང་།།
བཀྲེས་སྐོམ་འཚོ་བར་མུ་གེ་ཐེབས་དུས།།
སྤྲང་གཏམ་ཁྲོད་ནས་ངེད་གཉིས་འཕྲད་ཡོད།།
འབྲོག་གཤིས་རྣལ་མའི་མཚུངས་ཆོས་མིན་འགྲོ།།
སྨྲ་ལྕེ་དག་པའི་ལབ་གླེང་དེ་ཡིས།།
ལས་ཀྱི་སྐུད་ཐག་གཅིག་ཏུ་སྦྲེལ་བཞིན།།
ཕྱི་ནང་གསང་གསུམ་ཚིག་གིས་གྲོལ་ཡོད།།
སྐྱབས་བཅོལ་འཚོ་བ་གཞན་བརྟེན་ཡིན་ཡང་།།
མི་འགྱུར་གཤིས་ཀྱིས་གར་སོང་ས་རུ།།
སྙིང་སྟོབས་ཀུ་ཅོའི་ཧབ་ཆ་མཐོ་བས།།
ལུས་དང་གྲིབ་མའི་ཚོགས་དག་བསྲུངས་ཡོད།།
གོ་སྐབས་འཛིན་གྲྭའི་བློས་བཏང་དེ་ཡིས།།
ཐ་སྙད་སྒམ་འགའ་རུམ་དུ་བཅུག་ཡོད།།
ཡོད་པ་དེ་ཡི་ང་རྒྱལ་བསམ་ན།།
ས་མཐར་འཁྱམས་པའི་དོན་གོ་ཆོད་ཡོད།།
ནུབ་ཕྱོགས་འཚོ་བའི་སྒོར་ལ་དགའ་ན།།
ཁྱེད་ཉིད་འདི་ན་ཡོད་ཚོད་མིན་ཡང་།།
རྒྱང་གི་ཕ་མའི་རེ་འདུན་མ་བོར།།
ལོག་ཕེབས་འདི་གོ་ལར་ཞེན་དེ་རེད།།
གྲོགས་བརྒྱ་འཛོམས་ན་ཀ་གདུང་ཁྱེད་ཡིན།།
རིག་པ་བརྡར་ན་ཚད་མ་ཁྱེད་ཡིན།།
དབྱིན་མོ་བདའ་ན་སྨྲ་བདེ་ཁྱེད་ཡིན།།
ས་ཚོད་རི་དྭགས་འདི་ནས་ཁྱེད་ཡིན།།
གྲོགས་པོའི་ཚོགས་ཀྱི་བྲན་གཤིས་ཅན་ཚོས།།
ནུབ་གླིང་དེ་གར་གསང་སྤྱོད་བཀྲུས་ཡོད།།
དེ་འདྲ་དེ་ཡི་ཤུལ་ལུས་ང་ཚོ།།
གྲོད་ཁོག་ལྟོགས་ཀྱང་ང་རྒྱལ་ཅིག་ཡོད།།
གསར་འབྱོར་སྤྲང་བོར་མི་ཁ་ཆེ་ཆེ།།
ལན་ཆགས་ཤིག་གི་ཡང་ཆགས་ཡིན་ཡང་།།
གཡོ་སྒྱུ་ཁྲམ་གསུམ་ཚུལ་འཆོས་བར་ནས།།
རྒྱུ་འབྲས་རྒྱ་མར་ཡོ་འཁྱོག་བཟོས་མེད།།
འདུ་འབྲལ་འཁོར་བའི་ཞགས་པ་ནག་པོ།།
ལས་འཕྲོ་དེ་ཡིས་གནམ་ལ་བསྐོར་སོང་།།
བློས་ཐུབ་གྲོགས་ཀྱི་བརྩེ་བའི་རྟ་རྒོད།།
དེ་རིང་འདི་ནས་སྒྲོག་ལ་བཅིངས་ཡོད།།
ཕ་ཡུལ་ཟེར་བའི་དམིགས་པའི་གུར་ཁྱིམ།།
དམར་པོ་ཏང་གི་མདུང་རྩེར་ཡོད་ཀྱང་།།
ཕ་མ་ཟེར་བའི་བརྩེ་ཞེན་ཅན་པོ།།
གསོན་བྲལ་བྱེད་ལ་བློས་བཏང་དཀའ་གི །
རིང་ལ་ཀྱོག་པའི་འཚོ་བའི་ལམ་ཡིག །
འདི་རེད་ཅེས་པའི་གསལ་ཁ་མེད་ཀྱང་།།
རྣམ་དཔྱོད་རིག་པའི་ཚོད་དཔག་དེ་ན།།
བཀྲག་མདངས་འཚེར་བའི་སང་ཉིན་ཁྱོད་ཡོད།།
གཟའ་མཇུག་སྐལ་བ་ཡག་པོའི་དུས་འདིར།།
གྱེས་གཏམ་ཚིག་གསུམ་གློད་ལ་འབད་ཀྱང་།།
སྤྱི་སྒེར་ལས་དོན་བྲེལ་བའི་ཆ་དེས།།
རང་སར་ངལ་བའི་བཙོན་དུ་བཀོད་སོང་།།
སང་ལོ་སང་ལོའི་དབྱར་ཁ་ཞིག་ལ།།
ཡིག་ཆ་ཞིག་གི་སྟབས་ཀ་འགྲིག་ན།།
མི་ཡི་གྲལ་མཐའི་ཨམ་ཕྲུག་ང་ཡང་།།
རླུང་གི་གཤོག་པར་འཇུས་ནས་ཐོན་ཡོང་།།
ཏཱ་ལར་གྲགས་པའི་མི་ཕོ་ཞིག་གིས།།
ས་ཆེན་ཧྲིལ་བོ་ཡོམ་ཡོམ་སྒུལ་དུས།།
མི་སེར་ཙམ་གྱི་ང་རྒྱལ་དེས་ཀྱང་།།
བོད་དུ་ལོག་ལ་ཐེ་ཚོམ་ཅི་ཡོད།།
དགའ་ལ་སྐྱོ་བའི་ཚིག་གི་རྦབ་རྡོ།།
བརྩེ་བའི་རི་ནས་ཡང་ཡང་ཟགས་སོང་།།
ཚེ་ཡི་འཕེན་པ་མ་རྫོགས་བར་དུ།།
རྡོ་རྗེ་གཤིས་ཀྱི་གྲོགས་འདང་མི་འགྱུར།།
ལྡི་ལི་གསར་བ་ནས་གདུང་སེམས་དང་བཅས། སྤྱི་ལོ་༢༠༡༥/༨/༡༦ ཉིན།