ཨེ་མ་ཧོ།
དབུ།༽ ཀ་བུམ་རྩོད་པའི་བསྡུས་གྲྭ་རིགས་ལམ་མིན།།
ཁ་ཡག་བཤད་པའི་གཡོ་སྒྱུའི་འཁོར་གསུམ་མིན།།
ག་ལེ་སོམས་དང་གཉིས་ཕན་དབུ་མའི་ལུགས།།
ང་ཚོའི་ཐབས་ལམ་ཀུན་གྱི་མཐར་ཐུག་ཡིན།།
རང་།༽ ཅ་ཅོའི་སྟོང་འུར་བཤད་པའི་བཅོས་གཏམ་མིན།།
ཆ་མེད་མི་ཡིས་ལོ་རྒྱུས་ནག་བསུབས་མིན།།
ཇ་འཐུང་ངོ་དགའི་སྒེར་དོན་ཆོས་བཤད་མིན།།
ཉ་མོ་ལྕགས་ཀྱུས་བཟུང་འདྲའི་ན་ཟུག་ཡིན།།
དབུ།༽ ཏ་ཐཱ་ག་ཏའི་བསྟན་པའི་སྙིང་པོ་ཡིན།།
ཐ་དག་འཚེ་མེད་ཞི་བའི་ལམ་བཟང་ཡིན།།
ད་ལྟའི་དུས་རབས་འཚམས་པའི་བདེན་དཔུང་ཡིན།།
ན་གཞོན་ཁྱད་མེད་ཀུན་ལ་མཐུན་ཚོད་ཡིན།།
རང་།༽ པ་མེས་དགྲ་ཡིས་བསད་པའི་ཤ་འཁོན་ཡིན།།
ཕ་ཡུལ་རྩ་མེད་གཏོར་བའི་ར་མདའ་ཡིན།།
བ་གླང་ཀླད་མེད་མིན་པའི་བརྡ་རྟགས་ཡིན།།
མ་ལུས་རང་བཙན་གཙང་མ་དྲང་བདེན་ཡིན།།
དབུ།༽ ཙ་ར་མ་ཆོད་ཐག་གཅོད་བྱས་པ་མིན།།
ཚ་གྲང་མྱོང་བ་བརྗེད་ལྐུགས་སོང་བ་མིན།།
ཛ་ཡའི་བསྟན་པའི་ཤ་ཞེན་བྱས་པ་མིན།།
ཝ་བཞིན་ངུ་སྐད་ཤོར་བ་དེ་བས་མིན།།
རང་།༽ ཞྭ་ལྷམ་ཆེ་ཆུང་འདྲ་འདྲ་ལབ་པ་མིན།།
ཟ་ཆེ་འཐུང་གྲངས་མང་ཉུང་རྩོད་པ་མིན།།
འ་ཅག་ལོ་རྒྱུས་སྣང་མེད་བྱེད་པ་མིན།།
ཡ་རབ་མ་རབ་བསྒྱུར་བ་དེ་བས་མིན།།
དབུ།༽ ར་བ་གངས་དཀར་གཡང་ར་བསམ་པ་ཡིན།།
ལ་རྒྱའི་ཆོས་རིག་རང་དབང་འབད་པ་ཡིན།།
ཤ་ཞེན་བོད་འབངས་ཡོངས་ལ་འདྲ་མཉམ་ཡིན།།
ས་སྐྱོང་༧གོང་མའི་བཀའ་ཡང་དེ་ཀ་ཡིན།།
རང་།༽ ཧ་ཅང་དྲང་གཏམ་ལམ་ནས་བཤད་པ་ཡིན།།
ཨ་ཁ་དཀའ་ངལ་ཆེ་བ་བདེན་དཔུང་ཡིན།།
ཧ་བོ་གསོན་སྲེག་བྱེད་པ་མངོན་སུམ་ཡིན།།
ཨ་ཕོ་མི་རིགས་ཤིག་གི་ཕུགས་མདུན་ཡིན།།
དབུ་རང་།༽ ཨི་ལྡན་དབྱངས་གསལ་མི་ཤེས་དབུ་མ་དང་།།
ཨུ་ཚུགས་རང་དོན་མི་ཤེས་རང་བཙན་ལ།།
ཨེ་མ་ཧོ་ཡང་ངུ་མ་དགོད་དུ་ཤོར།།
ཨོ་ལོ་བསམ་ཤེས་ཡོད་ན་དེ་ག་ཙམ།།
དྲ་ཐོག་ནས་དོན་མེད་ནང་རལ་དུ་སོང་བ་དུ་མ་མཐོང་བའི་རྐྱེན་ལས་གང་ཤར་དུ་རིག་འཛིན་ཨེ་མ་ཧོས་དབྱིན་ཡུལ་གླང་ཆེན་འགྱིང་རིའི་གཡས་ཟུར་ནཱ་ག་རཀྵ་གླིང་ནས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག་གུ།། །།