བརྒྱུད་སྤྲོད་པ། ཨེ་མ་ཧོ།
བླ་རུང་ནས་ཐོན་པའི་གནས་ཚུལ་ལྟར་ན། སྤྱི་ཟླ་8 ཚེས་12 ལ་སི་ཁྲོན་དང་མཚོ་སྔོན་ཀན་ལྷོ་སྟེ་ཞིང་ཆེན་གསུམ་གྱི་མངའ་ཁུངས་ཀྱི་རྫོང་ཁག་བཞི་བཅུ་ལྷག་གི་སྡེ་དཔོན་དང་གཟུ་བ། ཤེས་ཆེན་བསམ་བཟང་གི་མི་གྲངས་བརྒྱ་ལ་ཉེ་བ་ཞིག་གསེར་རྟའི་འབྲོག་ཁུལ་དུ་བསམ་སྤྱོད་ཡར་སྐུལ་གྱི་ཚོགས་འདུ་བསྡུས་པ་རེད།
དེ་ཡང་རྟེན་འབྲེལ་གྱི་ཐོག་མར་བཀྲ་ཤིས་ལམ་ཡག་གི་བདེན་ཚིག་འགྲུབ་པའི་སྨོན་འདུན་ཁྲོད་གཏམ་བཤད་ཀྱི་སྒོ་འཕར་ཡངས་པོར་ཕྱེས་ཤིང་། དེ་ནས་སོ་སོའི་ཕུན་སུམ་ཚོགས་པའི་ཉམས་མྱོང་དང་སྦྱར་ནས་ཕྱོགས་དང་ཟུར་མི་འདྲ་བའི་སྒོ་ནས་མཐུན་འབྲེལ་ཡོད་མེད་ཀྱི་དགེ་སྐྱོན་དང་། བོད་ཁུལ་གྱི་གྱོད་གཞི་དག དང་པོ་འབྱུང་ཁུངས་ཀྱི་གནད་དོན། བར་དུ་བཤད་ལམ་ལ་མི་འཇུག་པའི་གནད་དོན། མཐའ་མར་ཞི་འཇགས་སུ་གཏོང་དཀའ་བའི་གནད་དོན་དག་དང་། ཁྱད་པར་གྱོད་གཞི་འདུམ་འགྲིག་བྱེད་པའི་གཟུ་བ་རྣམས་ཀྱི་བསམ་སྤྱོད་ལ་བསྒྱུར་བཅོས་ནན་མོ་གཏོང་དགོས་ཚུལ་སོགས་མང་ཚོགས་སྒྱུ་རྩལ་ལམ་སྲོལ་རྒྱུན་རང་བཞིན་ལྡན་པའི་ངག་རིག་ལམ་ནས་བགྲོ་གླེང་བྱས་པ་རེད།
ཐེངས་འདིའི་ཚོགས་འདུའི་བློ་འདྲི་ཡུལ་ནི་མཐུན་འབྲེལ་འབོད་སྐུལ་རང་འདུན་པ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་འདྲན་ཟླ་བྲལ་བའི་མཁན་ཆེན་རིག་དར་མཆོག་ཡིན།
གདན་འདྲེན་མི་སྣ། འཛམ་གླིང་ཤར་ནུབ་ཀྱི་རིག་པའི་གནས་ལ་མཁྱེན་རྒྱ་ཡངས་བའི་མཁས་དབང་ཚུལ་ཁྲིམས་བློ་གྲོས་དང་། མཁན་པོ་ཆོས་དབྱིངས་ཉི་མ་གཉིས་ཡིན།
མདོ་འཛིན་པ། སྒྱུ་རྩལ་བ་མགོ་ལོག་འཇམ་དབྱངས་བློ་གྲོས།
འཚོགས་ཡུལ། ཁམས་གསེར་རྟའི་ཡུལ་གྱི་གནས་མཆོག་འཛུ་ཆུང་ལྷ་རྩེའི་ཉེ་འདབས་ཡིན།
དུས་ཡུན། ཉིན་གསུམ།
གྲོས་ཆོད་བྱུང་རིགས། གྱོད་གཞི་དང་གཟུ་ཟས་ཆེ་ཆུང་སོགས་གཅིག་འགྱུར་བྱེད་པར་རང་ངོས་ནས་འཐད་པ་བྱུང་བར་མ་ཟད་ཐེངས་རྗེས་མར་རྒྱལ་ཁབ་གྱིས་གནང་བ་ཐོབ་པའི་འོག་གཞི་རྒྱ་ཆེ་བའི་གྲོས་མོལ་ཐོག་ཐག་བཅད་བྱ་རྒྱུ་དང་། བཤད་གླ་འབོད་སྟེགས་སོགས་གསར་དུ་དར་བའི་རིགས་བཙན་པོར་ཐོབ་ཅིང་གཉོམ་ཆུང་གིས་འཆོར་བཞིན་ཡོད་པའི་སྲོལ་ངན་རིགས་གཏན་བཅད་བྱེད་རྒྱུ།
གཞན་ཡང་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ཕྱིན་ཆད་སོ་སོའི་ཤེས་ཚོད་ཀྱིས་ཉེ་རིང་ཁྱད་མེད་པར་དྲང་བདེན་གྱི་ལམ་ནས་གྱོད་གཞི་འདུམ་འགྲིག་བྱེད་ཅེས་མཁན་པོ་རྣམ་པའི་མདུན་ནས་ཁས་ལེན་ཚད་ལྡན་བྱས་པ་བཅས་ཡིན།
མཇུག་མཐར་བྱིན་རླབས་ཀྱི་ཚན་ཁ་མྱུར་ཞིང་དུས་བབ་ཀྱི་ཟབ་ཆོས་བླ་ན་མེད་པ་གླིང་བྲོ་བདེ་ཆེན་རྡོ་རྗེའི་རོལ་མོའི་བྲོ་གླུ་དང་འབྲེལ། སླར་ཡང་མཉམ་དུ་འཛོམས་པའི་རེ་སྨོན་བཅས་ཁ་དགེ་བཀྲ་ཤིས་ངང་མཇུག་དྲིལ་བའོ།།
རྫོང་བཞི་བཅུ་ལྷག་གི་མི་སྣ་འཛོམས་ནས་གྱོད་གཞི་འདུམ་འགྲིག་བྱས་བྱས་སྟངས་སྐོར་ལ་འཚོགས་འདུ་ཚོགས་པ་རེད་ཟེར་གྱིན་ཡོད་རེད་པས།
སྤྱིར་བཏང་འདི་འདྲ་གནད་དོན་ཐད་ལ་བསམ་བློ་འཁོར་བ་ཡག་མོ་རེད། ཡིན་ནའང་གོང་གསལ་ཚང་མ་གུང་བྲན་ཏང་གི་སྲིད་དབང་གཅིག་བསྡུས་ཐོག་ས་གནས་རང་ལ་དབྱེ་ཞིབ་དང་ཐག་བཅད་འཛིན་བཟུང་བཅས་བྱས་བཞིན་ཡོད་པས་དེ་དང་མཉམ་དུ་ལེགས་ཉེས་དགེ་སྐྱོན་གྱི་བསམ་འཆར་འདོན་ཐུབ་ན་ནུས་ཤུགས་ཆེ་བ་ཡོད། གཞན་བོད་མི་ཁེར་ཀྱང་ཟུར་དུ་འདུ་འཛོམས་དེར་མིང་གྲགས་ཙམ་ལས་དོན་འབྲས་ཡོད་མ་རེད། བསམ་འཆར་འདོན་པའི་གོ་སྐབས་དེ་དཔེར་ན་དཀར་མཛེས་ཁུའུ་དར་མདོ་ལ་ལོ་རེ་ནང་ཆོས་ལུགས་དང་ཡུལ་མིའི་བདེ་འཇགས་ཐད་འདུ་འཛོམས་ཆེན་པོ་རེ་འཚོགས་བཞིན་ཡོད་པས་སྐབས་དེ་དུས་དགོངས་འཆར་གང་ཡོད་བཤད་དགོས་པ་རེད་མ་གཏོགས། དེ་དུས་མགོ་བདེ་བྱས་ནས་མཛུབ་མོ་གར་བཙུགས་ཤར་ལ་བལྟས། བོད་མིའི་སྤྱི་ཚོགས་ནང་མར་སླེབས་དུས་འབྲུག་སྐད་གྲགས་ན་དེ་སྟོང་སྐད་རང་ལས་མ་འདས། དེའི་སྐོར་རྒྱུ་མཚན་བགྲང་རྒྱུ་ཡོད་ཀྱང་མི་སྣ་དེ་བོད་ལ་ཡོད་ཙང་ད་རེས་འདི་ན་མིང་མི་སྨྲ། ཕྱོགས་ཡོངས་ནས་མནོ་བསམ་ཐོང་དང་ས་གནས་རང་ལ་བོད་མིའི་གནད་དོན་ཐད་བློ་ཁ་མ་གང་བ་བྱུང་ཚེ་དྲང་བདེན་གྱིས་ལྷན་འཛོམས་འདུ་ཚོགས་སར་བཤད་ན་ནུས་པ་དེ་ནས་ཐོན་གྱི་ཡོད། གཞན་མེ་སྒྱོགས་ཁར་དབྱུག་པ་ཁུར་ནས་འཛིང་འགྲོ་བ་དང་གཅིག་མཚུངས་རེད།
ས་གནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་གཏན་འབེབས་བཟོས་པ་ནས་བཟུང་བོད་མི་ནང་ཁུལ་གྱི་གྱོད་གཞི་མང་པོ་དགོན་སྡེ་ཁག་གིས་ཐག་བཅད་པ་རེད། བོད་མི་ནང་ཁུལ་དུ་མི་བསད་གྱི་གྱོད་གཞི་བྱུང་སྐབས་དགོན་སྡེ་ཁག་དང་ས་གནས་ཁྲིམས་དཔོན་ཚོས་ཐག་གཅོད་བྱས་ཀྱི་ཡོད། འདི་ནི་ས་གནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་དང་མཐུན་པའི་འགྲོ་ལུགས་ཤིག་རེད། ཡིན་ཀྱང་གནད་དོན་འདིའི་འོག་ཏུ་དྲང་བདེན་དང་འདྲ་མཉམ་མེད་པའི་གནས་སྟངས་མང་པོ་ཡོང་གི་ཡོད། དཔེར་ན། མི་བསད་གྱོད་དོན་བྱུང་སྐབས་ཁྲིམས་གཅོད་འདྲ་མཉམ་མེད་པ་མང་པོ་བྱུང་ཡོད།
མི་བསད་པ་འདྲ་འདྲ་དང་མི་ཤི་སོང་བ་འདྲ་འདྲ་ཡིན་ནའང་མི་སྟོང་འཇལ་སྟངས་ལ་མང་ཉུང་གི་ཁྱད་པར་ཡོད། འགའ་རེ་ལ་རྒྱ་སྒོར་ཁྲི་༥༠་དང་། འགའ་རེ་ལ་ཁྲི་༡༠། འགའ་རེ་ལ་ཁྲི་༥་ཡི་མི་སྟོང་འཇལ་བཅུག་པའི་ཁྲིམས་ཐག་བཅད་པ་དེ་དག་འདྲ་མཉམ་མ་རེད།
མི་འགའ་རེའི་སྲོག་གི་གོང་ཚོད་ཆུང་བ་དང་། འགའ་རེའི་སྲོག་གི་གོང་ཚོད་ཆེ་བ་བརྩིས་པའི་ཁྲིམས་ཐག་བཅད་སྟངས་འདི་ནི་དྲང་བདེན་དང་འདྲ་མཉམ་གྱི་ཁྲིམས་ཐག་བཅད་སྟངས་མིན་སྟབས་མ་འོངས་པ་ཡར་རྒྱས་གཏོང་ཐུབ་པའི་རེ་བ་གནང་རོགས།
ཉམ་ཆུང་ནུས་མེད་རྣམས་ཀྱི་སྲོག་ལ་ཁྲིམས་ཀྱི་མདུན་ས་གོང་ཚོད་ཆུང་བ་དང་། བཙན་པོ་དབང་ཡོད་ཚོའི་སྲོག་ལ་ཁྲིམས་ཀྱི་མདུན་ས་གོང་ཚོད་མཐོ་བ་བྱས་པའི་ལུགས་ངན་འདིས་རྒྱུ་འབྲས་དྲང་བདེན་རྡོག་རོལ་བཏང་གི་ཡོད་ལ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་གི་ཡོད།
ཁྲིམས་ཀྱི་མདུན་སར་རྒྱུ་ཆེ་ཆུང་དང་། དཔའ་ཡོད་མེད། དཔུང་མང་ཉུང་གི་ཐོག་ནས་ཁྱད་པར་ཕྱེས་ན་ཡག་པོ་མ་རེད། ཉམ་ཆུང་ཁྲིམས་ཀྱིས་སྐྱོང་བའི་ཡུལ་ལུང་ཞིག་ཆགས་མ་ཐུབ་ན་བདེ་སྐྱིད་ལྡན་པའི་ཡུལ་ལུང་ཞིག་ཡོང་ཐབས་མེད། མིའི་ཚེ་སྲོག་ལ་གོང་ཚོད་མཐོ་དམའ་མི་གཏོང་བའི་རེ་བ་ཡོད།
སྡེ་ཧོར་གྱི་བུ་དང་གླིང་གི་བུ།
སྲོག་དམར་པོར་གཅེས་ལུགས་འདྲ་འདྲ་རེད།
ཕོ་ཕྱུག་པོའི་བུ་དང་སྤྲང་པོའི་བུ།
དྲིན་ཕ་མའི་གཅེས་ཕྲུག་འདྲ་འདྲ་རེད།་་་ཅེས་ཁ་རྒྱུན་ལ་ཡོད་པ།
མི་ཉམ་ཆུང་སྐྱོང་བའི་ཁྲིམས་ལུགས་ཤིག
བུ་རྒོད་པོར་མནོན་པའི་ཁྲིམས་དཔོན་ཞིག
སྲོག་འདྲ་མཉམ་འཚོ་སའི་ལུང་པ་ཞིག
དེ་བྱུང་ན་ཡུལ་ལ་བདེ་སྐྱིད་ཡོད།།
༄༅། །ཐུགས་བསྐྱེད་སྨོན་ལམ་དུས་སུ་སྨིན་པ་དང་།།
མཁས་བཙུན་བཟང་གསུམ་འགྲན་ཟླ་བྲལ་པ་ཡི།།
མཁན་པོ་ཚུལ་ཁྲིམས་བློ་གྲོས་ག་ལ་བར། །
དེ་རུ་ཆོས་དང་མཐུན་པའི་ཡར་རྒྱས་ཡོད། །
འདི་ཕྱི་དོན་གཉིས་འགྲུབ་པའི་དགའ་སྟོན་གདའ། །