འཇམ་དབྱངས་དཀར་པོ།
འཛམ་གླིང་གི་ཆེས་མི་གྲངས་མང་པོའི་རྒྱ་ནག་ནང་མཁའ་རླུང་འབག་བཙོག་གིས་ཉིན་རེར་མི་ ༤,༠༠༠ གསོད་ཀྱི་ཡོད། ཨ་རིའི་ཁཱེ་ལེ་ཧྥོར་ནེ་ཡ་གཙུག་ལག་སློབ་གཉེར་ཁང་གི་དངོས་ཁམས་སྡེ་ཚན་གྱིས་གྲངས་ཐོ་བཀོད་པ་ལྟར་ན། རྒྱ་ནག་ནང་སྙིང་དང་གློ་བའི་ཁྲག་རྩ་འབག་བཙོག་གིས་བཀག་པའི་དཀའ་ངལ་འོག་ལོ་རེར་མི་གྲངས་ས་ཡ་ ༡.༦ ཤི་ཡི་ཡོད། འདི་ནི་རྒྱ་ནག་གི་མཁའ་རླུང་བཙོག་པས་མི་བསད་པའི་ཞིབ་འཇུག་གྲུབ་དོན་ཐོག་མ་དེའང་རེད། ཞིབ་འཇུག་ཚོགས་པས་རྒྱ་ནག་ནང་རྡོ་སོལ་བཀོལ་སྤྱོད་ཤུགས་ཆེ་དྲགས་པ་དང་། གློག་བཀོལ་སྤྱོད་མང་དྲགས་ཏེ་ཚ་ཤུགས་ཆེ་རུ་འགྲོ་བར་སྐྱོན་བརྗོད་ཀྱང་བྱས་འདུག
གློག་ཀླད་དང་རྩིས་རིག་གི་ལམ་ནས་སྙིང་དང་། གློ་བ། རྩ་ལམ་བཅས་ལ་བརྟག་དཔྱད་བྱས་ཏེ། མཁའ་རླུང་བཙོར་པོ་དང་། དེ་མིན་པའི་འབག་བཙོག་གཞན་གྱིས་མི་ཇི་ལྟར་ཤི་བར་དབྱེ་ཞིབ་བྱས་ཡོད།
ཞིབ་འཇུག་ཚོགས་ཆུང་གི་འགོ་གཙོ་དང་རྩོམ་པ་པོ་རོ་བྷར་ཊི་ རཱོ་ཊི་ (Dr Robert Rohde) མཆོག་གིས་”རྒྱ་ནག་གི་མི་བརྒྱ་ཆ་ ༣༨ མཁའ་རླུང་བཙོག་སར་འཚོ་སྡོད་བྱས་ཡོད་པས། འཕྲོད་བསྟེན་གྱི་ཚད་གཞི་ཧ་ཅང་སྐྱོ་བོ་རེད་”ཟེར། ཁོས་མུ་མཐུད་ནས་”འདི་ཧ་ཅང་གྲངས་ཀ་མང་པོ་རེད། གྲངས་ཀ་འདིས་ཁྱེད་ཀྱི་སེམས་བྱེད་དཀའ་བའི་ཚོར་བ་ཞིག་གིས་འཐུམ་ངེས་རེད། མཁའ་རླུང་སྡུག་ཤོས་ཤིག་ནི་པེ་ཅང་གི་བྱང་ཤར་ཕྱོགས་རེད་”ཟེར།
རྒྱ་ནག་གི་དགུན་དུས་ནི་རྡོ་སོལ་གྱིས་མཁའ་རླུང་དང་ཁོར་ཡུག་ཡོངས་རྫོགས་འབག་བཙོག་བཟོ་བའི་དུས་ཤིག་ཡིན་མོད། སྤྱི་ལོ་ ༢༠༢༢ ལོར་རྒྱལ་སྤྱིའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་ལ་འཚོག་རྒྱུ་གཏན་འཁེལ་བ་ནི་ཅུང་བསམ་ཡུལ་ལས་འདས་པ་ཞིག་ཡིན་པའི་བསམ་ཚུལ་ཡང་བཏོན་འདུག