རྩོམ་པ་པོ། ཇ་ཡ་པ་ལན།༼དབྱིན་ཡིག༽
སྒྱུར་པ་པོ། ལྷ་མོ་སྐྱབས། ༼བོད་ཡིག༽
སྤྱིར་མཚན་ཉིད་ཀྱིས་བརྗོད་བྱ་དེའི་ཁྱབ་ཚད་ལ་ཚད་གཞི་འཛིན་ཞིང་གསལ་བར་བྱེད། དེ་ཡིས་ས་མཚམས་དག་བཟོ་བར་བྱེད་ཅིང་སྒྲིག་གཞི་གཞན་ལས་དབྱེ་བ་འབྱེད་པ་ཡིན། ལོ་རྒྱུས་ལ་གཞིགས་ཏེ་བརྗོད་ན་མཁས་པ་དང་སྨྱུག་ཐོགས་པ་རྣམས་ཀྱིས་འགྲེལ་བཤད་སྣ་ཚོགས་པ་ཞིག་བརྒྱབས་ཡོད། ལོ་རྒྱུས་ཀྱི་འགྲེལ་བཤད་སྣ་ཚོགས་ཤིག་མཆིས་ནའང་། མཐར་གཏུགས་ཀྱི་མཚན་ཉིད་ཅིག་ད་དུང་མེད་པ་ལ་ཕར་ཆེར་ཡོད་ཀྱང་སྲིད་པ་མ་ཡིན།
གྷི་རི་ཀི་རྣམས་ནི་ལོ་རྒྱུས་འགྲེལ་བཤད་ཀྱི་སྲོལ་འབྱེད་པ་ཡིན། ལོ་རྒྱུས་historyཞེས་པའི་བརྡ་ཆད་འདི་སྔོན་ཆད་གྷི་རི་སིའི་ཐ་སྙད་དུ་ཨི་སི་ཁྲོ་རིའི་ཡཱ་istoria ཞེས་རྙེད་རྒྱུ་ཡོད་ཅིང་། དེའི་གོ་དོན་ནི་ཞིབ་འཇུག་གམ་ཉམས་ཞིབ། དེ་ཡང་ཞིབ་འཇུག་ལས་རྙེད་པའི་གྲུབ་དོན་ཞིག་ཏུ་འདོད། རོ་མ་ཡིས་གྷི་རི་སི་ནས་ལོ་རྒྱུས་ཀྱི་གོ་དོན་རྟོགས་པ་ཡིན། དེ་ནི་འཛམ་གླིང་སྐད་ཡིག་གཞན་དག་ལ་རིམ་བཞིན་ཁྱབ་པ་ཡིན་ཞིང་གལ་གནད་ཅིག་ཏུ་ངོས་བཟུང་བ་རེད། ཡེ་ཤུ་འཁྲུངས་བའི་སྔོན་གྱི་དུས་རབས་ལྔ་བའི་དཀྱིལ་དུ་ལོ་རྒྱུས་ཀྱི་ཡབ་ཆེན་ཏེ་ཧེ་རོ་ཊོ་ཁྲོས་སུ་Herodotus ཡིས་གྷི་རི་སི་དང་པར་ཞི་ཡན་གཉིས་ཀྱི་འཐབ་འཁྲུག་དང་འབྲེལ་བའི་རང་ཉིད་ཀྱི་ཟིན་ཐོ་ཞིག་བྲིས་ཡོད། ཁོང་གིས་དེ་ལ་<<ཧེ་རོ་ཊོ་ཁྲོས་སུ་ཡི་ལོ་རྒྱུས་>>ཞེས་མིང་བཏགས། འདི་ནི་སྐབས་དེ་དུས་སུ་བྱུང་བའི་དོན་རྐྱེན་དང་ཁོས་གྷི་རི་ཀི་དང་པར་ཤི་མི་མང་གཉི་གའི་འཐབ་འཁྲུག་གི་དོན་རྐྱེན་ཁྲོད་རང་ཉིད་ཀྱི་ཞིབ་འཇུག་དང་འཚོལ་ཞིབ་ཀྱི་གྲུབ་འབྲས་དེ་ལ་གོ་དགོས་པ་ཡིན།
ཧེ་ལེ་ཁར་ན་སོས་སི་ཡི་Halicarnassus ཊེ་ཡཱ་ཎའི་སོས་སི་Dionysius ནི་ལོ་རྒྱུས་ཀྱི་གལ་གནད་རྩ་དོན་སྨྲ་མཁན་ཆེས་ཐོག་མ་ཞིག་ཡིན། ཁོང་ན་རེ་“ལོ་རྒྱུས་ནི་མིག་དཔེ་ལས་བྱུང་བའི་མཚན་ཉིད་རིག་པ་ཞིག་ཡིན།”ཞེས་སྨྲས། ཁོང་གིས་མིག་དཔེ་ཞེས་པ་ནི་མེ་ཚེ་ལས་བྱུང་བའི་བྱ་དངོས་དག་ལ་གོ་དགོས། སྐུ་ཞབས་ཝེལ་ཁྲར་Walter Raleigha གྱིས་དུས་རབས་མང་པོའི་རྗེས་སུ་གོང་གི་བསམ་བློའི་འདུ་ཤེས་ལད་ཟློས་བྱས་ཏེ་“འདས་སོང་དུས་ཀྱི་མིག་དཔེ་དག་གིས་ང་ཚོར་ལམ་སྟོན་བྱེད་རྒྱུ་ནི་ལོ་རྒྱུས་ཀྱི་མཐར་གཏུགས་དང་དམིགས་བྱ་ཡིན་ལ་དེ་ལྟ་བུའི་ཤེས་རབ་ཀྱིས་ང་ཚོའི་འདོད་འདུན་དང་བྱེད་སྟངས་དག་གི་ལམ་སྣ་འདྲེན་སྲིད།
རླབས་ཆེན་མཚན་ཉིད་རིག་པ་སྨྲ་བ་ཨེ་རི་སི་ཊོ་ཁྲལ་Aristotle གྱིས་“ལོ་རྒྱུས་ནི་འགྱུར་མི་སྲིད་པའི་འདས་སོང་གི་ཟིན་ཐོ་ཞིག”ཅེས་འགྲེལ་ཡོད་ལ་“དཀོན་མཆོག་གིས་ཀྱང་བསྒྱུར་དུ་མེད་”ཅེས་ཀྱང་སྨྲས།
ཧྥ་རན་སི་སི་པེ་ཀོན་གྱིས་“ལོ་རྒྱུས་ནི་སྒྲིག་ཁྲིམས་ཤིག་སྟེ་དེ་ཡིས་མི་སྤྱང་གྲུང་ཅན་དུ་བསྒྱུར”ཞེས་སྨྲས། ཁོང་ལ་མཚོན་ན་ལོ་རྒྱུས་ཀྱིས་ཞི་དུལ་བག་ཕེབས་ཅན་དུ་འཁྲིད་པར་བྱེད་ཅིང་ཁོང་གིས་དེ་ལ་ཤེས་རབ་ཟེར། དེའི་ཕྱིར། ཁོང་གིས་ཤེས་རབ་བློ་གྲོས་ཀྱི་སྤྱང་གྲུང་ཁོ་ན་ལས་ལོགས་སུ་དབྱེ།
འཇན་མན་མཚན་ཉིད་རིག་པ་སྨྲ་བ་ཧི་གྷལ་Hegel དང་དབྱིན་ཇི་ལོ་རྒྱུས་སྨྲ་བ་གྷ་སྤོན་Gibbon གཉིས་ཀྱིས་ལོ་རྒྱུས་ལ་སྐྱོ་སྣང་རང་བཞིན་གྱི་འགྲེལ་བཤད་བྱས། ཧི་གྷལ་གྱིས་“ཉམས་མྱོང་དང་ལོ་རྒྱུས་ཀྱིས་ཅི་ཞིག་ཁྲིད་ཡོད་ཅེ་ན། མི་མང་དང་སྲིད་གཞུང་གིས་ལོ་རྒྱུས་ཀྱི་སྒྲིག་གཞི་གཏོར་བརླག་བྱེད་པ་ལས་ཅི་ཡང་སྦྱང་མེད། དེ་ནི་འཁྲིག་རྐྱེན་སློང་བའི་ལོ་རྒྱུས་ཀྱི་བསམ་བློའི་ལྟ་སྟངས་ཤིག དེ་ལྟར་མིན་པས་ན་དམག་ཆེན་དང་པོའི་རྗེས་སུ་གཉིས་པ་ཡོང་སྲིད་རྒྱུ་མ་རེད་ལ་དེ་ནི་ཆེས་ཆེ་བའི་གོད་ཆག་ཅིག་ལས་མ་འདས་ཏེ་མིའི་རིགས་ཀྱི་དྲན་སྣང་ལས་གཏན་དུ་བསུབ་ཐབས་བྲལ། ཨེ་མར་སན་Amerson གྱིས་“ལོ་རྒྱུས་ཞེས་པ་ཞིག་དོན་གྱིས་ཡོད་པ་མ་ཡིན་ཏེ་རྟོགས་བརྗོད་ཁོ་ན་ཡིན”ཞེས་བརྗོད།
ཐོར་མ་སི་ཁར་ལེས་ཀྱིས་ཀྱང་ཨེ་མར་སིན་གྱི་ལོ་རྒྱུས་འགྲེལ་ཚུལ་ལ་མོས་མཐུན་བྱས་ཏེ་“བདག་གིས་དེར་མོས་མཐུན་ཡོད་དེ་ཐུན་མོང་ལོ་རྒྱུས་དང་མི་ཡིས་འཇིག་རྟེན་འདིར་ཅི་ཞིག་ལེགས་འགྲུབ་བྱུང་བ་དེ་ནི་ཆེས་རླབས་ཆེ་བའི་ལོ་རྒྱུས་ཀྱི་མི་རྣམས་ཀྱིས་ངལ་རྩོལ་བྱས་པ་དང་མི་སྒེར་གྱི་འཚོ་གནས་ཀྱི་ཆ་ཤས་དག་གིས་གྲུབ་པའི་སྤྱི་ཚོགས་དག་གི་བྱུང་བ་ཡིན། ལོ་རྒྱུས་ནི་གྲངས་ལས་འདས་པའི་མི་ཚེའི་གཏམ་རྒྱུད་དག་གི་ཉིང་བཅུད་ཡིན།”ཞེས་བསྙད། དོན་དམ་པར་གོ་དོན་འདི་གུ་དོགས་དང་ཚད་འགག་ཅན་ཞིག་ཏུ་འདོད་མོད། ལོ་རྒྱུས་རྟོགས་བརྗོད་དང་ཁ་འབྲལ་ཐབས་ཡོད་པ་མ་ཡིན། ཡང་སྒོས་ལོ་རྒྱུས་ཆབ་སྲིད་དང་དཔལ་འབྱོར། འགྲོ་བ་མིའི་སྤྱི་ཚོགས་འཚོ་བ་དང་ལྷན་དུ་འབྲེལ་བ་ཞིག་ཡིན་ནོ།།
ལོ་རྒྱུས་སྨྲ་བ་འགའ་ཤས་ཀྱིས་ལོ་རྒྱུས་ཀུན་སྤྱོད་ཀྱི་རིན་ཐང་ལྷན་དུ་སྒྲིབ་པར་བྱེད། ལེ་ཁིས་Lecky “ལོ་རྒྱུས་བླང་དོར་གསར་བརྗེ་ཡི་ཟིན་ཐོ་ཞིག་གམ་འགྲེལ་བཤད་ཅིག་ཡིན་”ཞེས་བརྗོད། ལེབ་ནི་ཙི་Leibnitz ཡིས་གོང་གི་ལྟ་ཚུལ་དེ་བསྐྱར་ཟློས་བྱས་ཤིང་“ལོ་རྒྱུས་ཆོས་ལུགས་ཀྱི་དོན་དངོས་དག་སྐྱེལ་བྱས་པ་ཞིག་ཡིན་”ཞེས་སྨྲས། པོའི་རིས་Burry ཀྱིས་ལོ་རྒྱུས་ཀྱི་གོ་དོན་མགོ་རྙོག་ཚ་བོ་ཞིག་བཟོས། ཁོང་ལ་མཚོན་ན་“ལོ་རྒྱུས་མང་མིན་ཉུང་མིན་གྱི་ཚན་རིག་ཅིག་ཡིན་”ཞེས་སྨྲས། གལ་ཏེ། ལོ་རྒྱུས་ཀྱི་མཚན་ཉིད་འཚོལ་ཞིབ་དང་ཞིབ་འཇུག་རང་བཞིན་ཞིག་ཡིན་པས་ན་ཚན་རིག་གི་གོ་དོན་ཡང་བྱ་དངོས་དག་གི་གནས་ལུགས་འཚོལ་རྒྱུ་དེ་ཡིན། དེ་བས་པོའི་རིས་ཀྱི་ལོ་རྒྱུས་གོ་དོན་ཁོངས་དག་ཅིག་ཏུ་འཁུམས། ཁི་རོ་སི་ཡིས་Croce “ལོ་རྒྱུས་ཡོད་ཚད་བར་བརྒལ་ཙམ་གྱི་ལོ་རྒྱུས་”ཅེས་སྨྲས། རྒྱུ་མཚན་ནི་འདས་སོང་གི་བྱ་བཞག་རྣམས་ལོ་རྒྱུས་སྨྲ་བ་དག་གིས་ཞིབ་ཏུ་ལྟ་བའི་དུས་ལོ་རྒྱུས་སུ་གྲུབ་པ་ཡིན། དེའི་ཕྱིར་དོན་གྱིས་ལོ་རྒྱུས་ནི་ལོ་རྒྱུས་སྨྲ་བའི་བསམ་བློ་ལས་གྲུབ་པ་ཡིན། དེ་བས་ལོ་རྒྱུས་ཡོད་དོ་ཅོག་ད་ལྟའི་ལོ་རྒྱུས་རང་ཡིན་དགོས།
སྐུ་ཞབས་ཇོན་སིའི་ལེ་Sir John Seeley ཡི་ལྟ་ཚུལ་དུ་“་ལོ་རྒྱུས་ནི་འདས་ཟིན་པའི་ཆབ་སྲིད་ཡིན་”ཞེས་གསལ། འདི་ལ་བདེན་པའི་ཆ་ཞིག་ཡོད་མོད་དེའི་བསླུ་བྲིད་གཅིག་གིས་བདེན་པའི་ཆ་ཤས་དེ་ཉེན་ཚབས་ཅན་ཞིག་ཏུ་འཁུམས། འདས་པ་དང་ད་ལྟའི་ས་མཚམས་ལས་སླ་བའི་སྒོ་ནས་འབྱེད་མི་ནུས། ཆབ་སྲིད་ཀྱི་དུས་ཡུན་ཐུང་ངུ་ཞིག་གི་ཁྲོད་ལོ་རྒྱུས་ལོགས་སུ་དགར་ཐབས་མེད། མཚན་ཉིད་རིག་པ་སྨྲ་བ་གྲགས་ཅན་ཀལ་མཱ་ཁི་སི་Karl Marx ཡིས་དངོས་གཙོ་སྨྲ་བའི་ལོ་རྒྱུས་དོན་འགྲེལ་དུ་ཁོས་གཤམ་གྱི་མིང་བརྡ་འདི་ཡིས་ལོ་རྒྱུས་ཀྱི་གོ་དོན་བསྟན་“ ད་ལྟ་བར་དུ་གནས་པའི་སྤྱི་ཚོགས་ཀུན་གྱི་ལོ་རྒྱུས་ནི་གྲལ་རིམ་འཐབ་རྩོལ་གྱི་ལོ་རྒྱུས་ཤིག་ཡིན”ཞེས་པར་ཟད། ཪོ་སི་ཡིས་Rowse ལོ་རྒྱུས་ནི་ས་ཁམས་དང་ཕྱི་ཚུལ་ཁོར་ཡུག་ཁྲོད་དུ་སྤྱི་ཚོགས་ཀྱི་མིའི་མི་ཚེའི་ཟིན་ཐོ་ཞིག་ཡིན། དེ་ཡང་“རྒྱལ་ཁབ་ཅིག་གི་ལོ་རྒྱུས་ནི་གང་ལ་དབང་བའི་ཤེས་རིག་གི་དཔལ་ཡོན་དེའོ་”ཞེས་བརྗོད།
གཙུག་ལག་སློབ་གཉེར་ཁང་ཁམ་པི་རི་ཇིའི་དེང་རབས་ལོ་རྒྱུས་ཀྱི་རླབས་ཆེན་སློབ་དཔོན་ཆེན་མོ་ཨག་ཊོན་Acton གྱིས་ཁྱད་ཆོས་དང་ལྡན་པའི་སྒོ་ནས་ལོ་རྒྱུས་ལ་འགྲེལ་བཤད་ཅིག་བྱས་པ་ནི“ལོ་རྒྱུས་འགྲོ་བ་མིའི་རང་དབང་གི་འཕེས་རྒྱས་ཀྱི་བྱུང་བ་ཡིན”ཞེས་བརྗོད། སི་གྷི་ནོ་པོ་སི་Seignobos ཡིས་ལོ་རྒྱུས་ཚན་རིག་ཅིག་ཏུ་འགྲེལ། “ལོ་རྒྱུས་ཀྱི་ཤེས་བྱ་ཡོད་ཚད་ཐད་ཀར་མ་ཡིན་ཞིང་དོན་གྱིས་ལོ་རྒྱུས་ནི་གཏན་ཚིགས་ཀྱི་ཚན་རིག་ཅིག་”ཅེས་པའོ།། དབྱིན་ཇིའི་ལོ་རྒྱུས་མཚན་ཉིད་རིག་པ་སྨྲ་བ་ཁོ་ལེན་བོའི་ཊི་Colling Wood ཡིས་“ལོ་རྒྱུས་ཀྱི་ཤེས་བྱ”ཞེས་བྱ་བའི་ཁོང་གི་དྲན་རྟེན་གྱི་བྱ་བཞག་ཅེས་པར་“ལོ་རྒྱུས་ཀྱི་མཚན་ཉིད་རིག་པ་ནི་དེའི་འདས་ཟིན་པའི་ཁྲོད་དུ་མ་མཆིས་ཤིང་ལོ་རྒྱུས་སྨྲ་བ་དག་གི་བསམ་བློའི་ཁྲོད་དུའང་ཡོད་པ་མ་ཡིན་ཏེ་གཉི་ག་ཟུང་འབྲེལ་ལས་བྱུང་བ་ཞིག་གོ་”ཅེས་སྨྲས། དེའི་རྗེས་སུ་གྷེ་ཁེ་ཞོ་ཊི་ཡིས་བཤད་རྒྱུར་“ལོ་རྒྱུས་ནི་ལོ་རྒྱུས་སྨྲ་བ་དག་གི་ཉམས་མྱོང་ཡིན”ཞེས་ཟེར།
ཝོལ་ཁྲེར་Voltaire གྱིས་“ལོ་རྒྱུས་ནི་བྱས་ཉེས་དང་རྐྱེན་ངན་གྱི་བྲིས་རིས་ཤིག་ཡིན་”ཞེས་སུ་སྐད། ཝོལ་ཁྲེར་གྱིས་གྷི་བྷོན་ལ་ཤུགས་རྐྱེན་བླ་ལྷག་པ་ཞིག་ཐེབས་ཡོད་ལ་དེ་ཡིས་“ཡང་སྙིང་ལོ་རྒྱུས་ནི་འགྲོ་བ་མིའི་བྱས་ཉེས་དང་རྨོངས་རྟགས། རྐྱེན་ངན་བཅས་ཀྱི་ཟིན་ཐོ་ཞིག་ལས་ལྷག་པ་ཡིན”ཞེས་བརྗོད། ཀིས་ཚན་གྱི་འགལ་འདུ་ཅན་གྱི་ལོ་རྒྱུས་སྨྲ་བ་ཞེས་པའི་ནང་དུ་ལོ་རྒྱུས་འདི་ལྟར་འགྲེལ་ཡོད་དེ་“ལོ་རྒྱུས་ནི་འདས་སོང་ཁྲོད་དུ་ཅི་ཞིག་བྱུང་བའི་ཐོ་འགོད་ཡིན། ཉེ་ཆར་ཡིན་ཡང་བླ་སྔོན་ཆད་བྱུང་ཡང་རུང་འདས་སོང་ཁྲོད་དུ་བྱུང་ཟིན་པ་ཞིག་ཡིན་”ཞེས་སྨྲས།
ཨ་རིའི་ལོ་རྒྱུས་སྨྲ་བ་ཨ་ལན་ ནེ་བིན་Allan Nevin གྱིས་“ཡང་སྙིང་ལོ་རྒྱུས་ཀྱིས་འདས་པ་དང་ད་ལྟའི་བར་དུ་ཟམ་པ་ཞིག་བསྐྲུན་བཞིན་ཡོད་ལ་འབྱུང་འགྱུར་གྱི་ལམ་སྣ་འདྲེན་གྱིན་ཡོད་”ཅེས་པ་དང་ཁར་D.H Carr གྱི་ལོ་རྒྱུས་ནི་ཅི་ཞིག་ཡིན་ནམ་ཞེས་པའི་བརྩམས་ཆོས་ནང་དུ་“ལོ་རྒྱུས་ནི་ལོ་རྒྱུས་སྨྲ་བ་དང་ཁོང་གི་ལས་དོན་གཉི་གའི་བར་འབྲེལ་མཐུད་བྱེད་པའི་བརྒྱུད་རིམ་ཞིག་དང་འདས་པ་དང་ད་ལྟའི་ཁྲོད་ཀྱི་གླེང་མོལ་རྫོགས་མཐའ་བྲལ་བ་དེའོ་”ཞེས་སྐད། ཨ་རིའི་ཚོང་པ་ཧན་རིའི་ལ་མཚོན་ན་“ལོ་རྒྱུས་ནི་དངུལ་ཁང་ཞིག་ཡིན”ཞེས་གསལ། དེ་བཞིན་བྷར་ཁི་ཧ་རལ་ཊི་དང་ཆེར་ལི་སི་ཧྥིར་ཋི། ཇེམ་སི་ཇོ་ཡེ་སུ་དང་རོ་བྷོ་ཊི་ཝེལ་པོལ་དང་ཨི་མན་ཊི་ལ་སོགས་ཀྱི་བརྩམས་ཆོས་ཁྲོད་དུ་ལོ་རྒྱུས་ལ་བཀོལ་སྤྱོད་དང་ལྡན་པའི་གོ་དོན་མང་པོ་བཞག་ཡོད།
གོང་གི་འགྲེལ་བཤད་དག་ལས་ལོ་རྒྱུས་ནི་ཆེས་ཆེར་འགྲོ་བ་མིའི་བྱེད་ལས་དང་འབྲེལ་ནས་ཡོད་པ་གསལ་པོར་སྣང་། དེ་ནི་མིའི་ངལ་རྩོལ་འཕེལ་རྒྱས་ལ་གཞོལ་བའི་དུས་འགྱུར་གྱི་སྦྱོང་ཚན་ཞིག་རེད། འགྱུར་བག་ནི་མིའི་ཚེའི་ཆོས་ཉིད་ཡིན་པ་དེ་བཞིན་འགྱུར་ལྡོག་ནི་ལོ་རྒྱུས་ཀྱི་ཆ་ཤས་སམ་གྲུབ་ཆ་ཞིག་ཏུའང་ཟད། དེའི་སྟབས་ཀྱིས་ངེས་པ་དོན་གྱི་ལོ་རྒྱུས་སྨྲ་བ་དེ་ཡིས་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་དང་མི་ཚེའི་ཆོས་ཀྱི་བྱེད་སྒོ་མཐའ་དག་གི་ཚབ་ཏུ་བྱེད་པའི་ཆེས་གལ་འགངས་ཅན་གྱི་འགྱུར་བག་ལ་འཚོལ་ཞིབ་བྱེད་པ་ཡིན།
མདོར་དྲིལ་ན་ལོ་རྒྱུས་ཀྱི་གོ་དོན་འདས་སོང་ཁྲོད་དུ་ཅི་ཞིག་བྱུང་བའི་ཟིན་བྲིས་དངོས་མ་ཞིག་དང་དེ་འདྲའི་བྱུང་བ་དག་གི་རྣམ་དག་ཟིན་ཐོ་ཞིག་ལས་མ་འདས་སོ།།