གཙང་ཞོལ་བདེ་གསལ།
༡༽ འཁོར་བ་གཏིང་ནག་གི་ཀློང་ཡངས་སུ།།
ཐབས་ཤེས་ཉི་ཟླ་ཡི་འོད་གསལ་འཕྲོས།།
ཐུགས་རྗེ་ཀུན་ཁྱབ་ཀྱི་མགོན་སྐྱབས་མཆོག །
བདག་གི་སྟོན་པ་དེར་སྐྱབས་སུ་མཆི།།
༢༽ བག་མེད་བྱ་སྤྱོད་ཀྱིས་མགོ་བོ་འཁོར།།
ལོག་ལྟའི་རྨོངས་ཤེད་ཀྱིས་ཁ་ཕོ་བསྒྲགས།།
ཚུལ་ཁྲིམས་སྣང་མེད་ཀྱིས་བཏང་པ་ལ།།
ངོ་གནོང་འགྱོད་སེམས་ཀྱིས་མཐོལ་བཤགས་ཞུ།།
༣༽ བྱང་ཁོག་རླུང་ནག་གི་ཁ་རུ་བརྒྱངས།།
སེམས་རིག་དངངས་སྐྲག་གི་རྭ་རྩེར་ལྷུང་།།
འདོད་ཡོན་ཞགས་ནག་གིས་བསྡམས་པ་ཡི།།
འཇིག་རྟེན་སྐྱོ་གར་གྱི་འཁྲབ་ཚན་ཞིག །
༤༽ བལྟས་ཀྱིན་བལྟས་ཀྱིན་ལ་དགོད་རེ་བྲོ།།
མྱོང་གིན་མྱོང་གིན་ལ་འཇིགས་རེ་ཆེ།།
སྐྱེ་རྒ་ན་འཆི་ཡི་མིག་ལམ་ནས།།
སྡུག་གི་མཆི་མ་ཞིག་བཞུར་གྱིན་ཡོད།།
༥༽ སེམས་གནས་གསལ་རིག་གི་བདག་ཉིད་ཅན།།
ཡེ་ནས་སངས་རྒྱས་ཤིག་ཡིན་མོད་ཀྱང་།།
མ་རིག་སྒྲིབ་གཡོག་གིས་འཆིངས་པ་ཡི།།
སོ་སྐྱེས་ངེད་ཅག་ཚོ་ཨོ་རེ་བརྒྱལ།།
༦༽ སྦས་ཡུལ་འབྲས་ལྗོངས་ཀྱི་ནགས་ཚལ་ན།།
གནས་རི་གྲགས་ཅན་འགའ་མཆིས་མོད་དེ།།
བསྟན་ལ་ཡང་དབེན་གྱིས་གཞོལ་བ་ཡི།།
བཀའ་རྙིང་བུ་རྒྱུད་ཚོ་གང་ན་ཡོད།།
༧༽ འབྲས་མོ་བཞིན་མཛེས་ཀྱི་ཉམས་སྣང་ཅན།།
ཆགས་ལྡན་སྙིང་དབུས་ཀྱི་ཆོམ་རྐུན་མ།།
དགོན་གྲོང་འདབ་སྦྲེལ་གྱི་བར་གླགས་ནས།།
དད་པ་དམ་ཚིག་གི་ངོ་མདངས་ཤོར།།
༨༽ ལོ་རྒྱུས་རྒན་པོ་ཚོའི་ངག་ཐོག་ན།།
རི་མཐོ་ས་གཙང་གི་ཆགས་དབྱིབས་ཅན།།
དེང་སང་སྤྲང་འཁྱམས་ཚོའི་སེམས་ནང་ན།།
གོང་ཐང་མར་ཆག་གི་སྙིགས་རོ་ཞིག །
༩༽ ཤར་པ་རྟ་མང་ཚོས་གནས་ཚང་བཅས།།
ཡུལ་མིའི་སྣང་བརྙན་ལ་ཕོག་ཐུག་ཤོར།།
བོད་གཤིས་ཐར་ཐོར་གྱི་གོམ་འགྲོས་བར།།
སྔ་ལྟས་ཕྱི་ལྟས་ཀྱི་འཚུབ་ཆ་ལངས།།
༡༠༽ འཁྱམས་པོ་ཐག་རིང་ནས་ཡོང་ན་ཡང་།།
དམ་ཚིག་བླ་འབོད་འདྲ་བྱེད་འདོད་མེད།།
རང་ལུས་འདོམ་གང་གི་གནས་སྟངས་ལ།།
ཟུར་བལྟས་ལེབ་མཐོང་གིས་ཅིས་མི་གསལ།།
༡༢༽ རྐང་རྗེས་ཐར་ཐོར་ཞིག་ཕབ་དུ་ཡོང་།།
བོད་དོན་ཙག་ཙིག་ཅིག་འཚོལ་དུ་ཡོང་།།
གནས་སྟངས་མག་མོག་ཅིག་བལྟ་རུ་ཡོང་།།
རང་གཤིས་འཚབ་འཚུབ་ཅིག་སྟོན་དུ་ཡོང་།།
༡༣༽ ཉམ་ཆུང་སེམས་པ་འདི་ལྷགས་ནས་འགྲོ།།
དད་པའི་མཇལ་དར་ཞིག་བཞག་ནས་འགྲོ།།
ཁེར་རྐྱང་མི་ཚེ་ལ་རྨོངས་ནས་འགྲོ།།
མཐོང་ཐོས་སྤྲང་ཁུག་དེ་ཁུར་ནས་འགྲོ།།
༢༠༡༤/༩/༢༡ མཚན་མོར་འབྲས་ལྗོངས་སྒང་ཏོག་ཏུ།