འཇམ་གཅེས།
དེང་རབས་ཀྱི་ཆབ་སྲིད་པ་དང་། རྒྱལ་ཞེན་པ། བསམ་བློ་བ། རྩོམ་པ་པོ། འཐབ་རྩོད་པ། མི་རིགས་རིང་ལུགས་ཀྱི་ལྟ་གྲུབ་སྨྲ་བ་པོ་སོགས། མདོར་ན་ཡོད་ཚད་ནས་ཡོད་ཚད་ལ་རློམ་མཁན་གྱི་མི་བུ་ཡ་མ་ཟུང་དག་ནི་གཞན་གྱིས་བཀོལ་སྤྱོད་གང་བྱས་ཙམ་ལས། རང་ཉིད་ལ་ལྟ་གྲུབ་ཀྱི་རྒྱབ་ལྗོངས་དང་། ཤེས་ཡོན་གྱི་ཆུ་ཚད། བཟང་སྤྱོད་ཀྱི་རྨང་གཞི། ཉམས་མྱོང་གི་གདེང་སྤོབས། བསམ་བློའི་དཔལ་ཡོན་སོགས་གང་གི་ཆ་ནས་ཀྱང་ལེགས་ཆ་རྡུལ་ཕྲན་ཙམ་ཡང་མེད་ཁར། ད་དུང་རི་རྩེའི་དར་ཅོག་ལྷགས་རླུང་གིས་གཡུག་པ་ཇི་བཞིན་བསམ་སྤྱོད་གཉིས་ཀྱི་ཚུགས་ཀ་ཡོངས་རྫོགས་ཤོར་བཞིན་པའི་ར་མ་ལུག་གི་སྤུ་མདོག་ཅན་ཁྱེད་ཚོ་ནི་གཞན་གྱིས་ལག་འོག་ཏུ་ཚུད་བཞིན་པ་ཡིན་མོད། འོན་ཏང་ཁྱེད་ཚོས་ནི་རང་ཉིད་ཀྱི་གནས་སྟངས་གང་ཡིན་མི་ཤེས་པ་ཙམ་དུ་མ་ཟད། ད་དུང་རང་ཉིད་ནི་འཇིག་རྟེན་བྱེད་པོ་རུ་རློམ་སྟེ། མགོ་བོ་བར་གྱི་སྣང་བའི་དབྱིངས་སུ་བཏེགས་ནས་འགྲོ
ད་དུང་ཁྱེད་ཅག་གིས་དེང་སྐབས་འུར་བཞིན་པ་ནི། རྒྱལ་སྤྱིའི་ཆབ་དཔལ་རིག་གསུམ་གྱི་གནས་སྟངས་སྤྱི་དང་། ལྷག་པར་དུ་བོད་མའི་ཆབ་སྲིད་དང་ཆོས་ལུགས་རེད། དེ་ཡང་རང་ཉིད་ཀྱིས་གནས་སྟངས་ཤེས་པའི་ཐོག་ནས་ཡིན་ཚེ་མི་འོས་པ་གང་ཡང་མིན་ཏེ། ཁྱེད་ཚོ་ནི་འགྲོ་བ་མིའི་རིགས་ཀྱི་ལུས་སུ་བླངས་ཤིང་དེའི་ཁོར་ཡུག་ཏུའང་འཚོ་ཞིང་གནས་ཡོད་ལ། ལྷག་པར་དུའང་བོད་མི་རིགས་ཀྱི་ཤ་རུས་ཁྲག་རྒྱུན་ལས་གྲུབ་པའི་འགྲོ་བ་མིའི་རིགས་ཤིག་ཡིན་པས་སོ།
འོང་ཀྱང་ངས་གོང་དུ་ཞུས་མ་ཐག་པ་བཞིན། ཁྱེད་ཚོ་ནི་གཞན་གྱིས་སྣ་ཐག་གང་འཐེན་ལས། རང་ཉིད་ཀྱི་ཚུགས་ཀ་ཡོངས་རྫོགས་ཤོར་ཟིན་པས། གང་ཡང་མི་ཤེས་ལ་ཅི་ཡང་མི་འཇོན། དེའི་ཕྱིར། ཁྱེད་ཚོས་རང་གདོང་གཡོལ་བྱེད་ཀྱི་ལྕགས་འབག་མཐུག་པོ་གྱོན་པར། ངས་ཞི་བའི་སྙིང་རྗེའི་བེ་ཀར་བར་སྣང་ནས་བསྐོར་ཏེ། ལོག་ལྟའི་གསོན་སྙིང་དུམ་བུར་གཏོར་བྱེད་ཀྱི་དྲག་པོའི་ཚིག་མཚོན་སྤུ་གྲི་ངར་མའི་སོ་ཁར་རྣོ་སོ་ཕྱུངས་དགོས་པའི་རྐྱེན་རྩ་ཡང་དེ་ཡིན།
ད་ནི་ཁྱེད་ཚོས་གཞན་གྱི་ཟེར་རྗེས་སུ་རྒྱུགས་ནས་འུར་སྒྲོག་རྒྱུ་ཡོད་ན་མེད་ན་དེ་ནི་སེར་མོ་བས་ཆབ་སྲིད་ལ་ལག་པ་འཆང་མི་འོས་ཚུལ་སོགས། རྒྱུ་མཚན་ནམ་སྒྲུབ་བྱེད་ཡང་དག་གིས་དབེན་ཅིང་འཆལ་གཏམ་གྱི་གད་སྙིགས་གང་ཡོད་གཡས་བསྒྲུགས་གཡོན་བསྒྲུགས་བྱས་ནས་སྤྱི་ཚོགས་ཀྱི་ར་བར་སྤུངས་ཅི་ནུས་བྱེད་བཞིན་པ་འདི་ལ་དྲི་བ་དང་གསལ་བཤད་སྦྲགས་མའི་ལམ་ནས་རང་ཉིད་ཀྱི་ལྟ་གྲུབ་དང་སྤྱི་ཚོགས་ཀྱི་གནས་སྟངས་འཕྲོས་གཞིར་བྱས་ཏེ་སྨྱུ་གུའི་གར་སྟབས་དང་། རྣམ་དཔྱོད་ཀྱི་སྤུ་གྲིའི་སོ་ཁ་ལ་ཅུང་ཟད་རོལ་མྱོང་བྱེད་འདོད་སྐྱེས།
ད་ལྟའི་དུས་འདིར་རང་གཞན་ཡོད་དོ་ཅོག་གིས་ཤེས་དགོས་པའི་གནད་དོན་འགའ་རེ་ཡོད་པ་ལས། སྤྱི་ཚོགས་ཀྱི་གྲུབ་ཆ་དང་། ལོ་རྒྱུས་ཀྱི་འཕེལ་རིམ། མིག་སྔུན་གྱི་གནས་སྟངས། སྐབས་བབ་ཀྱི་འོས་འགན་སོགས་གང་ལ་གཞིགས་ཀྱང་སྐྱ་སེར་དབྱེ་འབྱེད་པ་ནི་དགོས་གལ་གང་ཡང་མེད་པའི་ཁར། ད་དུང་སྤྱི་ཚོགས་ལ་བཅངས་པའི་ལྷག་བསམ་དང་། རང་ཉིད་ལ་མངའ་བའི་ཤེས་ཡོན་དང་འཇོན་ཐང་སོགས་དགོས་ངེས་ཀྱི་ཆ་རྐྱེན་དག་དང་ལྡན་པའི་སྐྱེ་བོ་ཞིག་ཡིན་ཚེ། ང་མིན་ཁྱོད་མིན་ཟེར་བའི་དུས་ཚོད་ཅིག་མ་ཡིན་པར། སྐྱ་སེར་དབྱེ་མེད་ཐོག་ནས་ངེས་པར་དུ་ཆབ་སྲིད་ལ་ཞུགས་དགོས་པ་ནི་གནད་ཀྱི་དོན་པོ་ངོ་མ་དེ་ཡང་ཅིའི་ཕྱིར་མིན།
ཁྱེད་ཚོས་བཤད་རྒྱུར། སེར་མོ་བ་ནི་ཆོས་དོན་གཉེར་མཁན་དང་། ཐར་པ་དོན་གཉེར་མཁན་གྱི་ཆོས་ལུགས་ཀྱི་མི་སྣ་ཡིན་པས། ཆབ་སྲིད་ནང་དུ་ལས་བྱས་ན་མི་འོས་ཟེར། ད་དུང་རང་ཉིད་མཁས་པ་དང་འཇོན་པོའི་མིང་སྐམ་ལ་རློམ་སྟེ། སྔོན་བྱུང་སྟོན་པའི་རྣམ་པར་ཐར་པ་སོགས་ལ་ཡང་འགྲེལ་བཤད་ཆ་བེ་ཆོ་བེ་རེ་ཨེ་ནུས་སུ་བརྩོན་ཁུལ་བྱེད། སྤྱིར་བཏང་ཆོས་པ་རྣམ་དག་དང་། འཇིག་རྟེན་གྱི་སྐྱོན་གྱིས་མ་གོས་པའི་རྣལ་འབྱོར་པའམ་ཡང་ན་འདུལ་བ་འཛིན་པ་ཞིག་ཡིན་ན་ནི། ཁྱེད་ཚོ་ལྟ་བུའི་ལམ་སྟོན་དང་སྐུལ་མ་གང་ཡང་མི་དགོས་པར། ཁོང་ཚོ་ནི་འདིར་སྣང་སྐྱོན་གྱིས་མ་གོས་པར་ཡོད་ཚད་གཞན་དོན་དང་བྱང་ཆུབ་རྣམ་པར་དག་པའི་རྒྱུའི་དོན་དུ་གཏང་བར་ནུས་པའི་ཧ་ཅང་ཚད་མཐོ་བའི་ཆོས་པ་རྣལ་མ་རྣམས་ཡིན་པས་སོ།
དེ་མིན་ཆོས་པ་རྣམ་དག་ཡིན་མིན་ཟེར་བ་དང་། ཉམས་ལེན་ཡོད་མིན་ཟེར་བ་དེ་འདྲའི་དགོས་མེད་ཀྱི་གཏམ་རྙོག་རིགས་ནི་སྤྱི་འཐུས་གྲོས་ཚོགས་ཀྱིས་མཚོན་པའི་ཆབ་སྲིད་ཀྱི་ཚོགས་སྡེ་དང་། སྤྱི་ཚོགས་གང་གི་འཐུས་མིའི་འོས་མི་འོས་མིན་རྩོད་པའི་གླེང་སྟེགས་སུ་འཁྱེར་ཡོང་བ་ནི་དགོས་པ་གང་ཡང་མ་མཐོང་སྟེ། ཆོས་ཡང་དག་པ་ཞིག་ཉམས་སུ་ལེན་ནུས་མིན་དང་། དམ་ཚིག་སྡོམ་པ་ཟེར་བ་དེ་དག་ནི་སྐྱེ་བོ་སྒེར་པ་མི་རེ་ངོ་རེའི་ཐོག་ནས་ལག་བསྟར་དགོས་པའི་གནས་སྟངས་ཤིག་དང་། མི་རེ་ངོ་རེར་དད་སེམས་དང་འདུན་པ་ཟབ་ལུགས་ཀྱི་ཁྱད་པར་ལས། མི་སྣ་དེ་དག་གིས་ཆབ་སྲིད་ཀྱི་ལས་ཀ་འོས་མིན་རྩོད་པ་ནི་རྒྱུ་མཚན་གང་ཡང་མེད་པའི་འུར་སྒྲོག་གི་རྣམ་པ་དང་དགོས་མེད་ཀྱི་བྱ་སྤྱོད་ཙམ་དུ་ཟད་དེ། གྲོས་ཚོགས་ར་བ་མཚོན་པའི་ཆབ་སྲིད་ཀྱི་ཁོར་ཡུག་དག་ནི་ཆོས་ཉམས་སུ་ལེན་ཡུལ་གྱི་དབེན་པའམ་དགོན་པ་ཡིན་པས་སོ།།
ཅི་སྟེ་སེར་མོ་བ་ཡིན་པས་རྒྱུ་མཚན་གྱིས་ཆབ་སྲིད་ཀྱི་ལས་ཀ་མི་འཇོན་པའི་ལྟ་ཚུལ་ཡིན་ན་ནི། ད་དུང་ཕྱོགས་རིས་ཀྱི་ནད་རྙིང་སྤངས་ཏེ་གཟུར་གནས་ཀྱི་བློ་མིག་ཡང་དག་པ་ཞིག་འཐོབ་པའི་ཕྱིར་དུ་ཕྱོགས་ཡོངས་ལ་དཔྱད་པ་རེ་ཨེ་ནུས་བརྩོན་ཅིག །
མདོར་ན་བོད་མིའི་སྤྱི་ཚོགས་ཀྱི་མི་འབོར་གྱི་ཆ་ནས་བཤད་ན་ཡང་སེར་མོ་བའི་སྡེས་བརྒྱ་ཆ་ཧ་ཅང་མཐོན་པོ་ཟིན་ཡོད་པས་མི་འབོར་ལ་དཔག་པའི་ཆབ་སྲིད་ཀྱི་ཁོར་ཡུག་གམ་ས་མིག་གིས་མཚོན་པའི་མང་གཙོའི་ཁེ་དབང་དག་ངེས་པར་དུ་ཡོད་དགོས་ངེས་རེད་ལ། ད་དུང་ནམ་ཡང་ཆོས་ལུགས་ཀྱིས་འཚོ་དགོས་པའི་ཆོས་ལྡན་ཁ་བ་གངས་ཅན་པའི་མི་རིགས་འདི་ནི། འཛམ་གླིང་མི་རིགས་གཞན་གྱི་གོམས་གཤིས་དང་། སྤྱི་ཚོགས་གཞན་གྱི་ཁོར་ཡུག་སོགས་དང་ཞྭ་དཔེར་ལྷམ་འགེལ་བྱེད་པ་ནི་སྒོ་ཀུན་ནས་མི་མཛའ་སྟེ། ཐུན་མིན་རིག་གཞུང་དང་ལོ་རྒྱུས་ཀྱིས་སྤྲད་པའི་འོས་འགན་སོགས། འཛམ་གླིང་གཞན་དང་གཞན་གྱི་གནས་སྟངས་དང་མི་འདྲ་བའི་ཁྱད་ཆོས་གང་ཡོད་ངེས་པར་གྱིས་ཤིག །
སེར་མོ་བ་ཚོའི་ངོས་ནས་ཀྱང་ནམ་ཡང་ཆོས་ལུགས་ཀྱི་ཁེ་དབང་བློས་གཏོང་བྱེད་མི་སྲིད་དེ། རྒྱལ་ཁབ་དང་མི་རིགས། ཆོས་ལུགས་དང་དེའི་བདག་དབང་སོགས་ཀྱི་སླད་དུ་རང་ཉིད་མེའི་ནང་དུ་དང་། མཚོན་གྱི་མདུན་དུ་དང་། མུན་ནག་བཙོན་རྭ་སོགས་ཀྱི་མདུན་དུ་རྒོལ་འཆང་ཕོད་པའི་སྙིང་ཁམས་ཅན་དག་གི་ནང་དུ་ཆོས་ལུགས་མི་སྣའམ་སེར་མོ་བའི་གྲངས་འབོར་གྱིས་ག་ཚོད་ཟིན་ཡོད་མེད་ལས་ཤེས་ནུས་སོ།།
ད་དུང་རྒྱུ་མཚན་གཞན་ཞིག་ལ། གདོང་དམར་ཁ་བ་རི་པའི་སྤྱི་ཚོགས་ཁྱོན་ཡངས་ཀྱི་ཉིན་རེའི་འཚོ་གནས་ཀྱི་བརྒྱུད་རིམ་ནང་དུ་ཆོས་ལུགས་དང་། ཆོས་ལུགས་མི་སྣ་ནི་ནམ་ཡང་མགོ་དང་མཇིངས་པ་འབྲལ་མི་རུང་བའི་དཔེ་ལྟ་བུའི་གནས་སྟངས་ཤིག་ཡིན་པ་ནི་དགྲ་གཉེན་གཉིས་ཀའི་ངོས་ནས་གསལ་པོ་ཤེས་ཀྱི་ཡོད་པས། སེར་མོ་བ་དག་ལ་ཆོས་ལུགས་ཀྱི་ཐོབ་ཐང་དང་འགན་དབང་གང་ཐད་ནས་དམིགས་བསལ་གྱི་འོས་འགན་གཉིས་ཀ་ཡོད་པས་ས་མིག་ངེས་པར་དུ་ཡོད་དགོས་སོ།།
ཡ་མ་བརླ་ཅན་ཚོས་དོ་སྣང་དགོས་པ་གཞན་ཞིག་ནི། སེར་མོ་བའི་སྤྱི་འཐུས་ཉུང་ཤས་ཀྱི་ཀུན་སྤྱོད་ལ་གཞིགས་ཏེ། སེར་མོ་བ་ཞིག་ཡིན་ཕྱིན་ཆད་ནག་པོ་ནག་རྐྱང་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས་སྤྱི་འཐུས་ཀྱིས་མཚོན་པའི་ཆབ་སྲིད་ཀྱི་མི་སྣར་སེར་མོ་བ་མི་འོས་པའི་ལྟ་ཚུལ་ཡིན་ན་ནི། སྐྱ་བོ་ཚོའི་ནང་དུའང་ལྐོག་ཟ་རུལ་སུངས་དང་། ཕྱོགས་རིས་འཐེན་འཁྱེར་གྱི་བྱ་སྤྱོད་ཟམ་མ་ཆད་པར་ཡོང་བཞིན་པ་འདི་དག་ལ་གཞིགས་རྗེས། ཁོང་ཚོ་ཡང་སྤྱི་འཐུས་སུ་ལངས་མི་ཆོག་ལ། ཆབ་སྲིད་ལ་ལག་པ་འཆང་མི་ཆོག་སྟེ། ནག་ཉེས་ནི་སྐྱེ་བོ་སུ་འདྲ་ཞིག་གིས་བྱས་ན་ནག་ཉེས་རང་ཡིན་པས། དགག་བྱ་ཡང་འདྲ་མཉམ་ཡིན་དགོས་ངེས་ལས། གཅིག་ལ་དཀར་འདོན་དང་། གཅིག་ལ་ནག་འདོན་དགོས་པའི་ལེགས་ཉེས་ཀྱི་དབྱེ་འབྱེད་དེ་ལྟ་བུ་ནི། ལས་ཀྱི་གཤིན་རྗེ་ཡིན་རུང་ནམ་ཡང་མི་ནུས་པའི་ཚིག་ངེས་ཐོག་སྤོབས་པ་དང་ལྡན་པའི་སྒོ་ནས་གཅོད་པར་ནུས་སོ།།
མདོར་ན་ལས་དཀར་ནག་གང་ཞིག་བྱས་ཀྱང་། ལས་ཀའི་ངོ་བོ་དང་བྱེད་ལས་ལ་དབྱེ་ཞིབ་མཐིལ་ཕྱིན་པའི་སྒོ་ནས་ཐག་གཅོད་དགོས་པ་ལས། དེ་དག་ལ་རིགས་རུས་ཀྱི་དབྱེ་བ་དང་། ཞྭ་གོས་དང་མིང་གནས་སོགས་ཀྱིས་དབྱེ་འབྱེད་བྱེད་པ་ནི་འདྲ་མཉམ་གྱི་ཐོབ་ཐང་དང་། བསམ་བློའི་རང་དབང་སོགས་ལ་རྒོལ་རྡུང་ཡིན་པས་ནམ་ཡང་འདོར་བྱ་ཡིན་ལ། གཞན་རང་གི་ལྟ་དཔྱོད་ལ་མི་འཐད་པའི་རྒྱུ་མཚན་གྱིས་འབུར་འཇོམས་བཟོ་བ་ཡིན་ཚེ་དེ་ནི་ནམ་ཡང་དྲང་བདེན་ཞིག་མིན་ལ། བཟང་སྤྱོད་དང་ཡོངས་སུ་རྒྱབ་འགལ་ཡིན་པ་ངས་སྐད་གསེང་མཐོན་པོའི་སྒོ་ནས་སྨྲ་བར་སྤོབས།
སྤྱིའི་ཆ་ནས་བོད་མིའི་སྤྱི་ཚོགས་ལ་མཚོན་ན། སྤྱི་སེམས་དང་། ལྷག་བསམ། ཆབ་སྲིད་ཀྱི་གོ་རྟོགས། རིག་གནས་ཀྱི་ཆུད་ཚད། ལྷག་པར་དུ་མི་རིགས་ཀྱི་སྲོག་རྩ་རུ་གྲགས་པའི་སྐད་ཡིག་དང་། ཐུན་མོང་མ་ཡིན་པའི་རིན་ཐང་ལྡན་པའི་རིག་གནས་འདི་དག་གི་འབྱུང་ཁུངས་སམ་གཏེར་གནས་ངོ་མ་དག་དེ་སྔར་ད་བར་དུ་སུ་ཞིག་གིས་བདག་གཉེར་བྱས་འདུག་གམ། སུ་ཞིག་གིས་ལག་རྗེས་བཞག་འདུག་གམ།
ད་དུང་མི་རིགས་ལ་ཤ་ཞེན་དང་། ཆབ་སྲིད་ཀྱི་གོ་རྟོགས་སོགས་སེར་མོ་བ་དག་ལས་ལྷག་པ་ཞིག་མི་སྐྱ་སུ་དང་སུ་ཡོད། གང་ཞིག་ཏུ་ལག་རྗེས་དང་རྐང་རྗེས་བཞག་ཡོད། ཅི་ཞིག་སྟོན་རྒྱུ་ཡོད་དམ། ཡོད་ན་དེ་སྔར་གཉེན་འཕྲང་ཅན་གྱི་དུས་སྐབས་དེར། སེར་མོ་བ་ལོ་ན་བཅུ་བདུན་ཙམ་ལས་མ་སོན་པ་ཞིག་ལ་མགོ་འབུལ་ལུས་འབུལ་དགོས་དོན་གང་ཞིག་ལ་ཐུག་སོང་བ་ཡིན་ནམ། ད་བར་དུ་བཙན་བྱོལ་སྤྱི་ཚོགས་སམ་ཡང་ན་གཞིས་བྱེས་གཉིས་ཀྱི་ནང་དུ་སེར་མོ་བ་ཚོས་རྐང་རྗེས་ལག་རྗེས་ལས་བྱུང་བའི་གྲུབ་འབྲས་ལས། དེ་མིན་གཟེངས་སུ་ཐོན་པའི་བྱས་རྗེས་ཞིག་བཞག་ཡོད་དམ།
མདོར་ན་ཧྲིལ་གྱིས་བསྡུས་ནས་བཤད་ན། བོད་སིལ་བུའི་དུས་རབས་ནས་ད་ལྟའི་བར་དུ་སྐྱ་བོ་ཚོས་སེར་མོ་བ་དག་དང་མི་འདྲ་བར་གཟེངས་སུ་ཐོན་པའི་མཛད་རྗེས་ཞིག་ས་དོང་རིམ་པ་དགུ་ཙམ་བྲུས་ནས་སྐྱེ་བ་ནས་ཚེ་རབས་བར་དུ་མིག་སྟོང་ལྡན་པའི་བརྒྱ་བྱིན་ཡིན་ཡང་མཐོང་མི་ཐུབ་པ་ཞིག་དང་། སྣང་སྲིད་མཁྱེན་པའི་ཡེ་ཤེས་ཀྱིས་ཀྱང་གཟིགས་མི་ནུས་ས་ཞིག་ཏུ་ཡ་མ་བརླ་ཁྱེད་ཅག་གིས་སྦས་ཡོད་ན་ངས་ཀྱང་ཅང་མི་སྨྲ་བའི་ངང་ཚུལ་འཛིན་ངེས་ཡིན།
དེ་མིན་འདས་མ་ད་གསུམ་གྱི་གནས་ཚུལ་གང་གི་ཕྱོགས་ནས་བཤད་རུང་དེང་སྐབས་འཛམ་གླིང་གོ་ལ་ཧྲིལ་པོའི་སྟེང་དུ་བོད་མིའི་ཆོས་དང་རིག་གནས་ཟེར་ནས་ངོམ་རིན་ཡོད་པ་་དང་། དེའི་འོག་ནས་མགོ་བོ་ཅུང་ཟད་རེ་དགྱེ་ནས་འགྲོ་ནུས་པ་འདིའི་འབྱུང་ཁུངས་གང་ལ་ཐུག་འདུག་མིན་དེ་ཡང་རྣམ་དཔྱོད་ཀྱི་སྒོ་མོ་ཅུང་ཟད་རེ་ཕྱེ་ཨེ་ནུས་བལྟས་ནས་དཔྱད་ཞིབ་རེ་ནུས་ཚེ་འགྲོ་བ་མིའི་ཡང་དག་པའི་ལམ་ལུགས་ཤིག་ལོས་ཡིན།
དེ་ཙམ་ཡང་མི་ནུས་པར། རང་སྣང་ཤར་གྱིས་འུར་ཟིང་སློང་བ་ནི་རྐང་གཉིས་ལྡན་པའི་མིའི་གཟུགས་ཅན་ཕྱུགས་རིགས་ཀྱི་བྱ་སྤྱོད་ཙམ་ལས་རིན་ཐང་ཅན་ཞིག་མ་ཡིན་ནོ།། །།
དབེན་པའམ་ཆོས་ཉམས་སུ་ལེན་སའི་དགོན་པ་མ་ཡིན་པས་སོ་དང་། ཚིག་ཐག་སྤོབས་དང་ལྡན་པའི་སྒོ་ནས་གཅོད་ནུས་སོགས་ནོར་བཅོས་དགོས་འདུག ད་དུང་ཡིག་ནོར་ཤོར་བ་དང་ཆད་ལྷག་ཡོད་རིགས་ལ། གཟིགས་མོ་ཡོངས་ལ་དག་ཞུ་རྒྱུ་ཡིན།
རྩོམ་པ་པོ་ལགས། ཚིག་འགྲོས་ཡག་པོ་འདུག་ཀྱང་། རྩོམ་ཡིག་རིང་པོ་དེའི་ཁྲོད་ནས་ངས་གོ་རྒྱུ་ཡོད་པའི་སྐད་ཆ་རྡོག་རྡོག་གཅིག་བརྙེད་མ་སོང་། རབ་བྱུང་ན། ཁ་གསལ་གོ་བདེར་བྲིས་ན། རྩོམ་ནུས་ཆེ་བ་མེད་འགྲོ། དེ་མིན་ལྷ་ལ་ལབ་ཀྱི་ཡོད་པའི་བཟོ་འདྲ། ཡང་མཚམས་རེ་ཀླུ་ལ་ཤོད་ཀྱི་ཡོད་པའི་བཟོ་འདྲ། གང་ལྟར། སྒོ་ང་ནང་གི་གསེར་མཐིག་དང་སྐད་ཆའི་ནང་གི་སྙིང་པོ་དེ་གསུང་དགོས་རེད་མ་གཏོགས། རྗོད་དོན་ཆུང་ཆུང་ཞིག་ལ་ཚིག་ཚོགས་ཀྱིས་ལྷན་པ་རྒྱབ་ན། དོན་དངོས་དེ་རྟོགས་རྒྱུ་དཀའ་སེ་འདུག་ཀ
གཡུལ་ཐོག་རྒྱལ་པོ་ལགས། ཁྱེད་ནི་རྒྱལ་པོའི་ལམ་ལུགས་ལ་གོམས་གཤིས་ཆེ་སོང་བས་ཡིན་ནམ། གང་ལྟར་བཙན་བཀའ་འདྲ་བཏང་འདུག་མོད། དེང་སོང་ནི་དུས་རབས་ཉེར་ཅིག་པ་ཡིན་དུས་དེ་ཙམ་མི་མཛའ། ནང་དོན་ནི། ཡར་ལྷ་དང་མར་ཀླུ་ལ་ཕོག་འགྲོ་བའི་ཚིག་མཚོན་དེ་ཚོ་ཁྱེད་ཀྱིས་ངོས་ཟིན་པ་ལྟར། སྒོང་ང་ནང་གསེར་མཐིག་དང་། སྐད་ཆའི་སྙིང་པོ་ཡང་དེ་ཚོ་ལོས་ཡིན་་་་་ཧི་ཧི་ཧི་་་་་
འཇམ་གཅེས་ལེགས་ཀྱི་ཚིག་སྦྱོར་བཟང་། རྩོམ་ཡིང་རིག་དྲག་པ་གཡུ་ཐོག་རྒྱལ་པོས་གསུངས་པ་བདེན། གོ་བ་ཡོད་མེད་ནི། རང་རང་གི་འདོད་མོས་ལ་རག་ལས་པ་ལྟ་བུར་སྣང་། བདག་ནི་བོད་རིགས་རྣམས་སྐད་ཀྱི་སྒོ་ནས་གཅིག་འགྱུར་འབྱུང་བའའི་ཐབས་ལ་བརྩོན། རང་རེའི་རྣམ་འདྲེན་ཆེན་པོའི་བཞེད་པ་ཡང་འདི་ཁོ་ན་ཡིན།
སྔོན་རབས་ཀྱི་འཇིག་རྟེན་མིག་གྱུར་ཡེ་ཤེས་སྡེ་སོགས་ཀྱི་དུས་ཚང་མས་སྒྲ་དག་པར་འདོན་པས་རྩོད་པ་ཆེར་མེད་ལ། སྤྱིས་ས་པཎ་དང་། སི་ཏུ་པཎ་ཆེན་དང་། དིང་དུས་ཀྱི་མཁས་པ་དགེ་འདུན་ཆོས་འཕེལ་སོགས་ཀྱིས་བོད་རིགས་ཀུན་སྐད་ཀྱི་ཐོག་ནས་གཅིག་འགྱུར་ལ་བརྩོན། དེས་ན་འཇམ་གཅེས་མཆོག་གི་ལྗགས་རྩོམ་ན་ཕལ་ཚིག་ཤོར་བ་མཐའ་དག་བརྗོད་པར་ལོང་མེད། འོན་ཀྱང་འགའ་ཞིག་ནི།་འདི་ལྟར་ལགས་ཏེ། སྒྲོགས་ལ་སྒྲོག་དང་། འོང་ལ་ཡོང་། དངོས་སམ་དངོས་མ་ལ་ངོ་མ། ཛམ་གླིང་ལ་འཛམ་གླིང་། འདིར་འ་སྔོན་འཇུག་མི་དགོས་པ་ལ་འགོད་པའི་ལང་ཤོར་ལགས། སེར་མོ་པ་ལ་སེར་མོ་བ་སོགས་འགོད་པ་ནི་བོད་ལུང་ཕལ་སྐད་བཙན་པས། བསྟན་བཅོས་སྐད་ལ་དེ་འདྲའི་ལྷད་ཞུགས་པ་ཤིན་ཏུ་མང་། བོད་ལུང་མང་པོར་བདག་སྒྲ་ལ་པ་ཉིད་བཀོལ་སྤྱོད་ཡོད་པ་ལ་དྭགས་ཀྱི་ཕལ་སྐད་དེ་ཆོས་སྐད་དང་མཐུན། སུམ་ཅུ་པ་ན།
་
གང་མིང་བརྗོད་པའི་མ་མཐའ་ན།
ཕོ་ཡི་རྟགས་ཀྱི་སྒྲ་མེད་པ།
དེ་ལ་ཕོ་ཡི་རྟགས་སྦྱར་ན།
བདག་པོའི་སྒྲ་རུ་ཤེས་པར་བྱ།།
་
ཞེ་ས་གསུངས་པ་ལྟར་དང་། ལ་དྭགས་པ་སངས་རྒྱས་པ་ཞིག་ལ་ཁྱོད་བོད་ཡིན་ནམ་མ་ཡིན་ཞེས་དྲི་ན། ང་བོད་ཡིན་ཟེར། འོན་ཀྱང་ཁྱོད་བོད་པ་ཡིན་ནམ་མ་ཡིན་་ཞེས་དྲི་ན། ང་བོད་པ་མ་ཡིན་ཞེས་ཟེར། དེ་ནི་ཕྱིས་སུ་ཐ་སྙད་ཀྱི་དབང་གིས་འབྱུང་། དེ་བཞིན་མདོ་སྨད་དུ་ཡོད་པ་ངས་རྩོམ་ཡིག་ཅིག་ལོ་མང་སྔོན་དུ་བཀླགས་པ་ཡིན་ནོ།་
ཚིག་འགྲོས་བདེ་བས་ཀློག་སྙིང་ཞིག་གིས་དེད་ནས་མར་མར་དུ་འགྲོ་དུས་ནང་དོན་མ་རྙེད་པར་མཇུག་རྫོགས་སོང་།།
རྩོམ་ཡིག་འདིའི་མདའ་མོ་སུ་ཞིག་ལ་འཕེན་གྱིན་བཙལ་བས་དེ་འང་མ་རྙེད། ལམ་དུ་འགྲོ་ཐུབ་པའི་སྨག་རུམ་གསལ་བའི་་གློག་གཞུ་སྤར་མ་ཐུབ་པ་ནི་འབྲི་རྩོམ་འདིའི་སྟོང་ཆའོ།།
སེར་མོ་བས་བྱས་རབས་མང་མང་ཞིག་བཀོད་པ་ལ་བལྟས་ན། བཅའ་ཁྲིམས་ཀྱིས་སྟེར་བའི་མི་སེར་གཅིག་ལ་འོས་སྐལ་གཉིས་པོ་དེ་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་འདྲ། དེ་ནི་བྱེས་ཀྱི་དམིགས་དབེན་གཞིས་པ་མ་དོར་གྱི་བར་དུ་དེ་དེ་མུར་གནས་ངེས་ཡིན་པས་སེམས་ཁྲལ་མེད་པ་རེད།
མདོར་ན་སྲིད་སྐྱོང་གཉིས་པའི་འོས་མིར་སེར་མོ་བའི་རྟེན་འབྲེལ་མི་འཕྲུུག་མཁན་ཞིག་ཀྱང་དགོས་འདུག་པས་ད་ལོངས་ཤོག
ཚིག་རྩུབ་གཤེ་གཏོང་བ་དང་། ཁ་འགྱེད་པ་སོགས་ལ་བརྒྱད་བཀག་པ་ཞེས་ཡོད་ན། བརྒྱད་པོ་དེ་གང་གང་ཡིན་ནམ། འདི་དག་མཁྱེན་མཁན་ཡོད་ན། གསུང་གྲོགས་བཀའ་དྲིན་ཆེ།
རྒན་ལ་དྭགས་པ་ལ་མཚམས་འདྲི་ཞུ། བོད་ཀྱི་བརྡ་སྤྲོད་ཐད་ནས་སྔར་ཕྱིར་ལམ་སྟོན་ཧ་ཅང་པོ་གནང་བར་དགའ་བསུ་ཞུ། འོན་ཏང་སྐུ་ཉིད་ཀྱིས་སྐབས་རེར། བརྡ་དག་དང་མཐུན་མིན་ཇི་ལྟར་ཡང་གང་ཅིའི་ཐད་ན་བཀོལ་སྤྱོད་མི་བདེ་བ་དེ་འདྲ་ཡང་མང་པོ་མང་པོ་ལམ་སྟོན་གནང་གིན་འདུག་སྟབས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ་ཟེར་དུས། ལེགས་སོ་ཞུ་དགོས་པ་ནང་བཞིན་ནི་ངོ་མ་ཁག་ཙམ་འདུག དཔེ་ན་འཛམ་གླིང་ལ་ཛམ་གླིང་དང་། ངོ་མ་ལ་དངོས་མ། སེར་མོ་བ་ལ་སེར་མོ་པ་སོགས་ནི་ཚེ་རབས་སྔར་མ་སྔར་མ་རྣམས་སུ་གང་ཞིག་བཀོལ་སྤྱོད་ནང་སྲོལ་ཡོད་མིན་མ་ཤེས་མོད། ད་ལྟའི་འདུས་འདིར་བོད་པའི་མཁས་དབང་སུས་ཀྱང་དེ་ལྟར་གསུངས་པའི་བརྡ་འགྲེལ་གྱི་བསྟན་བཅོས་ཤིག་མ་མཇལ། སྤྱིར་བཏང་ལམ་ལུགས་རྙིང་པའི་གྲལ་ནས་མང་པོ་ཞིག་ནི་ཕྱིས་སུ་འགྱུར་བ་སོང་ཡོད་ངེས་རེད་ལ། དེ་ཡང་དགེ་མཚན་ཞིག་ལས་སྐྱོན་གྱི་ཆ་ལ་ངོས་འཛིན་བྱེད་ཀྱིན་མེད། དེའི་རྒྱུ་མཚན་ཡང་དུས་རབས་ཀྱི་དཔལ་ཡོན་འཕེལ་འགྱུར་དང་། མིའི་བསམ་སྤྱོད་དང་སེམས་ཁམས་སོགས་ལ་བལྟོས་ནས་ཡིན་པར་འདོད་ཀྱིན་ཡོད།
༄༅། །དགེན་ལ་དྭགས་པ་ལགས་ཀྱིས་གསུངས་དང་།
༡། དུས་གསུམ་བྱེ་བྲག་པའི་སྐབས་སུ་ “ད་ལྟ་བ་ལ་གཉིས་ཀ་མེད” ཟེར་པའི་སྤྱི་འགྲོས་ལྟར། འཕུལ་ཡང་འཇུག་གཉིས་མེད་ཀྱི་ “སྒྲོག” བྲི་དགོས་རྒྱུ་ལ། མི་འབྲི་བར་ སྔོན་གྱི་བསྟན་བཅོས་རྙིང་པ་འགར་ཡང་ཁྱེད་ཀྱི་དགོངས་ཚུལ་ཇི་ལྟ་བ་བཞིན། ད་ལྟ་བར་ཡང་སྐུལ་ཚིག་གི་ཡི་གེ་ “སྒྲོགས་” བྲིས་པ་ལན་གྲངས་དུ་མར་འབྱུང་ན། དེའི་རྒྱུ་མཚན་གསུང་རྒྱུ་ཡོད་དམ།
༢། བདག་སྒྲའི་སྐབས་སུ། ཁྱེད་ཀྱི་འདོད་ཚུལ་ལྟར་བྱས་ན། “པ” གཅིག་པུ་ལས་ “པོ” ཡང་བདག་སྒྲ་མ་ཡིན་པར་ཐལ་ཏེ། རྩ་བའི་ཚིག་ཟིན་ལ་མ་བསྟན་པའི་ཕྱིར། བསྟན་ཏེ་ཕོ་ཡིག་ཡིན་པ་མཚུངས་པས་སོ་ཞེ་ན། དེ་ཙམ་མཚུངས་བ་ཙམ་གྱིས་དངོས་བསྟན་དུ་སོང་ན། ལ་དོན་གྱི་སྐབས་སུ། “ར་” རྩ་བར་བསྟན་རྗེས། “དེ་ལ་ཨ་ལི་གཉིས་པ་སྦྱར་” ཞེས་པ་དགོས་མེད་དུ་ཐལ་ཏེ། “ར་” བསྟན་པས་ “རུ་” ཡང་དངོས་སུ་བསྟན་ཟིན་པ་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར།
དེ་ན་ནི། ཤུགས་བསྟན་ཁས་ལེན་དགོས་ཏེ། གཞན་དུ་ན། བོད་ཀྱི་བརྡ་སྤྲོད་ནང་གི་ཕྲད་རྣམ་དབྱེ་མང་དག་ཅིག་ཁྱེད་ལ་མེད་པར་འགྱུར་བས། དགེ་རྒན་ཞིག་ལྟ་ཅི་བོད་སྐད་སྨྲ་ཤེས་ལ་དོན་གོ་བའི་བྲལ་ནས་ཀྱང་བུད་ཉེན་ཆེའོ། །དེས་ན། སི་ཏུ་པཎ་ཆེན་གྱིས། ཤུགས་བསྟན་ “པོ” ཡིག་བདག་སྒྲར་མངོན་པར་བཀྲལ། དབྱིངས་ཅན་གྲུབ་རྡོར་གྱིས་དེའི་སྟེང་ “བ་བོ་མ་མོ” བཞི་མངོན་པར་བཀྲལ་ལོ། །
གྲུབ་རྡོར་ལྟར་ཁས་མི་ལེན་ན་ནི། གནས་མོ། བདག་མོ། གཙོ་མོ། སྣེ་ལེན་མ། ཞེས་སོགས་ཀྱི་ “མ་མོ” དག་ཀྱང་བདག་སྒྲ་མ་ཡིན་པར་འགྱུར་པས། བདག་སྒྲ་ཅན་དུ་བསྒྱུར་ན། གནས་པོ། བདག་པོ། གཙོ་པོ། སྣེ་ལེན་པ་ཞེས་སོགས་སུ་བཅོ་རྒྱུ་འམ། ཡང་ན་གནས་མོ་པ། བདག་མོ་པ། གཙོ་མོ་པ། སྣེ་ལེན་མ་པ་སོགས་སུ་བརྗོད་དགོས་རྒྱུ་ལས་མ་འདས་མོད། སྔ་མ་ལྟར་ན། བདག་པོ་ཕོ་མོ་གང་ཡིན་རྣམ་པར་འབྱེད་མི་ནུས་པའི་སྐྱོན་འཇུག ཕྱི་མ་ལྟར་ན་བརྡ་བསྟན་བཅོས་སུ་མ་ཟད་འཇིག་རྟེན་གྲགས་ཚོད་དུའང་མ་གྲགས་པའི་སྐྱོན་འཇུགོ།
གཞན་ཡང་དཔེར་བརྗོད་འདི་གཅིག་པུ་ཙམ་གྱིས་ཁྱེད་ཀྱི་དམ་བཅའ་བྱེ་མའི་ཆིངས་བུ་འཐོར་པར་འགྱུར་རོ། སོམས་དང་། “རྣལ་འབྱོར་སྤྱོད་པ་བ” ཞེས་པ་འདི། ཁྱེད་ལྟར་ན། “བ” བདག་སྒྲ་མ་ཡིན་པས། “རྣལ་འབྱོར་སྤྱོད་པ་པ” ལ་ཆོས་དང་། གད་མོ་མི་བྲོ་འམ།
དེས་ན། སྐད་ཡིག་གི་མདུན་བསྐྱོད་གུ་དོག་པའི་རྒྱ་རུ་མི་བཙུད་པར་འཁོར་རྒྱུགས་ཇེ་ཡངས་ཇེ་ཆེ་ལ་གཏོང་པར་འབད་གལ་ལོ། །འོན་ཀྱང་ཡིག་སྐད་དང་མི་མཐུན་པའི་གྲོང་སྐད་ཡ་མ་བརླ་རྣམས་ནམ་ཡང་རང་རེའི་སྤྱི་སྐད་དུ་བསྲེ་མི་རུང་བ་ནི་ཁྱེད་ཀྱི་བཞེད་དགོངས་ལྟར་ཁས་ལེན་སྟེ། རྒན་ལགས་ཀྱི་མིག་རྒྱང་རིང་པའི་བཞེད་པ་ཡང་དག་གོ །
༅། །དགོངས་དག འདིར་དག་ཆའི་སྐོར་གླེང་བཞིན་པས། ཁ་བརྡ་ཚང་ལ་གཅིག་འདྲི། མཆན་ “ཞོགས” རེད་ “ཞོག” རེད། ཐག་མི་ཆོད་པ་འདུག།
“རྣལ་འབྱོར་སྤྱོད་པ་པ”ཞེས་ཆེས་དག་པར་འདོད་དོ།
༅། །དགེན་ཁྱེད་ནས་དགོངས་པ་བཞེས་དང་། རྟགས་མཚུངས་ལས་ཀྱང་བརྗོད་བདེ་གཙོ་ཆེ་བ་སུམ་རྟགས་མཁན་པོའི་དགོངས་པ་རེད། དེས་ན་ “སྤྱོད་པ་པ” ཞེས་ “པ” སྒྲ་གཉིས་སྟབས་གཅིག་ཏུ་བརྗོད་བདེ་པར་འདུག་གམ། རྡོ་ཆག་བཙན་བསྒྲིགས་སུ་མ་སོང་ངམ། ད་དུང་རྟགས་མཚུངས་འདྲེན་པའང་མ་རེད་དེ། མོ་ཡིས་ཕོ་དྲངས་འདུག་པས་སོ། །
འཇམ་གཅེས་ལེགས་དང་། ལོ་ཡག་མཆོག་ལ་རང་ཅག་གིས་མཁས་པས་བྲིས་པ་རྣམས་ལ་རྩིས་སྟངས་བྱས་ཏེ། བོད་སྐད་འབྲི་བ་པོ་རྣམས་ཀྱི་བྲིས་རྩོམ་ཀུན་སླ་བར་གོ་ཐུབ་པ་ཞིག་བཟོ་དགོས། འདི་དག་ལ་དམིགས་ཏེ། མ་འོངས་བོད་ཀྱི་གནས་ཚུལ་གསལ་པོར་གཟིགས་ཏེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ངོ་མ་ཞེས་རང་ལུང་ཕལ་སྐད་མ་བཀོལ་བར་དངོས་མ་ཞེས་ལན་མང་དུ་བྲིས་པ་མཐོང་དུ་མཆིས། ཛམ་གླིང་ཞེས་པ་སྣར་ཐང་བཀའ་འགྱུར་དང་། དེབ་སྔོན་དེབ་གཟུགས་མ་ཤོག་གྲངས་༩༣༤སོགས་ན་ཧོལ་ཚོད་ཀྱི་ལྷད་མ་ཞུགས་པ་མཆིས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ་ཟེར་དུས། ཞེས་པའི་སྩལ་ལ་བ་སྔོན་འཇུག་ཡོད་པ་ནི། བོད་ཀྱི་མཁས་པར་གྲགས་ཤིང་བོད་ཀྱི་གསུང་རབས་ཀློག་མ་མྱོང་བ་དག་གི་ཤན་ཞུགས་པ་བོད་རྒྱ་ཚིག་མཛོད་ཀྱི་དྲི་མ་ངན་པ་མ་སེལ་ན། མ་འོངས་བོད་ཀྱི་རིག་གནས་ཀྱི་དཔེ་ཆ་ཡོངས་ལ་ཁྱབ་པར་ངེས།
“རྣལ་འབྱོར་སྤྱོད་པ་བ” ཞེས་པ་འདི། ཁྱེད་ལྟར་ན། “བ” བདག་སྒྲ་མ་ཡིན་པས། “རྣལ་འབྱོར་སྤྱོད་པ་པ” ལ་ཆོས་དང་། གད་མོ་མི་བྲོ་འམ།
འདི་ལ་ལན། “རྣལ་འབྱོར་སྤྱོད་པ་པ”ཞེས་ཆེས་དག་པར་འདོད་དོ། ཞེས་བྲིས་པ་ནི། རྗེ་དགེ་འདུན་གྲུབ་ཀྱིས། ཚད་མའི་བསྟན་བཅོས་རིགས་པའི་རྒྱན། དབུས་སྤར་ཤོག་གྲངས་༤༤པའི་རྒྱབ་ཤོག་ན། བཞི་པ་དཔྱོད་པ་པའི་ལུགས་ནི། དཔྱོད་པ་པའི་ལུགས་ལ། ཞེས་རྣལ་འབྱོར་སྤྱོད་པ་པ་དང་བདག་སྒྲ་ཡིན་ཚུལ་ཁྱད་པར་མེད་པར་མཐོང་།
“སྤྱོད་པ་པ” ཞེས་ “པ” སྒྲ་གཉིས་སྟབས་གཅིག་ཏུ་བརྗོད་བདེ་པར་འདུག་གམ། རྡོ་ཆག་བཙན་བསྒྲིགས་སུ་མ་སོང་ངམ། ད་དུང་རྟགས་མཚུངས་འདྲེན་པའང་མ་རེད་དེ། མོ་ཡིས་ཕོ་དྲངས་འདུག་པས་སོ། །
འདིར་“སྤྱོད་པ་པ” དཔྱོད་པ་པ། ནོར་དོགས་ཡོད་པ་ཡོངས་གྲགས་སུ་མཐོང་། དང་པོ། སྤྱོད་པ་ཞེས་པ་ཀུན་སྤྱོད་དང་། ཕྱི་མ་དཔྱོད་པ་ཞེས་པ་དེ་རྣམ་དཔྱོད་ལ་གོ་དགོས་པར་སེམས། དེས་ན། སྤྱོད་པ་པ་དང་། དཔྱོད་པ་པ། ཞེས་བདག་སྒྲ་སྦྱོར་ཚུལ་རྨ་མེད་པ་ནི།
་
གང་མིང་བརྗོད་པའི་མ་མཐའ་ན།
ཕོ་ཡི་རྟགས་ཀྱི་སྒྲ་མེད་པ།
དེ་ལ་ཕོ་ཡི་རྟགས་སྦྱར་ན།
བདག་པོའི་སྒྲ་རུ་ཤེས་པར་བྱ།།
་
འདི་ཡིས་མོ་ཡིན་ན། མ་རྟགས་མཚོན་བྱེད་མ་དང་མོ་གང་རུང་སྦྱར་དགོས་ཏེ། བོད་རིགས་མ། ལ་དྭགས་མ། སྤྱི་ཏི་མ། བོད་མོ། ཁམས་མོ། ཨ་མདོ་མ། སོག་མོ་ཞེས་སོགས་སོ།
རྒན་དྭགས་པ་མཆོག
དག་ཡིག་གསར་བསྒྲིགས་ལས། ངོ་མ་ནི་རྫུན་མའི་ལྡོག་ཟླ་སྟེ། བྱུ་རུ་རྫུན་མ་ཞེས་པ་ལྟ་བུ། འཛམ་བུ་ཞེས་པ་འདི་ལྷ་སྒྲུང་དུ་བཤད་པའི་ཤིང་ཏོག་ཅིག་གམ་ཤིང་ཏོག་གི་སྡོང་པོ་ཞིག ཚིག་བསྡུས་ན་་་་འཛམ་་་་ཞེ་འབྲི་ཆོག འཛམ་གླིང་ནི་འཛམ་བུའི་གླིང་་ཞེས་ཚིག་བསྡུས་པ་ཡིན་ཞེས་གསུངས་འདུག
རིག་གནས་གསར་བརྗེ་ཡི་མུན་ནག་གི་ཁྲོད་དུ་བོད་ཀྱི་སྐད་ཡིག་གི་ཉི་འོད་འཕྲོས་བཅུག་མཁན་གྱི་དམ་པ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གཙོ་བོ་གྱུར་པའི་དག་ཡིག་གསར་བསྒྲིགས་རྩོམ་སྒྲིག་བྱས་མཁན་གྱི་མི་སྣ་དེ་དག་བོད་མི་རིགས་ལ་བཀའ་དྲིན་ཆེན་པོ་ཡིན། ང་ཚོས་གུས་བཀུར་མི་བྱེད་ཀ་མེད་རེད།
རྒན་ལ་དྭགས་པའི་རྗེས་སུ་འབྲངས་ན་དག་ཡིག་གསར་བསྒྲིགས་དང་མཐུན་གྱི་མི་འདུག ཅི་འདྲ་བྱས་ན་དགའ་འམ། ངོ་མ་ཞེས་པ་དང་འཛམ་གླིང་ཞེས་པའི་ཐ་སྙད་འདི་གཉིས་བོད་སྤྱི་རུ་ཁྱབ་ཆེ་བའི་ཐ་སྙད་གཉིས་རེད། མ་གཏོགས་ལ་དྭགས་པའི་ཕལ་སྐད་ལྟ་བུ་ཞིག་མ་རེད།
ནོར་བཅོས།
རྒན་ལ་དྭགས་པ་མཆོག
དག་ཡིག་གསར་བསྒྲིགས་ལས། ངོ་མ་ནི་རྫུན་མའི་ལྡོག་ཟླ་སྟེ། བྱུ་རུ་རྫུན་མ་དང་ངོ་མ་ཞེས་པ་ལྟ་བུ། འཛམ་བུ་ཞེས་པ་འདི་ལྷ་སྒྲུང་དུ་བཤད་པའི་ཤིང་ཏོག་ཅིག་གམ་ཤིང་ཏོག་གི་སྡོང་པོ་ཞིག ཚིག་བསྡུས་ན་་་་འཛམ་་་་ཞེ་འབྲི་ཆོག འཛམ་གླིང་ནི་འཛམ་བུའི་གླིང་་ཞེས་ཚིག་བསྡུས་པ་ཡིན་ཞེས་གསུངས་འདུག
རིག་གནས་གསར་བརྗེ་ཡི་མུན་ནག་གི་ཁྲོད་དུ་བོད་ཀྱི་སྐད་ཡིག་གི་ཉི་འོད་འཕྲོས་བཅུག་མཁན་གྱི་དམ་པ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གཙོ་བོ་གྱུར་པའི་དག་ཡིག་གསར་བསྒྲིགས་རྩོམ་སྒྲིག་བྱས་མཁན་གྱི་མི་སྣ་དེ་དག་བོད་མི་རིགས་ལ་བཀའ་དྲིན་ཆེན་པོ་ཡིན། ང་ཚོས་གུས་བཀུར་མི་བྱེད་ཀ་མེད་རེད།
རྒན་ལ་དྭགས་པའི་རྗེས་སུ་འབྲངས་ན་དག་ཡིག་གསར་བསྒྲིགས་དང་མཐུན་གྱི་མི་འདུག ཅི་འདྲ་བྱས་ན་དགའ་འམ། ངོ་མ་ཞེས་པ་དང་འཛམ་གླིང་ཞེས་པའི་ཐ་སྙད་འདི་གཉིས་བོད་སྤྱི་རུ་ཁྱབ་ཆེ་བའི་ཐ་སྙད་གཉིས་རེད། མ་གཏོགས་ལ་དྭགས་པའི་ཕལ་སྐད་ལྟ་བུ་ཞིག་མ་རེད།
ཅོ་རི་ཉི་མ་ལེགས། ངས་ནམ་ཡིན་ཡང་ཆོས་སྐད་ན་ཡོད་པ་མ་གཏོགས། ང་ཞ། ཁྱོ་ཞ་ཟེར་བ་སོགས་ལུང་སྐད་ཅིག་མི་འབྲི་བའི་ཐབས་ལ་འབད། གལ་ཏེ་ལ་དྭགས་པའི་ཕལ་སྐད་ཀྱི་མིང་ཚིག་འདི་དང་འདི་ཞེས་ངོས་འཛིན་མཛད་ན་ཀུན་ལ་ཕན།
མཁས་དབང་དམ་པ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གཙོ་བོར་གྱུར་པའི་མཁས་དབང་རྣམས་ལ་གུས་བཀུར་ཞུ་འོས། འོན་ཀྱང་དེ་ན་གསུངས་ཚད་ཁས་ལེན་མི་ཐུབ། ལོ་ངོ་མང་པོའི་སྔོན་དུ། དམ་པ་གང་གིས་བྲིས་པའི། བོད་ཀྱི་ཡི་གེའི་སྤྱི་རྣམ་དུ།
་
པ་བ་པོ་བོ་ཅན་ལྡན་རྣམས།
བདག་པོ་སྟོན་བྱེད་བདག་སྒྲ་ཡིན།
ག་ད་ན་བ་མ་ས་དང་
ད་དྲག་ཅན་མཐར་པ་དང་པོ།
ང་འ་ར་ལ་མཐའ་མེད་མཐར།
བ་དང་བོ་ཉིད་སྦྱོར་བ་འོ།།
་
ཞེས་སོགས་གསུངས་པ་བཀླགས། ་ ་ ་དཔེར་ན། ཞིང་བ། མདའ་བ། མགར་བ། བྱ་ཡུལ་བ། སློབ་གྲྭ་བ། འདི་དག་ལས་བདག་སྒྲ་ཡིན་པ་དང་མ་ཡིན་ཅི་རིགས་སུ་སྣང་། འདི་བཞིན་ལུང་སྐད་བོད་སྐད་ཡོངས་སུ་བཀོལ་ན། སྔར་གྱི་མཁས་པའི་བྲིས་པའི་དཔེ་ཆ་དག་དང་མི་མཐུན། དཔེར་ན། དེ་ནས་ཞིང་པའི་བུ་མོ་ལེགས་མས། ཞེས་པ་ལྟ་བུ་ལགས། ཡིག་ནོར་ཞུས་དག་མཛོད་ཅིག
༄༅།།དགེན་བློ་འཇམ་མཆོག་ལ།
སྔོན་གྱི་མཁས་པའི་གསུང་དཔེ་ན་གང་དང་གང་ཡོད་པ་ཐམས་ཅད་མཁས་པ་དེ་དང་དེའི་དགོངས་པ་ཡིན་པས་ཨེ་ཁྱབ། ཁྱབ་ན་ལོ་ཤས་སྔོན་རྡ་ས་ཤེས་དཔར་ནས་རྗེ་ཡི་ལམ་རིམ་ཆེན་མོ་ནང་གི་ “བ་བོ་ ” ཡོད་ཚད་ “པ་པོ་” ལ་བསྒྱུར་ཏེ་དཔར་ཡོད། དེ་ལྟར་བསྒྱུར་ཨེ་རུང་། མི་རུང་སྟེ་རྗེ་ཙོང་ཁ་བའི་དགོངས་པ་ཡིན་པའི་ཕྱིར། ཡིན་ཏེ། རྗེ་ཡི་གསུང་དཔེ་ན་ཡོད་པའི་ཕྱིར།
གཞན་ཡང་། ཁྱེད་ཀྱིས་སྔོན་གྱི་མཁས་པ་ལ་༼ རྩིས་སྟངས་ ༽བརྩི་སྟངས་བྱོས་ཟེར། འོ་ན་ཁྱེད་ཀྱིས་དངུལ་ཆུ་ཡབ་སྲས་ལྟ་བུ་སུམ་རྟགས་སྨྲ་བའི་དེད་དཔོན་དག་ལ་བརྩི་སྟངས་མི་བྱེད་དོན་ཅི་ཡིན།
ཡང་དགེན་ཁྱེད་ཀྱིས་ཅོ་རི་ལ་བཏབ་པའི་མཆན་བུའི་ནང་། མཁས་པའི་གསུངས་ཚད་ཁས་ལེན་མི་ཐུབ་ཅེས་བྲིས་འདུག འོ་ན་མཁས་གྲུབ་རྗེའི་གསུང་ན་ “དཔྱོད་པ་པ” ཞེས་སུ་ཡོད་པ་ཙམ་གྱིས་ཁས་ལེན་དགོས་པ་རྒྱུ་མཚན་ཅིས་གྲུབ།
ཁྱེད་ཀྱིས་བདག་སྒྲ་ལ་ཕོ་ཡིག་སྦྱོར་དགོས་པའི་རྩ་ཚིག་སྐྱོར་བཞིན་དུ། མ་དང་མོ་བདག་སྒྲ་ལ་ཁས་བླངས་འདུག མ་དང་མོ་ནི་མོ་ཡིག་ནང་གི་ཀྱང་ཤིན་ཏུ་མོ་རེད། དེས་ན་རང་གི་དམ་བཅའ་ནས་བུད་མི་འདུག་གམ། དེ་ལྟར་ཡང་། བ་དང་བོ་ཡི་སྐབས་སུ་སླར་ཡང་སྔར་གྱི་དམ་བཅའི་རྩ་ཚིག་ཤར་ཤར་སྐྱོར་འགྲོ་བ་འདི་ལྟ་ན་རིགས་ལམ་གྱི་འགྲོ་སྟངས་ཤིག་འདུག་གམ།
འདིར་ཁས་མི་ལེན་རང་ལེན་ཞིག་ལ། དབྱངས་ཅན་གྲུབ་པའི་རྡོ་རྗེས། བདག་སྒྲ་ཡར་གྱུར་བ་དང་ནི། །ཞེས་གསུངས་པ་བཞིན། སྤྱོད་པ་བ། དཔྱོད་པ་བ་ཞེས་སོགས་སུ་སྦྱར་འོས་སྟེ། བརྗོད་བདེ་དང་རྟགས་མཚུངས་གཉི་ག་ཡིན་པས་སོ། །
དེས་ན། སུམ་རྟགས་བཤད་པའི་སྐབས་སུ། སུམ་རྟགས་མཁན་པོ་དག་གི་ལུང་རིགས་ལ་རྟོན་དགོས་པ་ལས། གསུང་རབ་ཆོས་དཔེ་རེས་འགའ་བ་དག་ལ་ཁུངས་གཏུགས་མི་རུང་། ཅི་ལ་ཞེ་ན། གསུང་རབ་དཔར་བསྐྲུན་གྱི་སྐབས་སུ་ཡུལ་ལུང་མི་འདྲ་བ་ན་ཞུ་ཆེན་པ་མི་འདྲ་བ་རེ་ཡོད་ལ། ཞུ་ཆེན་པ་ལ་ལའི་སྙིང་ཁམས་ལ་ང་རྒྱལ་དང་ཕྱོགས་རིས། ཆབ་སྲིད་བཅས་ཀྱི་གདོན་གྲིབ་ཕོག་ཡོད་པས་སོ། །
༄༅། །དགེན་ལ་དྭགས་པ་ལགས། ཁྱེད་ནས།
༼ གང་མིང་བརྗོད་པའི་མ་མཐའ་ན།
ཕོ་ཡི་རྟགས་ཀྱི་སྒྲ་མེད་པ།
དེ་ལ་ཕོ་ཡི་རྟགས་སྦྱར་ན།
བདག་པོའི་སྒྲ་རུ་ཤེས་པར་བྱ།།
འདི་ཡིས་མོ་ཡིན་ན། མ་རྟགས་མཚོན་བྱེད་མ་དང་མོ་གང་རུང་སྦྱར་དགོས་ཏེ། བོད་རིགས་མ། ལ་དྭགས་མ། སྤྱི་ཏི་མ། བོད་མོ། ཁམས་མོ། ཨ་མདོ་མ། སོག་མོ་ཞེས་སོགས་སོ། ༽
ཞེས་མོ་ཡིན་ན། མོ་རྟགས་མཚོན་བྱེད་ཀྱི་མ་དང་མོ་གང་རུང་སྦྱར་དགོས་ཟེར། སོམས་དང་། བོད་རིགས་མ། ལ་དྭགས་མ། སོག་མོ་ཞེས་པའི་དཔེར་བརྗོད་འདི་དག་ནང་གི་མཐའ་རྟེན་“ས” དང་ “ག” རྣམས་མོ་ཡིག་རེད་དམ། མ་ཡིན་ཏེ་ཕོ་ཡི་ཡི་གེ་འོ། །
གང་དྲན་དྲན་མི་སྨྲ་བར་ཞུའོ། །
ལོ་ཡག་ལེགས། མིང་མཐའ་འདྲེན་ཚུལ་ལ་ཕོ་མོ་མ་ནིང་ལ་བལྟ་དགོས་པ་ལས། བདག་སྒྲ་འདྲེན་པ་ལ་དེ་ལྟར་དགོས་པ་ནི་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་གང་དུ་མ་མཐོང་བས། ཁྱེད་ཀྱིས་ལུགས་གསར་པ་ཞིག་སྲོལ་གཏོད་བྱས་པར་ཁོ་བོའི་ཡིད་ལ་དགོད་བྲོ་བ་ཞིག་ལངས་སོ།
༄༅། །དགེན་བློ་འཇམ་ལགས་ཀྱི་དགོངས་ཚུལ་འདི་བདེན་ཏེ།
དག་ཡིག་གསར་བསྒྲིགས་རྩོམ་པ་པོས་ཐུགས་མཉམ་མ་བཞག་པར་ “བསྩལ” ཞེས་ཚིག་མཛོད་སྐད་གྲགས་ཅན་དེའི་ནང་འགོད་ཐལ་ཤོར་བའི་ནོར་འཁྲུལ་འོག་མ་དག་རྒྱུན་འབྱམས་སུ་སོང་སྟེ། ད་དུས་ནི་བྱ་ཚིག་འདི་དུས་གསུམ་བྱེ་བྲག་པའི་སྤྱི་འགྲོས་ལྟར་སྤྱོད་མཁན་མང་མོད། དོན་དུ་སྔོན་གྱི་བཀའ་བསྟན་ཚད་ལྡན་རྣམས་སུ་འདས་མ་འོངས་གཉིས་ལ “སྩལ” དང་། ད་ལྟ་བ་དང་སྐུལ་ཚིག་ལ་ “སྩོལ” ཁོ་ན་བྲིས་པ་འབྱུང་ངོ་། །འོ་ན་ “བསྩལ” ནི་ཅི་འམ་ཞེ་ན། བསལ་གྱི་བརྡ་རྙིང་སྟེ། སྐད་གསར་བཅད་ལ་ཙ་ཕྱིས་སོ། །འདིའི་སྐོར་སི་ཏུ་འགྲེལ་ཆེན་ནའང་གསལ།།
༄༅། །དགེ་རྒན་ཆེན་མོ་བློ་འཇམ་ལགས། མིང་མཐས་མིང་མཐའ་དྲངས་པ་ཞེས་པའི་དོན་ལ་གོ་བ་ཞིག་ལོངས་དང་། གཞན་ཡང་ཕོ་མོ་མ་ནིང་མ་ཡིན་པའི་ཡི་གེ་ཞིག་ཁྱེད་ལ་བསྟན་རྒྱུ་ཨེ་ཡོད། སུམ་ཅུ་པའི་སྐབས་སུ་ཕྲད་རྣམ་དབྱེ་རྣམས་རྗེས་འཇུག་གང་དང་གང་ལ་འཇུག་ཚུལ་བསྟན་པ་དང་། རྟགས་འཇུག་གི་སྐབས་སུ་དེ་ལྟར་འཇུག་པའི་རྒྱུ་མཚན་འདྲེན་ཚུལ་གཉིས་ཀྱི་སྟེང་ནས་བཤད་ཡོད། བདག་སྒྲའི་སྐབས་ཀྱང་རྟགས་མཚུངས་དང་བརྗོད་བདེ་ལ་ཡ་མེད་གཏོང་བ་ནི། རྟགས་ཀྱི་འཇུག་པའི་དགོངས་པ་མ་མཐིལ་ཕྱིན་མ་ལོན་པའི་ཞན་ཆ་ལས་མིན་ལ། བདག་སྒྲའི་སྐབས་བརྗོད་བདེ་ལ་མ་ལྟོས་ན། བདག་སྒྲའི་དཀའ་རྙོག་འདི་ནམ་ཡང་སེལ་དུ་མེད།
རེད་དམ་རེད་དགེན་ལགས།
ད་ནི་འདིར་ཡོང་ཁོམ་མི་འདུག དགོངས་དག། བདེ་བཞུགས་མཛོད།
ངས་ནི་རྒན་ལ་དྭགས་པ་ལགས་ཟེར་བ་ལསམ ལ་དྭགས་པ་ལེགས་མི་ཟེར། གནའ་བོ་ཡིག་རྙིང་བརྡ་སྤྲོད་དང་མི་མཐུན་པ་ནི་ཏུང་ཧོང་ཡིག་རྙིང་དང་། བཙན་པོའི་སྐབས་ཀྱི་རྡོ་རིང་ཡི་གེ་ཕལ་ཆེར་དག་བརྡ་སྤྲོད་ཀྱི་གཞུང་དང་མི་མཐུན་པ་མང་ལ། དེ་བཞིན་བཀའ་བསྟན་རྙིང་རིགས་དག་ལའང་དཔྱད་དགོས་པ་ལས། རྙིང་སྲོལ་གང་ཡིན་ལྷ་ཡིས་དངོས་གྲུབ་དང་། གསར་བྱུང་གང་ཡིན་བདུད་ཀྱིས་ཆོ་འཕྲུལ་ནམ་ཡང་བལྟ་མི་རུང་། གང་ལྟར་ཡི་གེ་ནི་མི་དང་མིའི་བར་དུ་བརྡ་སྤྲོད་བྱེད་ཀྱི་རིགས་གནས་ཤིག་ཡིན་པས་ངེས་པར་གོ་བདེ་བ་དང་། ར་འཕྲོད་བདེ་བ་ཞིག་དགོས་པ་ལས། ལྷ་སྐད་ཀླུ་སྐད་དང་ཐག་ཉེར་ཚུལ་འདྲ་གསུང་བསྡད་ན་ཏག་ཏག་རྩ་བ་གཉིས་ནས་མ་རེད་དྲན། ལྷག་པར་དུ་གཞི་རིམ་མང་ཚོགས་ཀྱིས་གང་བཀོལ་སྤྱོད་བྱེད་ཀྱིན་འདུག་མིན་ལ་བལྟོས་དགོས་ངེས་ཡིན། སྐད་ཡིག་བསོན་གནས་ཐུབ་མིན་ནི་དེའི་འཁོར་ཡུག་གམ་བེད་སྤྱོད་གཏང་མཁན་མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ་ནི་ཞུ་ལ་དགོས། མིང་ཚིག་དང་ཐ་སྙད་དེ་དག་གཞི་རིམ་མང་ཚོགས་དང་ཁ་བྲལ་བའི་དུས་དེར། སྐད་ཡིག་ཡང་དེ་མ་ཉིད་དུ་གནའ་གཏམ་ཙམ་ལས་ས་སྟེང་ནས་མི་མངོན་པར་འགྱུར་བར་ངེས་སོ།།
འཇམ་གཅེས་ལེགས། ཁྱེད་ཀྱིས་གསུངས་པ་ཕལ་ཆེར་བདེན། ལེགས་དང་ལགས་གང་འབྲི་དགོས་ལ་རྩོད་པ་མེད། ཞེ་སའི་ཕྱིར་དུ། བསོད་ནམས་ལེགས་ཞེ་ས་པ་ལ་དིང་སང་ཕལ་སྐད་དུ། བསོད་ནམས་ལེ་ཞེས་དང་། བསོད་ནམས་ལགས་ཞེས་པ་ལ་བསོད་ནམས་ལ། ཞེས་པ་མ་གཏོགས་རྗེས་འཇུག་དང་ཡང་འཇུག་དག་གང་གིས་འབོད་པ་མེད། རྙིང་པ་གང་ཡིན་ལེགས་པ་དང་གསར་པ་གང་ཡིན་ཉེས་པ་ཡིན་པའི་ཁྱད་པར་མེད། དིང་སང་རང་རེའི་ལག་ཏུ་ཡོད་པའི་བཀའ་བསྟན་གསུང་འབུམ་སོགས་བྲིས་ཡོད་པའི་སྐད་ཀྱི་དག་ཆ་རྣམས་ལ་སྐྱོབ་དགོས་པ་ག་ལ་ཞུ་དགོས། དེ་ཙམ་ཡིན། ལོང་ཆེར་མེད་དོ།
འོ་ན་ “བསྩལ” ནི་ཅི་འམ་ཞེ་ན། བསལ་གྱི་བརྡ་རྙིང་སྟེ། སྐད་གསར་བཅད་ལ་ཙ་ཕྱིས་སོ། །འདིའི་སྐོར་སི་ཏུ་འགྲེལ་ཆེན་ནའང་གསལ།། ཞེས་ལོ་ཡག་གིས་གསུངས་པ་ལ་བརྒྱབས་སྐྱོར་ནི། སྡེ་དགེ་ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ། ཐུ། ཤོག་གྲངས་༣རྒྱབ་ན། སྦྱངས་པ་ནི་བསྩལ་པའོ། ཞེས་སོ།