ཨེ་མ་ཧོ།
ན་མོ་གུ་རུ་པདྨ་ཀ་ར་ཡེ།
ཨེ་ཝྃ་རིག་པའི་རྟེན་འབྱུང་རྒྱལ་བའི་ལམ། །
ཇི་བཞིན་མངོན་གཟིགས་འགྲོ་ལ་སྟོན་མཁས་པ། །
འཛམ་གླིང་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་མཆོག།
མཚོ་སྐྱེས་རྒྱལ་བས་ཚེ་རབས་ཀུན་ཏུ་སྐྱོང་།།
མཁས་པས་དབུ་ཚད་རིག་པའི་ཤིང་རྟ་ཆེ།།
བཙུན་མཆོག་འདུལ་འཛིན་དམ་པའི་ཆུ་འགོ་བ།།
བཟང་པོ་སྤྱོད་པ་རྒྱ་མཚོའི་བདག་ཉིད་ཅན།
མཁན་ཆེན་བྱང་ཆུབ་སེམས་དཔས་རྟག་ཏུ་སྐྱོང་།།
ཀུན་བཟང་མཁྱེན་རབ་ཡེ་ཤེས་རྒྱས་པའི་དཔལ།།
འཛམ་གླིང་སུམ་གཉིས་དབང་བའི་མཐུ་སྟོབས་ལས།།
བསྟན་སྲིད་ཉིན་མོར་མཛད་པའི་བཀའ་དྲིན་ཅན།།
ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྙིང་ནས་གུས།།
༡༽ ལྷན་སྐྱེས་མ་རིག་གི་མུན་ནག་ཁྲོད་དུ།།
ཐབས་ཤེས་ཉི་ཟླ་ཡི་འོད་ཟེར་འཕྲོས་པས།།
ཐུགས་རྗེ་ཀུན་ཁྱབ་ཀྱི་རང་བྱུང་རིག་པ།།
རྩོལ་མེད་སྣང་བ་ཡི་བདེ་གཤེགས་སངས་རྒྱས།།
༢༽ ཐོག་མེད་ངན་གོམས་ཀྱི་ཀུན་བཏགས་སྒྲིབ་པས།།
གྲངས་མེད་བསགས་པ་ཡི་ལྟ་ལོག་ངན་གོམས།།
བརྗེད་མེད་གཉིས་འཛིན་གྱི་དུག་ལྔའི་བག་ཆགས།།
དྲི་མེད་དག་པ་ཡི་ཐུགས་དམ་གནང་རོགས།།
༣༽ མགོ་བདེ་གཡོ་འཕྲུལ་ཀྱི་ཌྰ་རུ་དཀྲོལ་ཞིང་།།
སྨྲ་ལྕེ་རྫུན་ཚིག་གི་ཌྰ་རྡོ་གཡུག་ཀྱང་།།
ཤེས་རིག་མངོན་ཕྲ་ཡི་སྒྲ་དབྱངས་ཀློང་ནས།།
བདེན་པའི་བུ་ཆུང་ང་གཡུལ་ལས་རྣམ་རྒྱལ།།
༤༽ ངོ་དགའ་བསྟོད་བཀུར་གྱི་མགོ་བོ་དུད་ཅིང་།།
ཁ་ཡག་གཏམ་བཟང་གི་དུང་ཕྲེང་མཛེས་ཀྱང་།།
གྱ་གྱུའི་འདོད་ཡོན་གྱི་བདུད་ཞགས་ནག་པོས།།
གཞན་དབང་མི་འགྲོ་བའི་སྣང་སྲིད་ཟིལ་གནོན།།
༥༽ སྒྱུ་ལུས་རྣལ་འབྱོར་གྱི་རྩ་རླུང་འཕྲུལ་འཁོར།།
གཟུངས་སྔགས་བཟླས་བརྗོད་ཀྱི་བསྙེན་སྒྲུབ་ཕྲིན་ལས།།
བསྐྱེད་རྫོགས་རྫོགས་ཆེན་ལ་གོམས་པའི་བསོད་ནམས།།
ཤྲྰི་སྨྱོན་དགྱེས་རྡོར་གྱི་སྐལ་བར་གྱུར་སོང་།།
༦༽ བདེན་དྲང་གཏམ་བརྗོད་ལ་རྒྱལ་ཁ་མ་སྟེར།།
གཡོ་རྫུན་མགོ་བསྐོར་ལ་ཞེ་ཕུག་གཏད་པའི།།
དེང་དུས་མི་དམངས་ཀྱི་བསམ་སྤྱོད་མཐོང་ཚེ།།
ཉིན་མཚན་དོན་མེད་ཀྱི་འཇིག་རྟེན་མིན་ནམ།།
༧༽ ཡ་རབས་བསམ་སྤྱོད་ཀྱི་ཉིན་མཚན་འདའ་ཞིང་།།
ངེས་འབྱུང་རྣམ་དག་གི་རབ་བྱུང་འཕེལ་ནས།།
བྱང་ཆུབ་སེམས་མཆོག་ལ་གུས་རྟག་བརྩོན་པས།།
སྣང་སྲིད་དག་མཉམ་གྱི་ཞིང་དུ་སྨོན་ནོ།།
ཞེས་པ་འདི་ཡང་རབ་བྱུང་བཅུ་བདུན་པའི་ཤིང་ལུག་ཁྲུམས་ཟླའི་གཟའ་ཚེས་དགེ་བར་་ཨེ་ཝྃ་རྣམ་རྒྱལ་གྱིས་སྐུལ་བར་ལྟར་གང་ཤར་རྒྱུ་མཚན་དང་བཅས་པར་ཤྲྰིཿཨེ་མ་ཧོས་དབྱིན་ཡུལ་གངས་ལྡན་རི་བོའི་མགུལ་ནས་སྤེལ་བར་དགེའོ།། །།