བསོད་ནམས་ནོར་བུ། (རྣམ་གྲོལ་གླིང་།)
རྣམ་ཤེས་འཐེང་པོ་རེ་དབྱུག་པར་ཁེན་ནས།།
འཁོར་བའི་གཡང་ཁ་ལ་ངུ་བཞིན་སྡོད་དུས།།
དཔུང་ལག་རིང་མོ་ཡིས་རྒྱབ་ནས་འཇུས་ཏེ།།
ཞི་བའི་ནགས་ཀླུང་ལ་སྐྱེལ་མཁན་ཁྱོད་རེད།།
རང་ཁ་མི་སོས་པའི་སྤྲང་འཁྱམ་འགའ་ཡི།།
འཚོ་བའི་རྐང་ལག་གི་རྐྱོང་སྐུམ་ཆེད་དུ།།
འོ་ཞོ་རྐང་འཁོར་སྒང་བཙོང་ནས་ཕེབས་མཁན།།
འཁོས་མེད་མདོག་མེད་ཀྱི་ཨ་མ་ཁྱོད་རེད།།
རྒད་པོ་མགོ་དཀར་ཚོའི་ངོ་ཁ་སྲུང་ཞིང་།།
ཕཊ་སྒྲ་གཙེར་མོ་རེས་རྣམ་ཤེས་ཁྲིད་དེ།།
ཤི་དུས་མིག་སྔུན་ལ་མར་མེ་སྤར་མཁན།།
དཀོར་ཁ་གྲོང་ཆོག་གི་བླ་རྒན་ཁྱོད་རེད།།
རས་གཟན་དམར་པོ་ཡི་སྒྲོ་གུར་ཕུབ་སྟེ།།
ཉི་ཟླ་སྐར་གསུམ་གྱི་འོད་སྣང་འཚག་གིན།།
དགུང་གི་ནམ་མཁའ་ལ་ལྡིང་སྐོར་རྒྱག་དུས།།
བྱ་རྒྱལ་ཁྱུང་ཆེན་ལ་འགྲན་མཁན་ཁྱོད་རེད།།
རིགས་པའི་རལ་གྲི་ལ་རྣོ་དབལ་སྤྲས་ཏེ།།
སྣང་བའི་བྲག་རི་ལ་ཨི་ཁུང་གཏོད་ཅིང་།།
སྲིད་པའི་ཚོན་རྩི་ལ་ཁ་ཆུ་གཏོར་མཁན།།
བས་མཐའ་འགྲིམ་པ་ཡི་སྤྲང་པོ་ཁྱོད་རེད།།
ཤ་མེད་རུས་རྐང་དེ་བྲག་ལ་སྦྱར་ཞིང་།།
བྲག་གི་དེ་བཞིན་ཉིད་ལྷང་ལ་ཕུད་དེ།།
མི་མཚར་མཚར་བ་ཡི་ལྟད་མོ་སྣ་ཚོགས།།
སྒྱུ་མའི་མེ་ལོང་ནས་སྟོན་མཁན་ཁྱོད་རེད།།
གཟུགས་སྒྲའི་དཔལ་ཡོན་ལ་ཁ་ཡ་མ་བྱས།།
རྐང་ལག་ཐུང་ངུ་རྣམས་རྐྱོང་གིན་རྐྱོང་གིན།།
ལྕགས་སྒྲོག་སྣེ་མོ་ཡི་ཨ་ལོང་གཅོད་མཁན།།
འཇིག་རྟེན་དགྲ་བོ་ཡི་དྭངས་མ་ཁྱོད་རེད།།
དཀར་དམར་ལང་ཚོ་ཡི་མཛེས་པ་ཆེ་ཡང་།།
དངོས་པོའི་ཆོ་འཕྲུལ་ལ་མགོ་བོ་མ་བསྒུར།།
མེ་ཏོག་དམར་པོ་ལ་མཆིལ་མ་འཕེན་མཁན།།
ལྭ་གོས་དམར་སེར་གྱི་བདག་པོ་ཁྱོད་རེད།།
གཞན་གྱི་མིག་ཆུ་རེ་ཁྱོར་བར་བཙིར་ཞིང་།།
རང་གི་འཛུམ་ཆུང་ཡང་རླུང་ལ་སྐུར་གྱིན།།
ཡ་ཀིའི་དག་ཞིང་གི་སྒོ་གླེགས་རྡུང་མཁན།།
རང་དོན་མི་འགྲུབ་པའི་རྒྱལ་སྲས་ཁྱོད་རེད།།
བྱམས་བྱམས་བརྩེ་བ་ཡིས་སྐྱོང་བའི་ཐ་མར།།
དྭ་ཕྲུག་ལུང་པ་གང་ཐང་ལ་བཞག་སྟེ།།
ཕྱིར་བལྟས་མེད་པའི་ངང་གཞན་ལ་བྲོས་པ།།
ངོ་ཚ་ཁྲེལ་མེད་ཀྱི་ཕ་རྒན་ཁྱོད་རེད།།
3/ 6/ 2015/ སྔ་འགྱུར་མཐོ་སློབ་ཆེན་མོར།