ཨེ་མ་ཧོ།
ན་མོ་གུ་རུ་བུདྡྷ་དྷརྨྰ་སངྒྷ་ཡེ།
སྐྱབས་གནས་རྒྱ་མཚོའི་སྤྱི་གཟུགས་བདེ་བཤེགས་སྙིང་།།
སྙིང་པོའི་མཐར་ཐུག་མི་ལུས་རིན་པོ་ཆེ།།
ཆེ་བའི་ཡོན་ཏན་ཀུན་བཟང་དམ་པའི་ཆོས།།
ཆོས་འཁོར་དམ་པས་འགྲོ་ཀུན་སྨིན་གྲོལ་སྩོལ།།
དལ་བརྒྱད་འབྱོར་བཅུའི་མི་ལུས་རིན་ཆེན་ལ།།
དམ་ཆོས་བདུད་རྩིས་ཕྱི་དོར་ལེགས་བྱས་ན།།
འདི་ཕྱི་ཀུན་བདེའི་ཡིད་བཞིན་ནོར་བུའི་དཔལ།།
འབད་མེད་ལྷུན་གྱིས་གྲུབ་པའི་ལམ་བཟང་ལགས།།
སྐྱབས་གནས་མ་ནོར་དཀོན་མཆོག་རིན་ཆེན་དད།།
ལས་འབྲས་མ་སྣོགས་རྟེན་འབྲེལ་བསླུ་མེད་སོམས།།
རང་ཚུགས་མ་ཤོར་དམ་པའི་ཆོས་དང་འདྲིས།།
གཞན་སེམས་མ་དཀྲུགས་གནས་ལུགས་ངང་དུ་གནས།།
དང་པོ་རང་བློ་གཙང་མའི་ལྷག་བསམ་བཅས།།
བར་དུ་རང་ནུས་འཚམས་པའི་ཐོས་བསམ་སྒོམ།།
རྗེས་སུ་ལེགས་ཚོགས་བསྔོ་སྨོན་ཟབ་རྒྱས་འབོད།།
ཉིན་མཚན་ཀུན་ཏུ་ཆོས་དང་མཐུན་པར་མཛོད།།
མདོར་ན་དམ་པའི་ཆོས་དང་མ་མཐུན་ན།།
བསྟན་འགྲོར་ཕན་བདེ་འབྱུང་བར་རི་རྭའི་འོད།།
གང་ལྟར་དམ་ཆོས་འོད་སྣང་ཡོངས་འཆར་ན།།
ཀུན་བཟང་རྒྱལ་སྲིད་ཐོབ་པར་གདོན་མི་ཟ།།
ཞེས་པ་འདི་ཡང་རབ་གནས་ཤིང་ལུག་ཁྲིམས་ཟླའི་ཡར་ཚེས་གཟའ་སྐར་དགེ་བར་བསམ་བཟང་གླིང་དུ་ཤྲྰིཿཨེ་མ་ཧོས་གང་ཤར་འཕྲིན་ཕྲན་དུ་དབྱིན་ཡུལ་ཛྙྰ་ན་གུ་རུའི་ལྷ་ཁང་ནས་བྲིས་པར་དགེའོ།། །།