གཡུ་སྒང་དགེ་འདུན།
དཔལ་ལྡན་སྲིད་སྐྱོང་མཆོག་གི་རྩ་དོན་གསུམ་གྱི་ཐད་ནས་རང་ཉིད་ཀྱི་བསམ་ཚུལ་ཐུང་ཐུང་ཞིག་གླེང་འདོད་བྱུང་། སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་སླེབས་ལ་ཉེ་བའི་སྐབས་འདིར་སྲིད་སྐྱོང་ལའང་ལབ་གླེང་མང་པོ་ཞིག་བྱེད་ཀྱི་ཡོད་པ་རེད། ང་ཚོ་བོད་པ་ཟེར་བ་འདི་དགའ་ན་དགའ་ཚོད་མ་ཟིན་པ་ཞིག་དང་། སྡུག་ན་སྡུག་ཚོད་མ་ཟིན་པའི་གཤིས་ཀ་ཞིག་ཡོད་པས། ད་ལྟའི་སྲིད་སྐྱོང་ལའང་ཁང་པའི་སྐོར་ན་ནག་འདེད་བྱེད་ཀྱི་འདུག ངའི་བསམ་ཚུལ་ལ་ང་ཚོ་མང་ཚོགས་ཀྱི་ངོས་ནས་འགན་འཁུར་དགོས་པའི་རིགས་དེ་ཁུར་ན་བཟང་གི་རེད་སྙམ། ད་ལྟའི་སྲིད་སྐྱོང་དང་ཚོགས་གཙོ་གཉིས་མི་རབས་འདིའི་ཁྲོད་རྩེ་ཕུད་རེད་ཅེས་ཐག་ཆོད་པའི་སྒོ་ནས་བཤད་ཐུབ་པ་ཞིག་རེད།
ཡིན་ནའང་ཁོང་གཉིས་ཀྱི་གཅིག་ལ་མི་གསོད་ལག་དམར་དང་། གཅིག་ལ་ཁང་རིན་གཙང་མ་ཡིན་མིན་གྱི་རྙོག་གླེང་ཞིག་ཁྱབ་བཞིན་པ་རེད། དེ་དག་གི་ཁུངས་སྐྱེལ་ནི། འདས་པོ་ཞིག་གི་གཏམ་རྒྱུད་དུ་འཁོད་པའི་མི་གསོད་ལག་དམར་ཞེས་པ་དེ་དང་། དབྱིན་མོ་ཞིག་གིས་རྩོམ་ཡིག་གསར་ཤོག་ཅིག་ཏུ་བཀོད་ཡོད་པ་ཙམ་རེད། མཐར་དེད་ན་དེ་དག་ཆོལ་ཁ་ནང་དཀྲུག་གི་ལས་གཞི་ཞིག་ལས་ཅི་ཡང་མཐོང་མི་ཐུབ་པ་ཞིག་རེད།
ང་ཚོ་མང་ཚོགས་ཀྱིས་རང་ཚུགས་བརྟན་པོའི་སྒོ་ནས་མང་ཚོགས་རང་ཉིད་ལ་འཁྲི་བའི་འགན་དེ་མ་ཁུར་ན་སྲིད་སྐྱོང་གི་ལས་དོན་ལའང་ལེགས་འགྲུབ་འབྱུང་མིན་གྱི་སྐྱོན་རྒྱག་གི་ཡོད་པ་གསལ་པོ་ཤེས་དགོས་པ་རེད། དཔེར་ན། སྲིད་སྐྱོང་གི་རྩ་དོན་གསུམ་ལས།
དང་པོ་ཆིག་སྒྲིལ་ལ་མཚོན་ན། དཔལ་ལྡན་སྲིད་སྐྱོང་ལས་བོད་མི་མཐོ་དམའ་བར་གསུམ་བྱིངས་ལ་འབྲེལ་བ་ཡོད། ཆུ་མགོ་ནས་རྙོག་ན་དྭངས་མེད། སྒྲིག་མགོ་ནས་བཤིག་ན་གཞུག་མེད། ཅེས་པའི་དཔེ་ལྟར། འགོ་ཁྲིམས་བཟོ་ལྷན་ཁང་གི་ཚོགས་རའི་ཁྲོད་ནས་འགོ་བརྩམས་ཏེ་ཕན་ཚུན་འཆམ་མཐུན་གྱི་ཚབ་ཏུ་རྙོག་གླེང་ཞིག་གི་ཁ་ཕྱེས་ཡོང་དུས་མང་ཚོགས་དཀྱུས་མའི་ཁྲོད་དུ་ཁྱི་ལ་ལས་རིག་ནས་ཟུག ། ཁྱི་ལ་ལས་མ་རིག་པར་ཟུག ། ཅེས་པ་ལྟར། རྒྱུ་མཚན་མགོ་མ་ཚོས་པར་དགའ་མིན་དགའ་མདོག་གི་ལབ་གླེང་སྣ་ཚོགས་འགྲོ་བཞིན་པ་བཤད་མ་དགོས་པ་ཞིག་རེད། དེའི་སྒང་ལ་སྐབས་འཚོལ་རང་ལུགས་པ་ཚོས་སོ་སོའི་གོ་སྐབས་གང་ཡོད་ཀྱིས་ཁ་སྣོན་ཞིག་བརྒྱབ་དུས་དཔལ་ལྡན་སྲིད་སྐྱོང་གི་ལས་དོན་དང་པོ་ལ་ལམ་འགྲོ་མེད་པ་གསལ་པོ་གསལ་རྐྱང་རེད། དཔལ་ལྡན་སྲིད་སྐྱོང་གི་བཏོན་པའི་རྩ་དོན་ལ་མང་ཚོགས་རང་ངོས་ནས་བརྩི་འཇོག་དང་ལག་ལེན་དུ་མ་བསྟར་སྟབས་དོན་འབྲས་ཆེན་པོ་མ་ཐོན་པ་ཞིག་རེད། སྲིད་སྐྱོང་ལ་ཁག་དཀྲི་ས་མེད་པར་འདོད།
གཉིས་པ་གསར་གཏོད་ལ་མཚོན་ན། དཔལ་ལྡན་སྲིད་སྐྱོང་མཆོག་གི་རྣམ་དཔྱོད་དང་འཇོན་ཐང་ལ་འབྲེལ་བ་ཤུགས་ཆེ་བ་འདུག སྲིད་སྐྱོང་མཆོག་གིས་གསར་གཏོད་རང་བཞིན་གྱིས་འཆར་འགོད་ཅིག་བཏོན། དེ་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་གྲོས་ར་བརྒྱུད་ནས་འགྲོ་དགོས་པ་ཞིག་ཡིན་དུས་འཆར་འགོད་གནད་ལ་ཟུག་མིན་ལ་རག་ལས་ཡོད་པ་ཞིག་ཡིན་པའི་ཆ་ནས་སྲིད་སྐྱོང་དང་འབྲེལ་ཡོད་ཡིན་ཡང་། དེ་སྲིད་སྐྱོང་གཅིག་པུས་སེམས་ལ་དྲན་པ་ཙམ་གྱིས་ཐག་བཅད་དེ་ལག་བསྟར་བྱེད་ཐུབ་པ་ཞིག་མིན་པ་གསལ་བོ་རེད།
གསུམ་པ་རང་མགོ་རང་ཐོན་ལ་མཚོན་ན། འདི་དཔལ་ལྡན་སྲིད་སྐྱོང་མཆོག་གི་འཇོན་ཐང་དང་ལག་བསྟར་གྱི་ནུས་པས་གྲུབ་འབྲས་ཐོན་དང་མི་ཐོན་གྱི་ཐད་ལ་འབྲེལ་བ་ཡོད་པ་རེད། དེའང་བརྒྱ་ཆའི་བརྒྱ་སྲིད་སྐྱོང་དང་འབྲེལ་བ་ཆགས་མི་ཐུབ། ནང་གི་འཛིན་སྐྱོང་དང་། ཕྱིའི་འབྲེལ་ལམ་སོགས་གང་གི་ཐད་ལ་སྲིད་སྐྱོང་རང་གི་རྣམ་དཔྱོད་ལས་ཐོན་པའི་རྩལ་དེ་ལག་བསྟར་འདེབས་པའི་ས་མཚམས་ཡིན་ནའང་། དེ་འཛིན་སྐྱོང་ཁག་གིས་ལག་བསྟར་བྱེད་ཕྱོགས་ཀྱི་ཐད་ནས་འཐུས་ཤོར་དུ་འགྲོ་བ་དང་གཞན་དབང་སྟབས་བསྟུན་གྱིས་ལྷགས་པ་སོགས་མང་པོ་ཡོད་པས་སྲིད་སྐྱོང་གཅིག་པུའི་སྒང་དུ་བཀལ་ན་ཐལ་དྲག་པ་རེད་སྙམ།
གོང་དུ་བཤད་པ་ལྟར་སྲིད་སྐྱོང་ལ་སུ་བསྡད་ཀྱང་འཆར་གཞི་ག་འདྲ་ཞིག་ཡོད་ཀྱང་བརྒྱུད་རིམ་གཅིག་བརྒྱུད་ནས་འགྲོ་དགོས་པ་ལས་རང་འདོད་ལྟར་ཐག་གཅོད་ཐུབ་པ་ཞིག་མིན་པར་འདོད།
མཐའ་དོན། ང་ཚོ་མང་ཚོགས་དཀྱུས་མ་ཚོས་ཤེས་དགོས་པ་ཞིག་ནི། སྲིད་སྐྱོང་འོས་མིར་ལངས་མཁན་མི་འཇོན་འཇོན་མདོག་དང་། མི་ཤེས་ཤེས་ཁུལ་གྱིས་ཁ་ཕོ་སྒྲོགས་མཁན་རིགས་ཀྱི་རྗེས་སུ་མི་འབྲངས་པར་ཁ་བཤད་དོན་ལ་གནས་ཐུབ་མིན་ལ་ལྟ་རྒྱུ་གལ་ཆེ། གཏམ་བཤད་རྫིག་ཐག་ཆོད་ཅིག་བྱས་ཀྱང་། མཐའ་འབྲས་སྟོང་པ་ཆགས་པ་ལས། གཏམ་བཤད་བབས་ཆགས་པ་ཞིག་ལ་འབྲས་བུ་དོན་མཐུན་འབྱུང་བ་ཞིག་འདེམས་ན་ཡག་གི་རེད།
༢༠༡༥ ། ༠༨ ། ༢༥ ། ཉིན།
དགེ་འདུན་ལགས་ཀྱང་གསར་འབྱོར་པ་་བྲན་གཡོག་གཤིས་ཀ་ཡོད་མཁན་ཞིག་རེད། འཆར་གཞིར་བང་རིམ་བསྒྲིགས་ཟིན་པའི་ཨ་ཚོགས་ཀླུ་མཁར་བྱམས་ལ་འོས་ཤོག་མི་འཕེན་པར་དོགས་གཞི་ཆེན་པོ་ཡོད་པ་དང་བོད་ནང་གི་མང་ཚོགས་ཀྱི་སྡུག་བསྔལ་ལ་ཚོར་བ་མེད་མཁན་གཉིས་ལ་རེ་བ་རྒྱག་དགོས་དོན་མི་འདུག་ག
ད་ང་ཚོའི་སྲིད་སྐྱོང་གི་ཞབས་ཀྱག་དེ་འོད་ཆུང་དུ་ཕྱིན་ལུག་རྫི་དང་གཡག་རྗི་སོགས་སྲིད་སྐྱོང་ལ་ལང་པ་དེ་བོད་མི་རིགས་འདི་རྫོགས་ཚར་བ་མ་རེད་དམ་། སུའི་བཤད་ཀྱང་རུང་སུ་སྲིད་སྐྱོང་ལ་ལང་གི་ཡོད་ཀྱང་རུང་བློ་སེང་སེང་ལ་བརྒྱ་ཆ་52གི་གཡས་གཡོན་དུ་སླེབ་ནས་སླར་ལོ་ལྔ་སྲིད་སྐྱོང་གནང་རེད་ལ། ཚོགས་གཙོ་སྤེན་ཚེ་དང་བཀྲ་དབང་གཉིས་གཅིག་བྱས་ན་བཀའ་བློན་ལ་བསྐོ་སྲིད་པ་དང་དབུས་བོད་མིའི་སྒྲིག་འཛུགས་ལ་ལུག་དང་གཡག་མེད་པས་གཞན་ལས་སྣེ་འདྲ་ཡོད་ན་གནང་བཞག་ན་ཡག་ཡོང་ངེས་རེད་།