ཞང་བློན།
མ་གཞི་མདོ་དབུས་མཐོ་སྒང་ནས་སྐྱེས་འཚར་བྱུང་ཞིང་། བོད་སྐད་རྣལ་མ་བཀོལ་སྤྱོད་བྱེད་མཁན་ཞིག་ཡིན་ཚེ། གཞན་ལ་ལན་འདེབས་བྱེད་སྐབས་”གནད་དུ་ཁེལ་བའི་ལན་འདེབས་” སམ། “ལན་འདེབས་ནན་འདྲོངས་” སོགས་བརྗོད་སྲིད་པ་ལས། “ལན་ཚ་པོ་ཚ་པོ་”ཞེས་པའི་སྐད་ཆ་ཡ་མ་ཟུང་འདི་རིགས་གཏན་ནས་བརྗོད་མི་སྲིད། འོན་ཀྱང་ཕྲུ་གུ་ཆུང་ཆུང་གི་སྐད་ཆ་ཤོད་སྟངས་ལྟ་བུ་དང་། ལྷག་པར་དུ་འཛིན་རིམ་ལྔ་པའི་བོད་ཡིག་གི་ཚད་གཞི་ཙམ་ཡང་མ་ལོན་པའི་མི་དེ་རིགས་ལ། ཁོ་པ་ཚོའི་ཤོད་སྟངས་ལྟར་སྐད་ཆ་འདི་འདྲ་ཞིག་ཐད་ཀར་མ་བཤད་ན། གོ་བ་ཏིལ་ཙམ་མི་ལོན་པའམ། ཡང་ན་གོ་བ་ཕྱིན་ཅི་ལོག་ནས་ལོན་པའི་ཚོད་དུ་འདུག་པས། འདིར་ཁོ་བོས་བསམ་བཞིན་དུ་”ལན་ཚ་པོ་ཚ་པོ་”ཞེས་མ་བྲིས་ཐབས་མེད་བྱུང་།
ཡང་སྙིང་ལན་ཚ་པོ་ཚ་པོ་འདིའི་ནང་ཅི་ཞིག་འཆད་འཆར་ཡོད་དམ་སྙམ་ན། དེ་ཡང་བར་ལམ་ཞིག་ནས་༢༠༡༦ ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་ཁྱབ་བསྒྲགས་བྱ་འགོ་བཙུགས་པ་མ་ཟད། མི་སྒེར་མང་པོ་ཞིག་གིས་རང་ཉིད་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མིར་ལངས་རྒྱུའི་སྦིར་སྒྲ་ཤུགས་ཆེར་བསྒྲགས་པས། དེ་ནི་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་པའི་མངོན་རྟགས་ཤིག་ཡིན་སྟབས། ཁོང་ཚོའི་མང་གཙོའི་ཁེ་དབང་ལ་གུས་བརྩི་ཞུ་རྒྱུ་ཡིན། ཡང་དེ་དང་ཕྱོགས་མཚུངས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མིར་ལངས་པའི་གང་ཟག་འགའ་ཤས་ཀྱི་མི་གཤིས་དང། འཇོན་ཐང་། ཤེས་ཚད་སོགས་ལ་ཞིབ་པར་དཔྱད་ན། འགོ་འཁྲིད་བྱེད་ཀྱི་ཡིན་ཟེར་མཁན་གྱི་མིའི་ཁ་ཐབས་འདི་འདྲ་ཞིག་ལས་མེད་ན་ད་ཅི་བྱ་སྙམ་ནས། ཡིད་མུག་སྟེ་མིག་ཆུ་ཉིལ་ལེར་ཤོར་འོང་བའང་འདུག
དེ་དག་ལས་འགངས་ཆེ་བ་ནི་སྲིད་སྐྱོང་གི་འོས་མི་དང་། དེའི་ནང་ནས་ཀྱང་ཆེས་གལ་གནད་ཆེ་བ་ནི་ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་རེད། མ་གཞི་དབུས་འོས་བསྡུ་ལས་ཁུངས་ནས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ། གཞུང་འབྲེལ་གྱི་ལས་དོན་སྐབས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མིར་ལངས་རྒྱུའི་གཏམ་བཤད་སྤེལ་མི་ཆོག་པར་ནན་བརྗོད་བྱས་ཡོད་ཀྱང་། སྲིད་སྐྱོང་བློ་བཟང་སེང་གེས་ཇི་མི་སྙམ་པར། ཕྱི་ལོ་༢༠༡༥ ཟླ་༨ ཚེས་༡༣ ཉིན་དྷ་ཤོད་བོད་ཁྱིམ་དུ་ཕ་མའི་ཚོགས་ཆེན་ཐོག་གོ་སྐབས་དམ་བཟུང་གིས། བཀའ་ཤག་སྐབས་བཅུ་བཞི་པའི་འདས་པའི་ལས་དོན་དང། མ་འོངས་བྱ་འཆར་སོགས་ཁྱབ་བསྒྲགས་བྱས་ཡོད་ལ།(https://www.youtube.com/watch?v=ItkQ_p-ZbJ4#t=84)གཏམ་བཤད་གྲུབ་མཚམས་ཚོགས་ཁང་ཕྱི་ལོགས་ནས་‘མི་དམངས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེར་རྒྱབ་སྐྱོར་ཚོགས་པའི་’མི་ཡིན་ཟེར་མཁན་ཞིག་གིས། བློ་བཟང་སེང་གེ་བསྐྱར་དུ་སྲིད་སྐྱོང་དུ་འོས་འདེམས་བྱ་དགོས་པའི་ཁྱབ་བསྒྲགས་ཡིག་ཆ་འགྲེམས་སྤེལ་བྱས་པ་རེད།
ཧོབ་དེ་བལྟས་ཚེ་དེ་གཉིས་སྟབས་ཁེལ་བ་ལྟ་བུ་ཡོད་ཀྱང། སྲིད་སྐྱོང་གིས་གཏམ་བཤད་བྱས་པའི་ནང་དོན་དང་། ཕྱི་ལོགས་ནས་ཁྱབ་བསྒྲགས་བྱས་པའི་ཡིག་ཆ་དེ་གཉིས་པར་བཤུས་བྱས་པ་ལྟ་བུ་ཡིན་པས། དེ་ནི་ཁོ་པ་ཚོས་སྔོན་ཚུད་ནས་གྲ་སྒྲིག་ཨང་གསར་བྱས་པ་གསལ་པོར་རྟོགས་ཐུབ། སྤྱིར་ན་སྲིད་སྐྱོང་བློང་སེང་གེའི་རྒྱབ་སྐྱོར་བ་ཡིན་ཟེར་མཁན་རྣམས་དང་། ཡང་སྒོས་བློ་བཟང་སེང་གེ་སྒེར་གྱིས་ལུགས་མཐུན་ངང་འོས་ཤོག་ཐོབ་རྒྱུར་འབད་བརྩོན་བྱས་ཚེ། དེ་མང་གཙོའི་འགྲོ་སྟངས་ཤིག་ཡིན་པས། མང་གཙོའི་ལམ་སྲོལ་ཐོག་ནས་གུས་བརྩི་ཞུ་དགོས་ངེས་ཤིག་ཡིན། འོན་ཀྱང་དངོས་ཡོད་གནས་ཚུལ་ལ་རྫུན་བཟོ་བྱས་ཏེ་དམངས་སེམས་བསླུ་ཐབས་བྱེད་པ་ནི་མི་སྤྱོད་ལས་འདས་པ་མ་ཟད། སྒང་བ་བོད་པ་ཚང་གི་རིགས་དང་མི་མཐུན་པའི་ལས་བརྩམས་པ་ཡིན་པས། རི་བོང་རྡོ་རྫུས་ཀྱིས་མ་གོ་མ་ཤེས་པའི་ཚུལ་དུ་སྡོད་ག་ལ་རུང། དེ་བས་ཕྱི་ལོ་༢༠༡༥ ཟླ་༨ ཚེས་༡༨ ཉིན་བློ་བཟང་སེང་གེའི་རྒྱབ་སྐྱོར་ཚོགས་པ་ཟེར་བས་བསྐྱར་དུ་བོད་ཀྱི་དུས་བབ་ཐོག་གསལ་བསྒྲགས་སྤེལ་ཏེ། (http://www.tibettimes.net/news.php?cat=18&&id=10393)ཧམ་པ་གཡག་ཙམ་བཤད་ནས་བདེན་པ་རི་ཙམ་ཐོབ་རྒྱུའི་རེ་བ་བཅངས་པས། ད་ནི་ལོ་རྒྱུས་ཀྱི་འགན་འཁུར་དང་སྤྱི་འབངས་ཀྱི་འོས་འགན་གཙིགས་སུ་འཛིན་ཏེ། མ་བདེན་རྫུན་སྒྲིག་གི་གཏམ་དེ་དག་ལ་གསལ་བཤད་ཅིག་མ་བྱས་ཚེ། འཁྲུལ་བའི་གཏམ་སྨྲ་བ་ལ་དགའ་བ་དང་། འཁྲུལ་བའི་གཏམ་གྱི་རྗེས་སུ་འཇུག་པ། རང་ཚུགས་བཟུང་བའི་མཐུ་མེད་པའི་རིགས་ཅན་མང་བར་བརྟེན། མགོ་བོ་རྨོངས་ནས་སྤྱི་དོན་འཐུས་ཤོར་གཏོང་ངེས་པའི་ཐན་ལྟས་སྟོན་གྱི་འདུག་པས། བློ་བཟང་སེང་གེའི་འབུར་དུ་ཐོན་པའི་གྲུབ་འབྲས་ཆེན་པོ་བཅུ་ཞེས་པར། དོན་ཚན་རེ་རེ་བཞིན་ངན་མཚང་བརྟོལ་རྒྱུ་ཡིན།
དང་པོ། ༸གོང་ས་མཆོག་དང་གཞིས་བྱེས་མི་མང་གི་གཟེངས་བསྟོད་ཐོབ་པ་ཞེས་པར།
ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་བློ་བཟང་སེང་གེས་བཀའ་བློན་ཁྲི་པའི་ལས་འཁུར་དམ་བཅའ་བླངས་ཤིང། དུས་སྐབས་དེ་ནི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་གནང་བའི་དུས་ཚོད་ལ་ཁེལ་ཡོད་པ་མ་ཟད། ད་སྔ་མང་པོས་བསྐུར་བའི་བཀའ་བློན་ཁྲི་པ། བོད་ཀྱི་མ་ཧཱ་པཎྜིཏ། མཚན་དོན་ཡོངས་སུ་མཚུངས་པའི་མཁས་པའི་དབང་པོ་ཟམ་གདོང་རིན་པོ་ཆེའི་བཀའ་ཁྲིའི་དུས་ཡུན་རྫོགས་པའི་སྐབས་ལ་ཁེལ་ཡོད་པས། སེམས་ཅན་ལ་ཉེ་རིང་མེད་པ། བྱམས་པའི་ཐུགས་དང་ལྡན་པ། དུས་རབས་ཉེར་གཅིག་པའི་སྟོན་པ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེ་བ་ཆེན་པོས། དམ་འབུལ་མཛད་སྒོའི་ཐོག་བློ་བཟང་སེང་གེར་ཆེ་བསྟོད་དང་ཐུགས་སྨོན་རྒྱ་ཆེར་གནང་བ་མ་ཟད། ཁོ་པའི་ལས་དོན་ལེགས་གྲུབ་ཡོང་ཆེད་རྒྱལ་སྤྱིའི་སྡིང་ཆ་མང་པོར་མ་ཡིས་བུ་ངོམ་པ་བཞིན་གཞན་ལ་ངོ་སྤྲོད་གནང་ཏེ། མི་རབས་གསར་པའི་ཁྲོད་ནས་བོད་མིའི་འགོ་ཁྲིད་ལེགས་པོ་ཞིག་གསོ་སྐྱོང་ཡོང་རྒྱུར་ཐུགས་རེ་གནང་ཡོད།འོན་ཀྱང་༸སྐུ་མདུན་གྱིས་གཟིགས་སྐྱོང་དེ་འདྲ་གནང་བ་དེ་བློ་བཟང་སེངྒེས་‘ཡིན་ཤག་ཤག་’ལྟ་བུར་ངོས་འཛིན་གྱི་ཡོད་ལ།
འདས་པའི་ལོ་ཤས་རིང་། གཤོག་རྩལ་རབ་ཏུ་རྫོགས་པའི་མཁའ་ལྡིང་གིས། །བགྲོད་པའི་ལམ་དུ་བྱིའུས་རྩོལ་བ་ལྟར། ། ༸སྐུ་མདུན་འཛམ་གླིང་གི་ས་ཕྱོགས་གང་དུ་ཕེབས་པའི་གནས་དེར། བློ་བཟང་སེང་གེས་རྗེས་སུ་སྙེགས་ཏེ་འཚང་ག་རྒྱག་པ་དང་། འུར་རྒྱག་པ་སོགས་བྱས་ཏེ། ཀུན་གྱི་མཐོང་ཆོས་སུ་མི་མཛེས་པའི་རང་གཟུགས་རྗེན་པར་བསྟན་ཡོད་ལ། མང་ཚོགས་ཁྲོད་“བཀའ་བློན་ལྷན་རྒྱས་རྐུབ་ལ། ། ཚེར་མ་ཟུགས་པ་མིན་ནམ། །” ཟེར་བའི་དམངས་གཞས་གསར་པ་ཞིག་ཀྱང་ཁྱབ་པ་རེད། དེ་བས་ཡ་མཚན་པ་ཞིག་ལ་བློ་བཟང་སེང་གེས་རང་ཉིད་ཀྱི་འདྲ་པར་ཐང་ག་བཟོས་ཏེ་བཀའ་ཤག་གི་ལས་ཁུངས་ནང་བཀལ་ཡོད་ཅིང་། དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་ཕུད་པའི་མི་སྐྱའི་ཐང་ག་བཟོ་མཁན་གཅིག་པུ་དེ་ཆགས་ཡོད།
༸སྐུ་མདུན་གྱིས་“བློ་བཟང་སེང་གེ་ཨིན་སྐད་ཡག་པོ་ཡོད་ཀྱང། བོད་སྐད་ཡིག་གི་ཤེས་ཚད་འཛིན་རིམ་ལྔ་པའི་སློབ་ཕྲུག་འདྲ་པོ་ཡོད་”ཅེས་གསུངས་པར། ཁོ་པས་མི་མང་འདུ་འཛོམས་སར་ “ངའི་བོད་སྐད་དང་བོད་ཡིག་ཡག་པོ་མེད། འོན་ཀྱང་དེ་ལ་༸སྐུ་མདུན་གྱིས་སྣང་བ་སྤྲད་བྱུང།” ཞེས་མགོ་རྟིང་སང་སང་སློག་ནས་འགྲེལ་བརྗོད་བྱེད་ཀྱི་ཡོད། གཞན་ཡང་འདས་པའི་ལོ་ཤས་ནང་གཞུང་འབྲེལ་གྱི་དུས་སྟོན་དང་མཛད་སྒོ་མང་པོར། ཆོས་སྲིད་གང་གིའང་ལུགས་སུ་མེད་པའི་བཞུགས་གྲལ་སྒྲིག་སྟངས་གསར་པ་ཞིག་ཐོན་ཡོད་དེ། བློ་བཟང་སེང་གེས་ཆོས་ཕྱོགས་སྐབས་བླ་ཆེན་རྣམ་པའི་མདུན་དུ་འཚང་ག་རྒྱག་པ་དང་། སྲིད་ཕྱོགས་སྐབས་དཔལ་ལྡན་ཁྲིམས་ཞིབ་པ་དང་དཔལ་ལྡན་ཚོགས་གཙོའི་མདུན་དུ་འཚང་ག་བརྒྱབས་ཏེ། འབྲས་མེད་ཀྱི་ལྗོན་པའི་མགོ་འཕངས་མཐོ་བ་ལྟར། རང་རློམ་གྱིས་༸སྐུ་མདུན་དང་འདྲ་འདྲ་མཉམ་མཉམ་གྱི་བཞུགས་གྲལ་དུ་འཁོད་ཐབས་བྱེད་པས། དེང་སྐབས་མི་ཚོས་ཁོ་པར་“Mister I”ཞེས་འབོད་ཀྱི་ཡོད་ཅིང། དེ་ནི་མི་མང་གིས་ངོས་འཛིན་ཐོབ་པའི་བློ་བཟང་སེང་གེ་དངོས་དེ་རེད། མ་གཞི་འགོ་བརྗོད་དུ་གཞིས་བྱེས་མི་མང་གི་གཟེངས་བསྟོད་ཐོབ་པ་ཞེས་བཀོད་པ་ལས། ནང་དོན་དངོས་ནང་དེ་འབྲེལ་གྱི་ཚིག་འབྲུ་གཅིག་ཀྱང་མཐོང་རྒྱུ་མི་འདུག་པས། ཕལ་ཆེར་མི་མང་གིས་གཟེངས་བསྟོད་བྱ་རིན་འོས་པའི་ལས་དོན་རྡོག་པོ་གཅིག་ཀྱང་མ་བརྙེད་པ་འདྲ།
གཉིས་པ། བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་དང་རྒྱབ་སྐྱོར་ཐོབ་པ་ཞེས་པར།
བློ་བཟང་སེང་གེས་བཀའ་བློན་ཁྲི་པའི་དམ་འབུལ་བླངས་པའི་སྐབས། “ང་ཚོས་མཉམ་རུབ་ཐོག་བོད་ནང་རང་དབང་གི་གནས་བབ་བསྐྱར་གསོ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གང་གི་གདུལ་ཞིང་དུ་གདན་ཞུ། གཞིས་བྱེས་མཉམ་འཛོམས་ཡོང་ཐབས།” སོགས་ཀྱི་གཏམ་བཤད་ཤུགས་ཆེར་སྤེལ་བས། རང་མི་རིགས་ལ་ལ་རྒྱ་དང་ཞེན་ཁོག་ཆེ་བའི་བོད་མི་དཔའ་བོ་དཔའ་མོ་མང་པོ་ཞིག་གིས་གཅིག་མཇུག་གཉིས་མཐུད་ངང་སྐུ་ལུས་བཞུགས་མེར་བསྒྲོན་ནས། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུར་འཐབ་རྩོད་གནང་ཡོད་པས། བོད་ཀྱི་རང་དབང་སླར་གསོའི་བྱུང་རབས་ནང་འཐབ་རྩོད་ཚད་མཐོ་ཤོས་སུ་སླེབས་ཡོད།
འོན་ཀྱང་བོད་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོ་འདི་འདྲ་ཞིག་གིས་སྐུ་ལུས་བཞུགས་མེར་བསྒྲོན་པའི་འཐབ་རྩོད་དེར། དེ་དང་འཚམས་པའི་གྲུབ་འབྲས་ཤིག་མ་སོན་པའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་དམ་ཞེ་ན། དེ་ནི་སྲིད་སྐྱོང་གིས་སྣེ་འཁྲིད་པའི་བཙན་བྱོལ་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་བྱ་མ་ཐུབ་པ་དང་། རྒྱབ་སྐྱོར་འཚོལ་མ་ཐུབ་པ། ལྷག་པར་དུ་འདི་ཕྱོགས་ནས་གཟེངས་སུ་ཐོན་པའི་ལས་འགུལ་གང་ཡང་སྤེལ་མ་ཐུབ་པར་བརྟེན་ནས་བྱུང་བ་ཞིག་རེད།
“སྲིད་སྐྱོང་བློ་བཟང་སེང་གེ་འཛམ་གླིང་རྒྱལ་ཁབ་༢༠ ལྷག་ཙམ་ནང་ཕེབས་ནས་སྙན་གྲགས་ཅན་གྱི་བརྒྱུད་ལམ་ཁག་ཏུ་གསུང་བཤད་རབ་དང་རིམ་པ་གནང་བ་མ་ཟད། བརྒྱུད་ལམ་དེ་དག་གིས་སྲིད་སྐྱོང་མཆོག་གི་ལོ་རྒྱུས་དངོས་སུ་བཀོད་ནས་ཁྱབ་སྤེལ་བཏང་ཡོད།”ཟེར་བར། བོད་ཀྱི་ཛ་དྲག་གནད་དོན་ཁྱབ་བསྒྲགས་བྱེད་པར་སྲིད་སྐྱོང་གི་ལོ་རྒྱུས་བཀོད་ནས་ཁྱབ་སྤེལ་བཏང་ཟེར་ན། དགོད་བྲོ་ནས་འོག་རླུང་ཡང་འཆོར་ངེས་པ་རེད། ལར་ནས་བོད་ཀྱི་ཛ་དྲག་གི་གནད་དོན་དང་ལྷག་པར་རང་ལུས་མེར་བསྲེགས་ཀྱི་གནད་དོན་ཐད། གནས་ཚུལ་དང་ལོ་རྒྱུས་བསྡུ་རུབ། དོན་རྐྱེན་ཞིབ་འཇུག ཡིག་ཆ་ཕྱོགས་བསྒྲིགས་སོགས་ཀྱི་ལས་དོན་ནི་བོད་མིའི་སྒྲིག་འཛུགས་ཀྱིས་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་གྲྭ་རྐྱང་གཉིས་ཀྱི་དོ་ཟླ་ཡང་མི་ཡོང་བའི་ཚོད་དུ་འདུག
དོན་དངོས་ཐོག་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་དང་རྒྱབ་སྐྱོར་ཐོབ་རྒྱུར་སྲིད་སྐྱོང་གིས་བྱས་ནོར་ཅི་འདྲ་བྱུང་ཡོད་སྐོར་བོད་དོན་ལས་འགུལ་ཁང་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་སོགས་སུ་སློབ་སྟོན་པའི་ཕྱག་ལས་ཡུན་རིང་གནང་མྱོང་ཞིང་། བོད་ཀྱི་གནད་དོན་ལ་རྒྱུས་མངའ་ཟབ་མོ་ཡོད་པའི་སྲིད་དོན་ཉམས་ཞིབ་པ་Maura Moynihanགྱིས་ཝ་ཤིང་ཊོན་དུས་བབ་ཐོག་རྩོམ་ཡིག་(http://www.washingtontimes.com/news/2015/jul/10/maura-moynihan-tibet-china-same-washington-lobbyis)སྤེལ་བ་དང་།
དེར་སྲིད་སྐྱོང་གིས་ཐད་བསྐོས་བྱས་པའི་ཨ་རིའི་དོན་གཅོད་སྐལ་རྡོར་གྱིས་གསལ་བཤད་བྱ་ཁུལ་བྱས་ཀྱང་། མོས་བསྐྱར་དུ་དཔངས་རྟགས་ཡིག་ཆ་ལྷན་སྦྱར་གྱིས་འགག་ལན་རྩོམ་ཡིག་ཅིག་སྤེལ་ནས། སྲིད་སྐྱོང་གི་ཁང་པའི་དངུལ་བུན་སྐོར་ལའང་ཟུར་ཙམ་གླེང་སྟབས། ཁོ་པ་ཚོ་ཟེར་རྒྱུས་འཕོངས་ཏེ་དགུན་གྱི་ཁུ་བྱུག་ལྟར་སྨྲ་བ་མེད་པར་སྡོད་དགོས་བྱུང་བ་རེད། མ་གཞི་འདི་ནི་བཀྲ་ཤིས་པའི་གཏམ་ཞིག་མིན་པས་གླེང་མི་བཟོད་པ་ཞིག་ཡིན་མོད། བོད་ཀྱི་གནད་དོན་ལ་དངོས་གནས་ཤ་ཚ་ཡོད་མཁན་ཞིག་ཡིན་ཚེ། གསང་མི་ཐུབ་པའི་གནས་ཚུལ་འདི་དག་ངེས་པར་ཤེས་དགོས་པ་དང་གླེང་སློང་བྱ་དགོས་ངེས་ཤིག་རེད།
གསུམ་པ། དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་རྒྱ་ཁྱབ་དུ་སྤེལ་ཏེ་དོ་སྣང་དང་རྒྱབ་སྐྱོར་ཤུགས་ཆེ་ཐོབ་པ་ཞེས་པར།
དབུ་མའི་ལམ་ནི་མི་མང་གི་མངོན་འདོད་ཡིན་ཞིང་། དེ་ནི་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་བོད་དོན་བདེན་མཐའ་སེལ་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་པས། མང་གཙོའི་ལམ་སྲོལ་གྱི་ཐོག་ནས་སྲིད་བྱུས་དེར་འགྱུར་བ་མ་སོང་བར། སྲིད་སྐྱོང་རྭ་ཅན་ཞིག་བྱུང་ཡང་དེ་ལས་འདས་པའི་སྲིད་བྱུས་ཤིག་འཛིན་ཐབས་མེད། ལར་ནས་དབུ་མའི་ལམ་ལས་ལྷག་པའི་སྲིད་བྱུས་ཤིག་བློ་བཟང་སེང་གེས་རྣམ་དཔྱོད་ག་ཚོད་དཀྲུགས་ཀྱང་འདོན་མི་ཐུབ་པ་ནི། ཆུ་དཀྲུགས་ནས་མར་དོན་རྒྱུ་མེད་པའི་དཔེ་བཞིན་རེད། རྒྱུ་མཚན་དེ་བས་ན་བློ་བཟང་སེང་གེས་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕྱག་བསྟར་གནང་པ་རྣམས། མུ་མཐུད་མཇུག་སྐྱོང་མི་བྱ་ཐབས་མེད་དུ་གྱུར་བ་རེད། འོན་ཀྱང་བློ་བཟང་སེང་གེས་ཉིན་མོ་དབུ་མའི་ལམ་གླེང་བ་དང་། མཚན་མོ་གཞོན་ནུའི་ཁོངས་མི་དང་ཐུག་འཕྲད་བྱས་པའི་ཁ་ཞེ་མི་མཐུན་པའི་གནས་ཚུལ་དེ་ཚོའང་སྦ་གསང་བྱ་ཐབས་མེད།
བློ་བཟང་སེང་གེ་སྲིད་སྐྱོང་བྱས་པའི་ཐོག་མའི་ལོ་གསུམ་རིང་བོད་དོན་བདེན་ཐབས་སེལ་ཐབས་ལ་སྨན་པའི་ལས་དོན་རྗེས་འབྲས་གང་ཡང་སྟོན་རྒྱུ་མེད་པ་དང་། བོད་ནང་བོད་མི་མང་པོ་ཞིག་གིས་སྐུ་ལུས་བཞུགས་མེར་བསྒྲོན་ནས་འཐབ་རྩོད་མུ་མཐུད་གནང་བ། གྲོས་སུ་གཏོགས་པ་མང་པོས་གྲོས་ཚོགས་ར་བའི་ནང་གླེང་སློང་ཤུགས་ཆེ་བྱས་པ། དབུ་མའི་ལམ་དང་རང་བཙན་གྱི་ལྟ་གྲུབ་ལང་ཕྱོགས་ཐོག་ནས་གཞོན་ནུ་ནང་འཁྲུགས་བྱུང་བ་བཅས་ལ་བརྟེན། བཀའ་ཤག་གྲགས་འགུལ་ཅི་ཡང་མེད་པར་དེ་མུར་བསྡད་ན་ཉིན་འཁྱོལ་ཡང་མཚན་མི་འཁྱོལ་བའི་གནས་སུ་སླེབས་པས། ༢༠༡༤ ལོར་བཀའ་བློན་དང་དྲུང་ཆེ་རྣམ་པ་ས་ཁུལ་ཆ་བགོས་ཀྱིས་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་སྤེལ་བར་མངགས་གཏོང་བྱས་ཤིང་། “ཕྱི་རྒྱལ་བ་དང་རྒྱ་གར་བ་མང་པོ་ཞིག་ལ་དབུ་མའི་ལམ་ལ་རྒྱུས་མངའ་མི་འདུག དབུ་མའི་ལམ་གྱི་སྲིད་བྱུས་བཟུང་ནས་ལོ་མང་པོ་ཕྱིན་ཀྱང་། ད་དུང་རྒྱ་གར་བ་དེ་ཚོར་གོ་རྟོགས་སྤེལ་མ་ཐུབ་པར་དེ་འདྲ་གང་འདྲ་བྱས་ནས་ལྷག་པ་ཡིན་ནམ་སྙམ་ནས། གལ་ཆེན་པོ་བྱས་ཏེ་ད་ཐེངས་ཀྱི་ལས་འགུལ་འདི་སྤེལ་བ་ཡིན་”ཞེས་སྲིད་སྐྱོང་གིས་གསར་འགོད་པར་ལན་འདེབས་བྱས་ཡོད།
ལན་འདེབས་འདིས་བཀའ་ཤག་གོང་མ་ཚོར་ཟུར་རྡོ་ཆུང་ཆུང་ཞིག་འཕངས་ཡོད་ལ། ཕྱི་རྒྱལ་བ་དང་ལྷག་པར་རྒྱ་གར་བ་ཚོར་གོ་རྟོགས་སྤེལ་རྒྱུའི་ལས་འགུལ་དེ་འདྲ་ཞིག་སྤེལ་བ་ནི་ཡག་པོ་རེད་སྙམ་པའི་ཚོར་བའང་སྦྱིན་ངེས་ཡིན། འོན་ཀྱང་བཀའ་བློན་དང་དྲུང་ཆེ་རྣམ་པས་བོད་མིའི་གཞིས་ཆགས་དང་སློབ་གྲྭ། དགོན་སྡེ་སོགས་སུ་ཕྱོགས་ཕེབས་ཀྱིས་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བ་ཡིན་ཟེར་ནས་གཏམ་བཤད་བྱས་པས། དམིགས་ཡུལ་ལ་མི་རིགས་གཞན་ལ་གོ་རྟོགས་སྤེལ་རྒྱུ་དང་། ལས་དོན་དངོས་ནང་བཙན་བྱོལ་བོད་མིར་ཁ་འཁོར་ནས་ལས་འགུལ་སྤེལ་བ་དེ་ནི་འདྲེ་ཤར་ལ་བཞག་ནས་གླུད་ནུབ་ལ་གཡུག་པའི་དཔེ་ལས་མ་འདས། ལྷག་པར་དུ་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བོད་རྒྱ་ཞི་མོལ་ཡོང་རྒྱུར་ལས་དོན་སྤེལ་དགོས་པ་ཞིག་རེད་མོད། དེའི་ཐད་བྱས་འབྲས་གང་ཡང་སོན་མེད་པ་ནི་སྐབས་གཞན་དང་གཞན་དུ་འཆད་པར་བྱའོ། །
བཞི་པ། བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ལ་མངོན་ལྐོག་བརྒྱུད་གསུམ་ནས་ཤུགས་རྒྱག་བཞིན་པ་ཡིན་ཟེར་བར།
རྒྱ་གར་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཤིག་ཟུར་དུ་ཡོད་པ་དང་། དེ་ཡང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བྱིན་རླབས་འོག་ཏུ་གནས་བཞིན་ཡོད་སྟབས། དཀྱིལ་འཁོར་འདི་བརྒྱུད་ནས་བོད་ཀྱི་བདེན་མཐའ་སེལ་ངེས་པ་དང། མ་མཐར་ཡང་བོད་ཀྱི་གནད་དོན་ཟེར་བ་ཞིག་འཛམ་གླིང་འདི་ནས་བརླག་ཏུ་མི་བཅུག་པར་བྱ་ངེས་རེད་སྙམ་ནས། སྒྲིག་འཛུགས་འདི་ལ་གཞིས་བྱེས་བོད་མི་ཡོངས་ཀྱིས་རེ་བའི་མིག་འབུར་ཅེར་རེར་བལྟས་ཡོད། འོན་ཀྱང་སྲིད་སྐྱོང་བློ་བཟང་སེང་གེས་དབུ་མའི་ལམ་གྱི་དགོས་འདུན་བསྒྲུབ་པར་བོད་རྒྱའི་དབར་ཞི་མོལ་བྱ་དགོས་པ་དང་། དེའི་ཆེད་ཆབ་སྲིད་ཀྱི་ཁ་རྒྱ་ནག་ལ་ཕྱོགས་དགོས་པ། བོད་ཀྱི་གནད་དོན་དེ་རྒྱལ་ཁབ་གཞན་གྱི་ལག་ཆར་མི་བསྒྱུར་བ་བྱས་ནས། རྒྱ་བོད་དབར་འབྲེལ་ལམ་བྱ་སའི་ཁོར་ཡུག་བསྐྲུན་དགོས་པ་བཅས་ཀྱི་གལ་ཆེའི་རང་བཞིན་ངོས་འཛིན་མ་ཐུབ་པར་བརྟེན། བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ལ་མངོན་ལྐོག་བརྒྱུད་གསུམ་གང་དུའང་གྲུབ་འབྲས་སྐར་ལི་གཅིག་ཀྱང་སོན་མེད།
སྲིད་སྐྱོང་གི་དུས་ཡུན་ལོ་ལྔའི་ནང་བོད་རྒྱ་ཞི་མོལ་ཡོང་རྒྱུ་ཕར་བཞག སྐུ་ཚབ་ཙམ་ཡང་བསྐོ་གཞག་བྱེད་མ་ཐུབ་པས། བོད་མི་མང་པོ་ཞིག་གིས་ཡིད་ཆད་ཀྱི་སྨྲེ་ངག་འདོན་གྱི་ཡོད། དེར་སྲིད་སྐྱོང་བློ་བཟང་སེངྒེས་ “ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་” ཟེར་བ་སྐད་ཆ་སྙན་པོ་ཞིག་བཤད་དེ། བོད་མི་རྣམས་རི་དྭགས་སྒྲ་ལ་གཡེང་བ་བཞིན་ཁ་གཡང་འདིའི་འོག་ཏུ་མགོ་བོ་རྨོངས་པར་བྱེད་པའི་བྱ་ཐབས་སྤྱད་པ་རེད།
ང་ཚོའི་དགོས་འདུན་ནི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡིན་པ་དང་། རང་སྐྱོང་གི་གནས་བབ་དང་དགོས་འདུན་གྱི་བསམ་འཆར་ཆ་ཚང་ནག་པོ་ཡི་གེར་ཕབ་ཏེ་ཀྲུང་དབྱང་མི་དམངས་སྤྱི་འཐུན་རྒྱལ་ཁབ་ལ་སྤྲད་ཟིན་པས། ད་ལྐོག་ལྐོག་སུད་སུད་ཀྱིས་དོན་དག་གཞན་ཞིག་གླེང་རྒྱུ་ཡོད་མདོག་མདོག་བྱ་ས་གང་ན་ཡོད། “བོད་ཕྱོགས་ནས་དུས་ཚོད་དང་ས་གནས་གང་དུའང་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཉིས་དབར་འབྲེལ་མོལ་མུ་མཐུད་ནས་བྱ་རྒྱུའི་གྲ་སྒྲིག་ཨང་སར་ཡོད་པའི་རྣམ་པ་ཐོན་བཞིན་པ།” ཟེར་བར་དེ་འདྲའི་རྣམ་པ་ཞིག་ཐོན་རྒྱུ་ལྟ་ཅི། སྲིད་སྐྱོང་རང་ཉིད་བལ་ཡུལ་རྒྱལ་ཁབ་ཙམ་ལའང་གོམ་པ་སྤོ་འཇུག་གི་མི་འདུག་པས། ལྐོག་འགྱུར་ནས་གྲུབ་འབྲས་ཆེན་པོ་ཐོན་གྱི་ཡོད་མདོག་བཤད་པ་ནི་ཧམ་པ་རང་རེད། དེ་བཞིན་བོད་རྒྱ་འབྲེལ་མོལ་བྱུང་མ་ཐུབ་པ་ནི་”གཞན་དབང་སྟབས་བསྟུན་”རེད་ཅེས་གཡོལ་ཐབས་བྱས་ཀྱང་། བཀའ་ཤག་སྐབས་གཞན་དང་གཞན་དུ་”གཞན་དབང་སྟབས་བསྟུན་”གྱི་འོག་ནས་འབྲེལ་མོལ་གྱི་ཐེངས་འགར་བྱུང་བར་གསལ་བཤད་ཇི་ལྟར་བྱའམ།
དེ་བས་གནད་འགག་ཆེ་བར། “ཨ་རིའི་ཕྱི་སྲིད་ལས་ཁུངས་དང་ཡུ་རོབ་སོགས་སྟོབས་ལྡན་རྒྱལ་ཁབ་ཁག་ནས་བོད་རྒྱ་འབྲེལ་མོལ་དང་འབྲེལ་བོད་དོན་སྐོར་ཡོངས་གྲགས་གླེང་སློང་དང། གྲོས་ཆོད། བསྒྲགས་གཏམ་ཁག་ ༡༥ ཙམ་བཞག་ཡོད།”ཟེར་བར། གྲོས་ཆོད་དང་བསྒྲགས་གཏམ་དེ་དག་གིས་བོད་རྒྱ་འབྲེལ་མོལ་ལ་ཕན་ཐོགས་བྱུང་ཡོད་དང་གནོད་སྐྱོན་བྱུང་ཡོད་མེད་ནི། བོད་ཀྱི་རང་དབང་བསྐྱར་གསོའི་བྱུང་རབས་ལས་གསལ་པོར་ཤེས་ཤིང། ལྷག་པར་བོད་རྒྱ་འབྲེལ་མོལ་ལ་རྒྱུས་མངའ་གཏིང་ཟབ་ཡོད་པའི་སྐུ་ངོ་ས་དབང་ཆེན་མོ་རྒྱལ་ལོ་དོན་གྲུབ་ཀྱི་སྡོམ་ཚིག་ལས་གསལ་པོར་ཤེས་ཐུབ་པ་ཞིག་ཡིན་པས། འདིར་ཡིག་ཚོགས་མང་བར་འཇིགས་ཏེ་རྒྱས་བཤད་མི་བྱ།
ལྔ་པ་རྒྱ་གར་གཞུང་གི་འབྲེལ་ཡོད་དབར་མཛའ་བརྩེའི་འབྲེལ་ལམ་བཙུགས་པ་ཞེས་པར།
རྒྱ་གར་གྱི་སྲིད་འབྱོར་རིག་གསུམ་ལ་མཁས་པའི་མི་སྣ་ཚོས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་དུས་སྐབས་སུ་བཟུང་མ་མྱོང་བའི་མཛའ་བརྩེའི་འབྲེལ་ལམ་གསར་པ་ཞིག་སྲིད་སྐྱོང་བློ་བཟང་སེང་གེའི་དུས་སུ་བཟུང་ཡོད་ཟེར་ན། དེ་ནི་རྒྱ་གར་ལ་རྒྱུས་མངའ་གཏན་ནས་མེད་པའི་མི་ཞིག་གིས་ཡིད་ཆེས་བྱ་ན་མ་གཏོགས། དེ་མིན་གཞིས་ཆགས་ཀྱི་ཁྱི་རྒན་ཚོས་ཀྱང་གསལ་པོར་ཤེས་ངེས་རེད། དེ་ཡང་༸གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་འཁྲུངས་སྐར་སྐབས། རྒྱ་གར་དབུས་ཀྱི་བློན་ཆེན་གཉིས་རྡ་སར་ཆེད་བཅར་གནང་ཡོད་པ་དེ། འདས་པའི་མི་ལོ་ ༥༥ ནང་བློན་ཆེན་རྡ་སའི་གཞུང་འབྲེལ་མཛད་སྒོར་ཆེད་ཕེབས་གནང་བ་ཐེངས་དང་པོ་ཆགས་ཡོད།ཟེར་བར་རྒྱ་གར་གཞུང་གིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་མཚོན་ཆེད་དབུས་ཀྱི་བློན་ཆེན་གཉིས་ ༸སྐུའི་འཁྲུངས་སྐར་ལ་ཆེད་ཕེབས་གནང་བ་ལས། སྲིད་སྐྱོང་བློ་བཟང་སེང་གེའི་སྐྱེས་སྐར་གཏོང་བར་ཕེབས་མེད་པས། བློན་ཆེན་གཉིས་དྷ་སར་ཕེབས་པ་དེ་དང་སྲིད་སྐྱོང་དབར་ལ་འབྲེལ་བ་ག་རེ་འདུག་གམ།
ཡང་རྒྱ་གར་གྱི་སྲིད་བློན་མཆོག་གི་དམ་འབུལ་མཛད་སྒོར་དཔལ་ལྡན་སྲིད་སྐྱོང་མཆོག་གདན་འདྲེན་ཞུས། ཟེར་བར། དེ་ནི་རང་ཕྱོགས་ནས་བྷི་རྗེ་བྷི་སྲིད་དོན་ཚོགས་པར་རེ་སྐུལ་ཞུས་པ་ལྟར། བྷི་རྗེ་བྷི་སྲིད་དོན་ཚོགས་པས་ངོས་བཞེས་ཀྱིས་མགྲོན་འབོད་བྱས་པ་ལས་སྲིད་བློན་མུ་ཏིས་མགྲོན་པ་བྱས་པ་ཞིག་མིན་པ་གསལ་པོར་ཤེས་དགོས། ཡང་རྒྱ་གར་གཞུང་གིས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་“Tibetan Rehabilitation Policy 2014 གཏན་འབེབས་བྱུང་ཡོད་ཟེར་བར། སྲིད་བྱུས་འདིའི་བྱུང་རིམ་ནི་བཀའ་ཤག་སྐབས་གོང་མ་ནས་རེ་སྐུལ་ནན་ཞུ་བྱས་ཡོད་སྐོར་ནང་སྲིད་བཀའ་བློན་གྱིས་གྲོས་ཚོགས་སུ་གསལ་བཤད་ལེགས་པར་གྲུབ་པས། འདིར་བསྐྱར་བཤད་མི་བྱ།
ཡང་། བོད་མི་རྣམས་རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་ཁྱེར་ R.C ལོ་ལྔའི་དུས་ཚོད་ཕར་འགྱངས་བྱ་ཆོག་པ་བཟོས་ཡོད་ཟེར་བར། དེ་ནི་ཕྱི་རྒྱལ་དང་རྒྱ་གར་ནང་རྐང་པ་ཉིས་འཛུགས་བྱེད་མཁན་ཚོར་ཕན་ཐོགས་ཡོད་པ་ལས། ཁྲིམས་མཐུན་ངང་འཚོ་བཞིན་པའི་བོད་རིགས་མང་ཚོགས་ལ་ཧེ་བག་གང་ཡང་བཟོས་མེད་པ་མ་ཟད། ལྷག་པར་བོད་ནས་གསར་དུ་སླེབས་པའི་RC མེད་མཁན་གྱི་བོད་མི་རྣམས་ད་ལྟ་ད་དུང་ཡང་RC མེད་པའི་དཀའ་ངལ་འོག་མུ་མཐུད་ལྷག་ཡོད་པས། ཁྱོད་ཚོར་དེ་ཚོའི་སྐོར་ལ་ཚིག་ཟུར་ཙམ་ཡང་གླེང་བའི་སྤོབས་པ་མེད་དོན་ཅི་རེད།
དྲུག་པ། ཤེས་ཡོན་ཡར་རྒྱས་ཀྱི་ལས་གཞི་ལ་གྲུབ་འབྲས་འབུར་ཐོན་བྱུང་བ་ཞེས་པར།
སྲིད་སྐྱོང་གིས་སྣེ་འཁྲིད་པའི་བཀའ་ཤག་སྐབས་བཅུ་བཞི་པས་ཤེས་ཡོན་གྱི་ལས་དོན་ནི་གལ་ཆེའི་ནང་གི་ཡང་ཆེར་ངོས་འཛིན་ཞུ་རྒྱུའི་བསྒྲགས་གཏམ་གང་མང་སྤེལ་ཡོད་ཀྱང། དོན་དངོས་ཐོག་སྲིད་སྐྱོང་གིས་ངོས་འཛིན་བྱེད་པའི་ཤེས་ཡོན་ནི་ཡིག་རྒྱུགས་ཀྱི་སྐར་གྲངས་ཙམ་ལས། རང་དབང་དང་། གཞན་ཕན། གསར་གཏོད། རྒྱུན་འཛིན་བཅས་ཀྱི་ཁྱད་ཆོས་ཡེ་ནས་མེད་ཅིང་། དེ་བས་ཤར་ཕྱོགས་པའི་རིག་གཞུང་གི་ཞག་ཚི་ཕྲན་ཙམ་ཡང་ལྡན་མེད། “དང་ཐོག་རྒྱ་གར་གཞུང་འོག་ཡོད་པའི་བོད་སློབ་ཁག་རྩིས་ལེན་བྱེད་”ཟེར་བར། དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་རྩིས་ལེན་བྱ་རྒྱུར། སྲིད་སྐྱོང་གིས་དུས་དང་མི་འཚམ་པ་དང་། ཐབས་ལ་མི་མཁས་པའི་གསལ་བསྒྲགས་འབྲུག་སྒྲ་ལྡིར་བ་བཞིན་སྦྲགས་ཤིང་། ལོ་གསུམ་ནང་ཚུད་དུ་སློབ་གྲྭ་ཡོངས་རྫོགས་རྩིས་ལེན་བྱ་རྒྱུའི་དུས་ཆད་ཀྱང་བཟོས་པ་རེད།
འོན་ཀྱང་ད་ལྟ་ལོ་གསུམ་གྱི་དུས་ཆད་རྫོགས་ལ་ཉེ་བའི་སྐབས་ལ་སླེབས་ཡོད་ཀྱང། ད་དུང་དོན་དངོས་པོའི་ཆར་བབ་མེད་དེ། སློབ་གྲྭ་ཕལ་ཆེ་བ་རྩིས་ལེན་ཐུབ་མེད། དེ་བས་འདས་པའི་ལོ་གསུམ་ནང་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་གི་རྒྱ་གར་དང་བོད་པའི་དགེ་རྒན་དབར་གྱི་མཐུན་བསྒྲིལ་ལ་བརྡབ་གསིག་ཚབས་ཆེན་བྱུང་བ་དང་། སློབ་ཕྲུག་གི་ཀུན་སྤྱོད་དང་ཤེས་ཡོན་ལ་འཐུས་ཤོར་ཆེན་པོ་ཕྱིན་ཡོད་པས། དེའི་གྱོང་གུན་ནི་གསེར་རི་རབ་ཙམ་གྱིས་མཇལ་ཡང་གཞལ་དཀའ།
ཡང་”མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསར་གཏོད་གནང་བའི་ཤེས་ཡོན་སྲིད་ཇུས་ལག་བསྟར་ཚུལ་བཞིན་ཡོང་ཆེད་དུ་འགྲོ་སོང་སྔར་ལྷག་གཏོང་བཞིན་ཡོད་”ཟེར་བ་ནི་བདེན་པ་མིན་ཞིང་། ཨ་སྒོར་ས་ཡ་གཉིས་གསུམ་གྱི་རོགས་དངུལ་ནང་ནས་ཤེས་ཡོན་སྲིད་བྱུས་ལག་བསྟར་ཐོག་དངུལ་སྐར་ལི་གཅིག་ཀྱང་བཏང་མེད་ཅིང་། དགེ་རྒན་རྣམས་ཀྱི་གླ་ཕོགས་ད་ལྟ་ད་དུང་ཡང་ཡིག་གད་ཀྱི་གླ་ཕོགས་ལས་ཞན་པ་ཡོད། མ་གཞི་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་ཐད་གྲོས་ཚོགས་དང་བརྒྱུད་ལམ་ཁག་ནས་གླེང་སློང་ཤུགས་ཆེར་བྱས་ཤིང་།<< ལས་ཁུངས་གཅིག་ལ་བཀའ་རྒྱ་གཉིས།>>ཟེར་བ་དང། <<ཤེས་ཡོན་སྲིད་བྱུས་ཀྱི་གཤེད་མ།>>ཟེར་བ་སོགས་ཞིབ་འཇུག་རང་བཞིན་གྱི་རྩོམ་ཡིག་སྔ་ཕྱིར་ཐོན་ཡོད་པ་མ་ཟད། ཆེད་མངགས་རྟོག་ཞིབ་ཚོགས་ཆུང་ཡང་ཐེངས་གཉིས་ལ་བསྐོ་འཛུགས་བྱས་ཏེ་ཞིབ་འཇུག་འགྲོ་མུས་ཡིན་པས། ལག་བསྟར་ཅི་འདྲ་ཞིག་བསྟར་གྱི་ཡོད་མེད་ནི་ས་རིས་ཐང་གསལ་ཡིན།
གཞན་ཡང་གྲོས་ཚོགས་ནང་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་དྲི་བ་ཚ་ནན་ཕེབས་པར་བརྟེན། ལན་འདེབས་བྱ་མ་ཐུབ་པར་འུ་ཐུག་སྟེ་ཤེས་རིག་བཀའ་བློན་གསར་པ་བསྐོ་བཞག་བྱས་ཤིང། སྟབས་ལེགས་ནས་ཁུར་པོ་ལྗིད་པོ་དེ་ཤེས་རིག་བཀའ་བློན་གྱིས་འཁུར་བ་སོགས། གནད་དོན་མང་པོ་གླེང་རྒྱུ་ཡོད་རུང་ཀློག་པ་པོའི་མིག་ལ་ངལ་གསོ་སྦྱིན་ཆེད་སྐབས་གཞན་དང་གཞན་དུ་གླེང་བར་བྱའོ། །
“དགེ་རྒན་འོས་སྦྱོང་ཁང་གསར་འཛུགས་གནང་སྟེ་དགེ་རྒན་ཚོར་དམིགས་བསལ་ཟབ་སྦྱོང་མཐིལ་ཕྱིན་ཕུལ་བ།” ཟེར་བར་བྷུན་ཏར་དགེ་འོས་ཁང་དེ་བཞིན་ཐོག་མར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་སྐབས་འཆར་འགོད་གནང་བ་ཞིག་ཡིན་ཞིང། ཕྱིས་སུ་བཀའ་ཤག་སྐབས་བཅུ་བཞི་པས་མཇུག་སྣོན་གྱི་ལས་དོན་ཚགས་ཚུད་མ་སྤེལ་སྟབས། ད་ཆ་འབྲོག་པ་གནས་སྤོས་པ་བཞིན་གནས་ངེས་མེད་དུ་ཕར་སྤོས་ཚུར་སྤོས་བྱེད་བཞིན་པ་ནི་ཀུན་གྱིས་མཁྱེན་གསལ་རེད།ཡང་དགེ་འོས་པ་དེ་དག་ལ་ཟབ་སྦྱོང་མཐིལ་ཕྱིན་ཕུལ་ཟེར་བས། མི་སུ་ཞིག་གིས་དུས་ནམ་ཞིག་ལ་ཟབ་སྦྱོང་ཕུལ་ཡོད་དམ། དེ་ནི་དགེ་རྒན་འོས་སྦྱོང་བ་དེ་དག་ལ་སྐད་ཆ་དྲིས་ན་གསལ་པོར་ཤེས་ངེས་ཤིང་།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་དེའི་ཐོག་ཞིབ་འཇུག་གི་སྙན་ཐོ་ཁ་གསལ་ཞིག་ཐོན་རྒྱུའི་རེ་བ་ཡོད།
“སློབ་མའི་གྲངས་དང་སློབ་ཡོན་སོགས་ཧ་ཅང་ཕོན་ཆེ་འཕར་ཡོད། དེ་ལ་བརྟེན་ནས་འཛིན་གྲྭ་བཅུ་གཉིས་བརྒྱ་ཆ་༧༥ལྷག་ཐོན་མཁན་་་འཕར་ཡོད།”ཟེར་བར། ཕྱི་ལོ་༢༠༡༠ ལོར་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གཏོང་མཁན་སློབ་ཕྲུག་གི་གྲངས་འབོར་དང། ༢༠༡༥ ལོར་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གཏོང་མཁན་སློབ་ཕྲུག་གི་གྲངས་འབོར་དབར་ཧེ་བག་ཧ་ཅང་ཆེན་པོ་ཤོར་ཡོད་པས། སློབ་ཕྲུག་གི་གྲངས་འབོར་ཆ་ནས་༢༠༡༥ ལོར་བརྒྱ་ཆ་༧༥ལོན་མཁན་མང་བ་ངེས་པར་དུ་དགོས་པ་རེད། དེ་བས་ཀྱང་རྒྱུན་མཐུད་རྟོག་ཞིབ་དང་གདེང་འཇོག་གི་ལམ་སྲོལ་འོག་ཡིག་རྒྱུགས་ཀྱི་སྐར་གྲངས་མཐོ་པོ་ལོན་རྒྱུ་དེ་དེང་སྐབས་སྟབས་བདེར་གྱུར་ཡོད་པས་བརྒྱ་ཆ་མཐོ་པོ་ལོན་པ་ཙམ་ལ་ཧ་ལས་དགོས་པ་ཅི་ཡང་མ་མཆིས།
ང་ཚོས་ཕྱོགས་གཞན་ཞིག་ནས་སྐད་ཆ་བཤད་ན། སྲིད་སྐྱོང་གིས་བརྒྱ་ཆ་༨༠ལོན་མཁན་དེ་འདྲ་ཡོད། བརྒྱ་ཆ་༩༠ ལོན་མཁན་འདི་འདྲ་ཡོད་ཅེས་ཡག་གཏམ་རྐྱང་གླེང་བ་མ་གཏོགས། ད་སྔའི་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་གི་གྲངས་འབོར་དང་ཡིག་རྒྱུགས་གྲུབ་འབྲས་དེ་འདྲ་རེད། ད་ཆ་འཛིན་རིམ་བཅུ་གཉིས་ནང་སློབ་ཕྲུག་འདི་ཙམ་ཡོད་པ་དང་ཆ་སྙོམས་བརྒྱ་ཆ་འདི་འདྲ་རེད་ཅེས་སུ་ལའང་གསུང་མྱོང་མེད། དེའི་རྒྱུ་མཚན་གང་ཡིན་ནམ་ཞེ་ན་འཛིན་རིམ་བཅུ་གཉིས་ཀྱི་ཆ་སྙོམས་སྐར་གྲངས་ནི་ལོ་ཤས་ནང་དམའ་རུ་སོང་ཡོད་པ་དང། སྤྱི་ཡོངས་ཀྱི་གནས་ཚད་ཞན་དུ་སོང་ཡོད་པས། གནད་དོན་དེ་སྲིད་སྐྱོང་དང་དེའི་འོག་གི་མི་སྣ་ཚོས་སྦས་གསང་བྱེད་ཀྱི་ཡོད་མོད། མིག་གིས་གསལ་པོར་མཐོང་ཐུབ་མཁན་དང་རྣ་བས་གསལ་པོར་གོ་ཐུབ་མཁན་ཚོས་ཕྱི་གསལ་ནང་གསལ་ཤེས་ཀྱི་ཡོད།
“ད་དུང་ཕྱི་ལོ་ ༢༠༡༣ དང་ ༢༠༡༥ ལོར་བརྒྱ་ཆ་ ༩༥ སོན་ནས་སྲིད་སྐྱོང་སློབ་ཡོན་རག་མཁན་ཡང་བྱུང་ཡོད་”ཟེར་བར། རེད། བདེན་པ་རེད། སྲིད་སྐྱོང་སློབ་ཡོན་སྤྲད་པ་རེད། ཡིན་ནའང་བོད་ཡིག་སློབ་ཚན་ལ་རྡོག་རོལ་བཏང་ནས། མར་གཡུགས་ཏེ་ཚི་ལུའི་ཕོར་མར་བརྒྱབས་པའི་སྐྱོ་གར་དེ་བོད་མི་ཚང་མས་གསལ་པོར་ཤེས་ཡོད་པས། ཨ་ཕའི་ཕོར་པར་རྩམ་ཞེན་ཙམ་ལས། འདི་འགྲིག་འདུག་བསམ་པ་ཞིག་གང་ན་མཐོང་རྒྱུ་ཡོད།
བདུན་པ། དཔལ་འབྱོར་འདུ་འགོད་ཐད་ལྡབ་འགྱུར་གྱི་གྲུབ་འབྲས་ལེགས་ཐོན་བྱུང་བ་ཞེས་པར།
ནམ་རྒྱུན་སྲིད་སྐྱོང་གིས་རྩེད་མོ་དང་སྦྲགས་”མི་ཚོར་ང་ལ་སྲིད་སྐྱོང་ཞེས་ཟེར་བ་མ་གཏོགས། དོན་དངོས་ཐོག་ང་དངུལ་སྐྱོང་འདྲ་པོ་ཆགས་ཡོད། གང་ཡིན་ཟེར་ན་ང་རྒྱལ་ཁབ་ག་ས་གང་དུ་དངུལ་ཐབས་ཤེས་བྱེད་པར་འགྲོ་དགོས་འདུག ཨ་རི་ནས་ས་ཡ་༢ རག་བྱུང། ཀེ་ན་ཊ་ནས་ས་ཡ་༣ རག་བྱུང་། ལོ་༡༥ གོང་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལོ་གཅིག་གི་འགྲོ་སོང་ཧིན་སྒོར་ས་ཡ་ ༡༠༠༠ ཡས་མས་ཡིན་པ་དང་། ཕྱི་ལོ་ ༢༠༡༥ ལོར་ས་ཡ་ ༢༠༠༠ བརྒལ་ཡོད་པ་དེ་དཔལ་འབྱོར་འདུ་འགོད་ལྡབ་འགྱུར་གྱིས་འཕར་ཡོད།”ཅེས་ཟེར་དུས། མི་མང་པོ་ཞིག་གིས་ཐལ་མོ་བརྡབས་ནས་དགའ་བསུ་ཞུ་གི་ཡོད།
དོན་དངོས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་དེ་ཡག་ཏུ་སོང་ཡོད་དམ་ཡང་ན་འདུག་ཏུ་སོང་ཡོད་ཅེ་ན། ང་ཚོས་ལོ་རེའི་སྔོན་རྩིས་གནས་སྟངས་དང་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གིས་ཞིབ་བཤེར་བྱས་པའི་སྙན་ཐོ་ཁག་ལ་བལྟས་ན་གསལ་པོར་ཤེས་ཐུབ། འདས་པའི་ལོ་ཤས་ནང་ལས་ཁུངས་ཁག་གི་དཔལ་འབྱོར་གནས་སྟངས་ཞན་དུ་སོང་ཡོད་ཅིང་། གཞུང་གི་བང་མཛོད་ནས་འགྲོ་སོང་གཏོང་རྒྱུ་ཧ་ཅང་མང་དུ་སོང་ཡོད། སྲིད་སྐྱོང་གིས་སློང་མོ་བྱས་པའི་དངུལ་དེ་དག་ནི་ལས་འཆར་གྱི་ཆེད་དུ་ཡིན་པ་ལས། དེས་བཙན་བྱོལ་སྒྲིག་འཛུགས་ཀྱི་རྒྱུན་གྲོན་ལ་ཕན་ཐོགས་སྐར་མ་གཅིག་ཀྱང་བྱུང་མེད། སྲིད་སྐྱོང་གིས་དུས་རྒྱུན་རང་ཁ་རང་གསོ་ཞེས་མ་ཎི་བཞིན་བགྲངས་ཀྱང་དཔལ་འབྱོར་གནས་སྟངས་ཐོག་རང་ཁ་རང་གསོ་ཡོང་རྒྱུར་རྔོ་ཐོགས་པའི་ལས་དོན་ཅི་ཡང་སྤེལ་མེད།
“དཔལ་འབྱོར་འདུ་འགོད་དེ་ཡང་མི་དང་མིའི་དབར་གྱི་འབྲེལ་བ་ལ་ཤིན་ཏུ་རག་ལས་པས། མ་འོངས་པར་དཔལ་འབྱོར་གྱི་གནས་སྟངས་སྡུག་ཏུ་མི་འགྲོ་བ་དང་། ད་དུང་མུ་མཐུད་ནས་ཡར་རྒྱས་འགྲོ་བར་བསམ་བློ་ངེས་པར་དུ་གཏོང་དགོས།” ཞེས་པར། ཕྱི་རྒྱལ་གྱི་རོགས་དངུལ་དེ་དག་ནི་གཙོ་བོ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀྲིན་དང་། ཡང་སྒོས་རྒྱའི་བཙན་དབང་འོག་བཟོད་ཐབས་བྲལ་ནས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་པའི་བོད་མི་རྣམས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས། མི་འགའ་ཤས་སྲིད་སྐྱོང་མ་ཆགས་པའི་ཉིན་མོར་རོགས་དངུལ་ཆད་འགྲོ་གི་རེད་ཟེར་ན། འགྲེལ་བཤད་རྒྱག་མཁན་སུ་ཡོང་ཡང་གོ་བ་ལོན་ཐུབ་ས་མ་རེད། ད་ལྟའི་དཔལ་འབྱོར་མཁོ་སྒྲུབ་བྱེད་སྟངས་ལ་བལྟས་ན། ལོ་ལྔ་དྲུག་ནང་བོད་མིའི་སྒྲིག་འཛུགས་ཀྱི་བང་མཛོད་སྟོང་པ་ཆགས་ཉེན་འདུག་པས། དཔལ་འབྱོར་གྱི་གནས་སྟངས་སྡུག་ཏུ་མི་འགྲོ་བར་བསམ་བློ་ཏན་ཏན་གཏོང་དགོས་འདུག
བརྒྱད་པ། གཞིས་ཆགས་སྲ་བརྟན་གྱི་ལས་གཞི་སྣ་མང་སྤེལ་བ་ཞེས་པར།
གཞིས་ཆགས་སྲ་བརྟན་ཟེར་བ་ནི་གཞིས་ཆགས་ཀྱི་ཁང་པ་རྙིང་པ་དེ་དག་ལ་ཞེན་ཁོག་བྱས་ནས་བདག་ཉར་བྱོས་ཟེར་བའི་དོན་མིན་ཏེ། དེ་ནི་རྒྱ་གར་གཞུང་གིས་ཐུགས་འཁུར་ཚད་མེད་འོག་གནང་བའི་བཙན་བྱོལ་བོད་མིའི་འདུས་སྡོད་ས་ཁུལ་ཁག་ཁྲིམས་མཐུན་ངང་བདག་སྲུང་དང་། བཙན་བྱོལ་བོད་མི་རྣམས་གང་ན་འདུས་སྡོད་བྱས་པའི་ས་ཁུལ་དེར་འཚོ་བའི་གནད་དོན་ཐག་གཅོད་ཐུབ་པ་དང་། རང་རང་གི་གཞིས་ཆགས་སུ་འཚོ་བ་སྐྱེལ་འདོད་པའི་བསམ་བློ་དང་དུང་བ་ཡོད་པ། བོད་མིའི་ཆོས་དང་རིག་གཞུང་གི་ཞག་ཚི་མ་ཡལ་བའི་ཐོག་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱ་ས་ཡོད་པ། ཇི་སྲིད་བོད་དོན་བདེན་མཐའ་མ་སེལ་བར་དེ་སྲིད་བོད་མི་རིགས་རྒྱུན་གནས་ཐུབ་པ་དང་བོད་ཀྱི་གནད་དོན་རྒྱུན་འཛིན་ཐུབ་པ། མཐར་རང་ཡུལ་ཁ་བ་ཅན་དུ་ལོག་རྒྱུའི་འདུན་པ་ཡོད་པ་དང་དེའི་ཆེད་དུ་འཐབ་རྩོད་བྱེད་ཕོད་པ་བཅས། དུས་ཚོད་ཀྱི་འགལ་རྐྱེན་ལ་མ་ལྟོས་པར་བོད་མིའི་མངོན་འདོད་བསྒྲུབ་མཁན་གྱི་གཞིས་རྐང་བརྟན་པོར་འཛུགས་རྒྱུ་དེ་ཡིན།
དེ་ལྟར་ཡང་སྲིད་སྐྱོང་གིས་དེ་རིང་ཨ་རིར་མི་ཆིག་སྟོང་གཏོང་གི་ཡིན། སང་ཉིན་ཀེ་ན་ཊར་མི་ཉིས་སྟོང་གཏོང་གི་ཡིན་ལྟ་བུ་ཁ་པོ་ཆེ་རྐྱང་རྐྱང་བཤད་བསྡད་ན། གཞིས་ཆགས་ཀྱི་མི་རྣམས་བག་ཕེབས་ངང་རང་རང་གི་ས་གནས་སུ་སྡོད་བསམ་པའི་བསམ་བློ་ཞིག་གང་ནས་ཡོང། མ་གཞི་བཀའ་ཤག་གོང་མའི་སྐབས་སྐྱེས་ལྡན་སོ་ནམ་ལས་གཞི་ཟེར་བ་སོགས་འཕྲལ་ཕུགས་གང་ལ་ཡང་ཕན་ཐོགས་ཆེ་བའི་ལས་འཆར་མང་པོ་སྤེལ་ཡོད་མོད། བཀའ་ཤག་སྐབས་འདིའི་ཐོག་གྲགས་འགུལ་མེད་པ་དང་། གཞིས་ཆགས་སྲ་བརྟན་གྱི་སྲིད་བྱུས་ཐོག་ནང་སྲིད་བཀའ་བློན་དང་སྲིད་སྐྱོང་གི་ལྟ་ཚུལ་དབར་ལ་བར་ཁྱད་ཆེན་པོ་ཡོད་སྟབས། ལས་འཆར་སྣ་ཚོགས་ཤིག་བཀའ་ཤག་གི་གསོལ་ཅོག་ཐོག་ནས་བརླགས་འགྲོ་གི་ཡོད།
གཞན་ཡང་བཀའ་ཤག་སྐབས་བཅུ་བཞི་པས་བོད་མི་རྣམས་རྒྱ་གར་གྱི་མི་སེར་བཟོ་རྒྱུར་བཀག་འགོག་གང་ཡང་མ་བྱས་སྟབས། བོད་མི་བརྒྱ་ཕྲག་ཁ་ཤས་ཀྱིས་ཕྱི་ལོ་༢༠༡༤ ལོར་རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ནང་ཞུགས་ནས། མི་སེར་གྱི་ལག་ཁྱེར་རག་ཐབས་བྱས་ཡོད་ཅིང། ད་ལྟ་ད་དུང་ཡང་མི་མང་པོས་འབད་བརྩོན་བྱེད་བཞིན་ཡོད་པས། མི་རིགས་རྒྱུན་འཛིན་ཟེར་བའི་སྲིད་བྱུས་དེ་འདི་འདྲ་ཞིག་ཡིན་ནམ། ཡང་གཅིག་བཤད་ན་གཞི་རིམ་མང་ཚོགས་དེ་དག་ལ་ཁག་མི་འདུག བཀའ་བློན་དང་དྲུང་ཆེ་སོགས་མཐོ་རིམ་མི་སྣ་མང་ཆེ་བས་ད་ལྟའི་ཆར་མི་རིགས་གཉིས་གསུམ་གྱི་མི་སེར་བཟོས་ཏེ་རྐང་པ་ཉིས་འཛུགས་བྱས་ནས་བསྡད་ཡོད་སྟབས། ཉམས་ཆུང་མི་མང་དེ་དག་ཨུ་ཚུགས་ཀྱིས་གཞིས་ཆགས་ནང་སྡོད་དགོས་ཟེར་ན་དེ་ལས་འབྲས་ལ་མི་འགྲོ་བ་ཞིག་རེད།
དགུ་པ། བོད་ནས་གསར་དུ་ཕེབས་མཁན་ཚོར་མཐུན་རྐྱེན་ལེགས་སྐྲུན་གྱི་སྲིད་བྱུས་ཟིན་པ་ཞེས་པར།
ང་ཚོས་བེད་སྤྱོད་ཡོད་ས་ཞིག་ཏུ་སླེབས་དུས་”བོད་ནས་གསར་དུ་ཕེབས་མཁན་”ཞེས་ཞེ་ཚིག་སྙན་པོ་ཞིག་བེད་སྤྱོད་བྱེད་པ་དང་། བེད་སྤྱོད་མེད་ས་ཞིག་ཏུ་”གསར་འབྱོར་”ཞེས་ཧ་ལམ་གོ་ལ་གཞན་ཞིག་ནས་སླེབས་པའི་སེམས་ཅན་ཡིན་པ་ལྟ་བུའི་དབྱེ་འབྱེད་བྱེད་ཀྱི་ཡོད། བློ་ཁ་ནང་དུ་ཕྱོགས་ནས་བསམ་བློ་ཡག་པོ་ཞིག་བཏང་ན་བཙན་བྱོལ་དུ་སླེབས་པའི་གྲྭ་བཙུན་རྣམས་ཕུད། དེ་མིན་གསར་འབྱོར་མི་སྐྱ་ཕོ་མོ་མང་ཆེ་བར་འཚོ་བ་དང་མདུན་ལམ་སོགས་ཀྱི་དཀའ་ངལ་མེད་པ་སུ་ཡང་མེད་ཅིང་། ཁོང་ཚོར་ཁང་ཁྱིམ་དང་ས་ཞིང་གི་བགོ་སྐལ་གཅིག་མཚུངས་སུ་མི་ཐོབ་པ་དང་། ཡུལ་གྱི་བསྐལ་བའི་ཆ་ནས་ཕ་མ་སྤུན་མཆེད་ལ་སྐྱིད་སྡུག་མཉམ་མྱོང་བྱ་ས་མེད་པ། སློབ་སྦྱོང་ལག་འཁྱེར་གྱི་ཆ་ནས་ལས་ཀའི་གོ་སྐབས་མི་ཐོབ་པ་བཅས་ལ་བརྟེན། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་མདུན་དུ་མ་བསྐྱོད་ཐབས་མེད་རེད། སྦིར་ཅོན་ཏ་ར་གནས་སྡོད་བོད་ནས་གསར་ཕེབས་ནང་མི་ ༧༣ ལ་གཞིས་ས་གསར་ཉོ་དང་སྡོད་ཁང་གསར་རྒྱག་གི་ལས་གཞི། སྦེལ་ཀོབ་དང་མོན་གྷོ་གཉིས་སུ་གནས་སྡོད་བོད་ནས་གསར་ཕེབས་ཚོར་གཞིས་ས་མཁོ་སྤྲོད་ཀྱི་ལས་གཞི་ལག་བསྟར་བྱས་ཡོད་ཟེར་བ་དེས་གསར་འབྱོར་ག་ཚོད་ཀྱི་དཀའ་ངལ་སེལ་ཐུབ་ཡོད་དམ།
སྲིད་སྐྱོང་དྷ་རམ་ས་ལར་ཡོད་པ་དང་གསར་འབྱོར་མང་ཤོས་ཀྱང་དྷ་རམ་ས་ལར་ཡོད་པས། སྲིད་སྐྱོང་དང་བོད་མིའི་སྒྲིག་འཛུགས་ཀྱིས་དྷ་རམ་ས་ལའི་གསར་འབྱོར་དེ་ཚོ་ག་རེ་བྱས་ནས་མཐོང་མ་ཐུབ་པ་རེད། དེ་དེ་བཞིན་དུ་རྒྱ་གར་ས་ཁུལ་གཞན་དག་ཏུ་བག་ལེབ་འཚོང་བ་དང་། ལ་ཧྥིང་འཚོང་བ་སོགས་འཚོ་བའི་མདུན་ལམ་ཆེད་དུ་ས་ཕྱོགས་གང་སར་རྒྱུ་བཞིན་པའི་གསར་འབྱོར་དེ་ཚོ་མཐོང་མི་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ། རྒྱ་གར་དང་བལ་ཡུལ་ནང་གསར་འབྱོར་RCམེད་མཁན་ག་ཚོད་ཡོད། དེ་ཚོའི་དཀའ་ངལ་སུ་ཡིས་སེལ་ཡོད། ཡང་གཅིག་བཤད་ན་ཚ་བ་ཆེ་བ་དང་ཐོན་ཁུངས་ཞན་པའི་གཞིས་ཆགས་ཁག་ཅིག་གི་གཞིས་མི་རྣམས་ཕྱི་རྒྱལ་དུ་བཏང་སྟེ། གཞིས་ཆགས་དེ་ཚོའི་ནང་གསར་འབྱོར་འགྲོ་འདོད་ཡོད་མཁན་ཡོད་ན་གཏོང་གི་ཡིན་ཟེར་གྱི་ཡོད་པས། དེ་མཐུན་རྐྱེན་རེད་དམ་ཁྱད་སོད་རེད། ཆབ་སྲིད་བཙོན་པ་རྣམས་ཕུད་དེ་བྱིངས་གསར་འབྱོར་བ་རྣམས་ལ་ཕྱི་རྒྱལ་དུ་གཞིས་སྤོས་བྱ་རྒྱུའི་གོ་སྐབས་ཤིག་ག་དུས་སྤྲད་ཡོད་དམ།
དངོས་གནས་བྱས་ན་གཞིས་ཆགས་ཀྱི་བོད་མི་རྣམས་ལྟར་གསར་འབྱོར་བ་ཚོར་ཡང་ས་ཁང་དང་གཞིས་ཆགས་སོགས་ཀྱི་བསྐལ་བ་གཅིག་མཚུངས་སུ་ཐོབ་དགོས་པ་ཡིན་ལ། གཞུང་གིས་ཀྱང་དེའི་ཐད་སྲིད་བྱུས་ཤིག་ངེས་པར་འཛིན་དགོས་པ་ཡིན། འོན་ཀྱང་བོད་ནས་གསར་དུ་ཡོང་མཁན་སུ་འདྲ་ཞིག་ཡིན་ཡང་། བོད་དུ་འཚོ་བ་མ་འཁྱོལ་བ་དང་རྒྱ་གར་དུ་ལྟོ་གོས་ཡག་པོ་ཞིག་རག་གི་རེད་སྙམ་ནས་ཡོང་མཁན་མི་གཅིག་རྐྱང་མེད་པས། ཁོང་ཚོས་ག་དུས་ཡིན་ཡང་རང་ལ་དཀའ་སྡུག་གང་ཞིག་ཡོད་ཀྱང་དེ་ཁོག་ཏུ་སྦས་ནས་བོད་མིའི་སྒྲིག་འཛུགས་ལ་སྙན་བསུན་བཟོ་གི་མེད།
དེ་ལྟར་བྱེད་དོན་ནི་༸རྒྱལ་བ་རིན་པོ་ཆེས་བྱིན་གྱིས་རླབས་པའི་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་ཞུ་རྒྱུ་དེ་ཨང་དང་པོ་དང་། རང་གི་འཚོ་བའི་གནད་དོན་དེ་ཨང་གཉིས་པར་བརྩི་བའི་དབང་གིས་རེད། འོན་ཀྱང་དམངས་ཀྱིས་སྲིད་གཞུང་ལ་ཡིད་ཆེས་བློས་གཏད་བྱེད་པར། སྲིད་གཞུང་གིས་ཀྱང་དེ་ལ་དེར་ལྟོས་ཀྱི་བཟང་ལན་གྱི་སྲིད་བྱུས་ཤིག་མ་བཟུང་བར། དེ་གོ་སྐབས་ཤིག་ལ་ངོས་འཛིན་གྱིས། ‘གསར་འབྱོར་དེ་ཚོ་ཉམ་ཆུང་རེད། དེ་ཚོས་ངོ་ལོག་རྒྱག་གི་མ་རེད་’སྙམ་ནས་ག་དུས་ཡིན་ཡང་མིན་ཤག་ཤག་དང་མེད་ཤག་ཤག་བྱས་ན། ཉིན་གཅིག་རི་ལུག་པ་ཐག་པས་མི་འདོམ་པའི་དུས་ལ་སླེབས་ངེས།
བཅུ་པ། གལ་གནད་ཆེ་བའི་སྐུ་ཕྱྭའི་ལས་དོན་དང་། ཆོས་དང་རིག་གཞུང་དང་འབྲེལ་བའི་ལས་གཞི་རྒྱ་ཆེ་སྤེལ་བ་ཞེས་པར།
༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ནི་བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ཡིན་པ་དང་། རེ་བའི་མིག་ལྟོས་གཅིག་པུ་དེ་ཡིན་པས། ཁོང་གི་སྐུ་ཕྱྭའི་ལས་དོན་ཐད་ཕྱི་ནང་གི་རྐྱེན་དང་བར་ཆད་ཕྲ་མོ་ཙམ་ཡང་མི་ཡོང་བ་བྱ་རྒྱུ་ནི་བོད་མི་ཡོངས་ཀྱི་ལས་འགན་དང་། ལྷག་པར་བཀའ་ཤག་གི་འོས་འགན་ལྕི་ཤོས་དེ་ཡིན་པས། འདིའི་ཐད་སྲིད་སྐྱོང་གིས་གཅིག་བྱས་ཡོད་གཉིས་བྱས་ཡོད་ཟེར་བའི་འོས་བབ་གང་ཡང་མེད། རྒྱུ་མཚན་ནི་༸རྒྱལ་དབང་རིན་པོ་ཆེས་ང་ཚོར་ཡོད་ཚད་གནང་བཞག་པ་ལས། ང་ཚོས་༸རྒྱལ་དབང་རིན་པོ་ཆེར་གང་ཡང་ཕུལ་ཐུབ་མེད། ལར་ནས་༸རྒྱལ་དབང་རིན་པོ་ཆེ་མེད་ན་ང་ཚོར་ཁ་རྒྱགས་པ་འདི་འདྲ་ཤོད་རྒྱུའི་གོ་སྐབས་ཤིག་གང་ན་ཡོད།
བདེ་སྲུང་བཀའ་བློན་མཆོག་གིས་བདེ་སྲུང་གི་ལས་དོན་ཐད་འཐུས་ཤོར་གཏོང་གི་རེད་སྙམ་པའི་ཐེ་ཚོམ་གང་ཡང་མེད་ལ། ཁོང་གི་ཕྱག་ལས་གནང་ཕྱོགས་ཐད་ཞུ་རྒྱུ་གང་ཡང་མེད། འོན་ཀྱང་༸སྐུ་མདུན་གྱི་སྐུ་ཕྱྭ་ནི་ཕྱིའི་ཉེན་སྲུང་ཁོ་ནར་རག་ལས་པ་ཞིག་མིན་ཞིང་། བོད་མིའི་སྤྱི་མཐུན་བསོད་ནམས་དང་ལྷག་པར་བཀའ་བཞིན་བསྒྲུབ་པའི་ལས་དོན་སྤེལ་རྒྱུར་རག་ཆེན་པོ་ལས་ཡོད། འདས་པའི་ལོ་ཤས་ནང་ཆོས་ཀྱི་གནད་དོན་ཆབ་སྲིད་ལ་བསྒྱུར་ཅིང་དད་པའི་བསམ་བློ་འཚོ་བའི་ལག་ཆར་བསྒྱུར་བ། ནང་གི་གྲོགས་ཕྱིའི་དགྲ་ལ་བསྒྱུར་བ་དང་ཕྱིའི་དགྲ་ནང་གི་གྲོགས་ལ་བསྒྱུར་བ། འདྲེ་ལྷར་བཀུར་བ་དང་དམ་སྲི་སྐྱབས་གནས་ལ་བཀུར་བ། ལས་ཀྱི་དབང་གིས་བོད་རིགས་སུ་སྐྱེས་ཀྱང་བསོད་ནམས་ཀྱི་དབང་གིས་བོད་མིར་རྒོལ་མཁན། རྣམ་འབྱེད་ཀྱི་མིག་ཟུང་གཏི་མུག་གི་མུན་པས་འགྲིབ་པའི་རྒྱལ་འགོང་བསྟེན་སྲོལ་བྱེད་པོ་དག་གིས། ༸གོང་ས་མཆོག་ཆིབས་བསྒྱུར་གནང་སའི་རྒྱལ་ཁབ་གང་མང་ཞིག་ཏུ་ངོ་རྒོལ་སྐད་འབོད་བསྟུད་མར་བྱས་ཡོད་པས། སྐབས་དོན་འབྲེལ་ཆགས་རྒྱལ་ཁབ་སོ་སོར་ཞབས་སྐུལ་ཞུ་རྒྱུ་དང་། དེ་ལ་དེ་བསྟུན་གྱི་གསལ་བཤད་ལན་འདེབས་མ་བྱུང་བ། དོལ་རྒྱལ་བསྟེན་སྲོལ་བྱེད་པོ་དག་གི་པར་རིས་གཞུང་འབྲེལ་དྲ་རྒྱར་འཇོག་ཙམ་བྱེད་པ་དང་ཡང་ཕྱིར་བསྡུ་བྱེད་པ་སོགས། རིག་པ་དྭངས་གསལ་དང་ཆོད་སེམས་བརྟན་པོའི་ཐོག་ནས་ཁ་གཏད་གཅོག་རྒྱུར་འཐུས་ཤོར་སོང་ཡོད།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ནི་གངས་ཅན་པའི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་མོད། ཁོང་ཉིད་འཇིག་རྟེན་འདིར་འགྲོ་བ་མིའི་ཤ་ཚུགས་སུ་བྱོན་ཏེ་འདི་ལོ་དགུང་གྲངས་བརྒྱད་ཅུར་ཕེབས་ཡོད་པས། ཁོང་གི་མཛད་འཆར་ཁག་ཉུང་དུ་བཏང་སྟེ་གང་ཉིད་ལ་སྐུ་ངལ་གསོ་བའི་དུས་ཚོད་མང་ཙམ་ཕུལ་དགོས་ངེས་ཤིག་ཡིན། འོན་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཕྲན་ཚེགས་ཤིག་བསྒྲུབ་རྒྱུའི་ཆེད་དུ་ཡང་ཕྱི་རྒྱལ་མི་སྣ་མང་པོར་མཇལ་འཕྲད་བྱེད་དུ་བཅུག་པ་དང་། ས་གནས་འདྲ་མིན་ལ་གདན་ཞུ་བྱེད་པ། མཛད་སྒོ་ཆེ་ཆུང་སྣ་ཚོགས་ལ་གདན་ཞུ་བྱེད་པ་སོགས། སྐྱེ་བོ་ཕལ་པ་ཞིག་ཡིན་ན་ལུས་སེམས་ཀྱིས་མི་ལྕོགས་པའི་ཚོད་དུ་ཡོད་ཀྱང་། སྲིད་སྐྱོང་གིས་དབུ་ཁྲིད་པའི་བཀའ་ཤག་གིས་འདི་ཚོའི་ཐོག་ལས་དོན་གང་ཡང་བསྒྲུབས་མེད།
སྲིད་སྐྱོང་འདི་པས་ཆོས་དང་རིག་གཞུང་སྲུང་སྐྱོབས་གནང་གི་ཡོད་ཟེར་ན། ངས་ནི་འདི་ལ་འགྲེལ་བརྗོད་གང་ཡང་བྱ་ཐུབ་པ་མི་འདུག་པས། སྲིད་སྐྱོང་ཁོང་ཉིད་ལ་ཆོས་དང་རིག་གཞུང་ཟེར་ན་གང་ཡིན་མིན་དང་དེའི་གལ་གནད་ཀྱི་རང་བཞིན་ཅི་འདྲ་ཡིན་མིན་འགྲེལ་བཤད་ཅིག་རྒྱག་བཅུག་ན་ད་གཟོད་གསལ་པོར་ཤེས་ཡོང་། “ལྷག་དོན་ཕྱི་ལོ་ ༢༠༡༥ ལོར་བོད་གཞུང་མང་གཉིས་ནས་༧སྐུའི་གྱ་སྟོན་སྲུང་བརྩིའི་བརྟན་བཞུགས་བསྟར་འབུལ་ཞུས་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་ ༡༡༣ བཞུགས་རྒྱུའི་ཞལ་བཞེས་སླར་ཡང་གནང་སྟེ་དགུང་ལོ་ ༩༠ ཕེབས་པའི་གོ་སྟོན་གྲ་སྒྲིག་བྱེད་ཤོག་ཅེས་བཀའ་བཟང་ཕེབས་པ་དེས། བོད་ཕྱི་ནང་གཉིས་སུ་བཞུགས་པའི་བོད་མི་ཚོར་དགའ་བ་བརྗོད་ཀྱིས་མི་ལང་བ་བྱུང་ཡོད། ཟེར་བར། ལོ་ངོ་གཉིས་གསུམ་གྱི་ཡར་སྔོན་ནས་མདོ་སྨད་ཚོགས་ཆེན་ཐོག་༸སྐུའི་གྱ་སྟོན་སྲུང་བརྩི་བྱ་རྒྱུ་དང། ཆོལ་ཁ་གཞན་གཉིས་ལ་གྱ་སྟོན་སྲུང་བརྩི་བྱེད་པའི་སྲོལ་མེད་སྟབས། མདོ་སྨད་ཀྱི་སྲོལ་བཞིན་གྱ་སྟོན་དེ་ཉིད་ཀྱང་མདོ་སྨད་མི་མང་རང་ནས་གོ་སྒྲིག་བྱ་རྒྱུ་ཐག་བཅད་དེ། ལོ་གཉིས་གསུམ་ནང་གོ་སྒྲིག་གི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བ་རེད།
གོ་སྒྲིག་གི་ལས་དོན་ཡོངས་སུ་གྲུབ་ཅིང་མཛད་སྒོའི་མཛད་རིམ་ཁག་གསར་འགྱུར་བརྒྱུད་ལམ་དུ་སྤེལ་ཚར་བའི་རྗེས་སུ། གློ་བུར་དུ་གྱ་སྟོན་དེ་བཞིན་བོད་གཞུང་མང་གི་གྱ་སྟོན་ཆགས་པ་དང་། མཛད་སྒོ་དེ་གཞུང་འབྲེལ་མཛད་སྒོར་གྱུར་ནས་མདོ་སྨད་ཀྱི་མཛད་རིམ་ཁག་ལ་འགྱུར་བ་མ་བཏང་ཐབས་མེད་ཆགས་པ་རེད། ད་ལྟ་སྲིད་སྐྱོང་འོས་བསྡུའི་ཁྱབ་བསྒྲགས་སྐབས་གྱ་སྟོན་གྱི་གྲུབ་འབྲས་དེ་བློ་བཟང་སེང་གེའི་བྱས་རྗེས་ཡིན་ཟེར་ནས་ངོམ་ངོམ་བྱེད་པས། དེ་མདོ་སྨད་མི་མང་གི་སེམས་ལ་ཤོང་གི་རེད་དམ། བསམ་ཡོད་ཅན་ཚོས་ངོས་ལེན་བྱ་ཐུབ་པ་ཞིག་རེད་དམ།
ད་ནི་དོན་གྱི་སྙིང་པོ་བསྡུས་ན། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་གནང་བ་དང། བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བ། བོད་ནས་བོད་མི་གསར་དུ་ཡོང་མཁན་ཉུང་དུ་སོང་ནས་སློབ་གྲྭ་དང་དགོན་སྡེ་ཁག་ནང་གསར་ཞུགས་བྱེད་མཁན་དཀོན་པ། བཙན་བྱོལ་བོད་མི་རྣམས་ཕྱི་རྒྱལ་ལ་འགྲོ་བ་དང་མི་རིགས་གཞན་གྱི་མི་སེར་བཟོ་རྒྱུའི་ནད་ཡམས་ཤུགས་ཆེ་རུ་འགྲོ་བ་སོགས་ཀྱི་ཛ་དྲག་གི་གནས་བབ་ལ་བསམ་གཞིག་བྱ་སྐབས། འབྱུང་འགྱུར་གྱི་ལོ་ཁ་ཤས་ནང་ང་ཚོའི་སེམས་ནང་ཤོང་དཀའ་བའི་གནས་ཚུལ་ཞིག་ཡོང་རྒྱུའི་རྣམ་པ་འཆར་འོང་བས། བོད་ཀྱི་གནད་དོན་དང་བོད་མིའི་སྤྱི་ཚོགས་ངོས་འཛིན་གསལ་པོར་ཐུབ་པ་དང། ཛ་དྲག་གི་གནས་སྟངས་ལ་ཛ་དྲག་གི་བྱ་ཐབས་ཡོད་མཁན་གྱི་སྲིད་སྐྱོང་ཞིག་འོས་འདེམས་བྱེད་པ་མ་གཏོགས། བྱས་རྗེས་ཆེན་པོ་ཡོད་ཟེར་བ་ཙམ་ལ་བལྟས་ནས་གོ་སྐབས་འཕར་མ་སྤྲོད་དོན་གང་ཡང་མ་མཆིས། ལྷག་པར་དུ་ད་ལྟའི་བཀའ་ཤག་གི་མིག་གཡས་གཡོན་ལྟ་བུ། ལྷག་བསམ་དང་ཤེས་འཇོན་ཕུན་སུམ་ཚོགས་པའི་བདེ་སྲུང་བཀའ་བློན་དང་དཔལ་འབྱོར་བཀའ་བློན་རྣམ་གཉིས་ལས་འཁྱུར་གནང་གི་ཡོད་སྟབས། བཀའ་ཡི་བློན་པོའི་དཔུང་ཁག་ཀྱང་ཉམས་ཇེ་ཞན་དུ་གྱུར་ཡོད་པས། བཀའ་བློན་གྱི་མི་འགྲོ་གྲ་སྒྲིག་ཡོད་པའི་སྲིད་སྐྱོང་ཞིག་ངེས་པར་དུ་དགོས་པ་ཡིན།
ད་ལྟའི་བཀའ་བློན་ནང་ད་དུང་ཡང་རེ་བ་ཡོད་པ་གཉིས་ནི་ནང་སྲིད་བཀའ་བློན་དང་ཤེས་རིག་བཀའ་བློན་རྣམ་གཉིས་རེད། འོན་ཀྱང་ནང་སྲིད་ཀྱི་གཞིས་ཆགས་སྲ་བརྟན་ལས་གཞིའི་ཐོག་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་དབར་ལྟ་ཚུལ་མཐུན་གྱི་མེད་པ་དང་། ཤེས་ཡོན་སྲིད་བྱུས་ལག་བསྟར་དང་འབྲེལ་བའི་ཐོག་ཤེས་རིག་བཀའ་བློན་དང་སྲིད་སྐྱོང་གཉིས་ལྟ་ཚུལ་མི་གཅིག་པས། ཁོང་རྣམས་བསྐྱར་དུ་མཉམ་ལས་བྱ་རྒྱུ་ཁག་པོ་ཆགས་ཡོད། ཕྲན་གྱིས་འདི་ལྟར་གླེང་བ་ནི་སྲིད་སྐྱོང་བློ་བཟང་སེང་གེར་མ་དགའ་བ་དང་། ཁོང་གི་རྒྱབ་སྐྱོར་བ་རྣམས་ལ་མ་དགའ་བ་གཏན་ནས་མིན། ང་ལ་རྩ་དོན་གཅིག་ཡོད་པ་ནི་བདེན་པ་རྩོད་རྒྱུ་དེ་ཡིན། སུས་རྫུན་གཏམ་བཤད་ན་ངས་དེའི་མཚང་འབྱིན་པ་དང་། སུས་བདེན་པ་བཤད་ན་ངས་དེ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། །
ཚ་བོ་ཚ་བོ།
ལན་འཆལ་པོ་འཆལ་པོ། འཆལ་ཚུལ་རྗེས་ནས་བཤད་ན་འདོད།
ལན་ཚ་པོ་ཚ་པོ་དེ་དོན་དག་རྡོག་རྡོག་བཤད་ན་གྱ་སྟོན་གྱི་མིང་དེ་མདོ་སྨད་པས་ཁུར་རྒྱུ་མ་རག་པ་དང་། མདོ་སྨད་པ་ཤར་ཁུག་སྲིད་སྐྱོང་གིས་ལས་གནས་ནས་ཕུད་པའི་མཁོན་འཛིན་རེད་ལ། ཁ་ནས་དྲང་བདེན་བཤད་ཀྱང་ཁོག་ནས་འཁྱོག་སོང་བ་དེ་འཇུག་གི་ཚིག་དེ་དག་གིས་གསལ་ལྷང་ངེར་སྟན་འདུག
ཞང་བློན་གསལ་གསལ་རྗེན་རྗེན་བྲིས་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཉེ་བའི་ལོ་ལྔ་མ་ཟིན་ཙམ་རིང་འདི་དང་པོ་ཡིན་དང་འདི་ཡིན་དང་པོ་རེད་ཅེས་རྐྱང་རྐྱང་འདེད་བཞིན་ཕེབས་པ་རེད།འོག་ཏུ་སྲིད་སྐྱོང་མཆོག་གི་དང་པོ་འགའ་འབྲི་ཆོག་པ་ཞུ།
རྒྱ་གར་སྲིད་བློན་མུ་དྷི་མཆོག་གིས་སྲིད་བློན་དམ་འབུལ་མཛད་སྒོ་ཉིན་མོར་སྲིད་སྐྱོང་མཆོག་ཚོགས་ཞུགས་སྐུ་མགྲོན་ལ་ཕེབས་པ་དང་དེའི་རྗེས་ཁོང་གིས་བརྒྱུད་ལམ་ཁག་ནང་ཁོང་ནི་བཙན་བྱོལ་བོད་གཞུང་རྒྱ་གར་ནང་སྐྱབས་བཅོལ་ལ་བསྡད་ནས་ལོ་ལྔ་བཅུ་ཙམ་རིང་རྒྱ་གར་གྱི་སྲིད་བློན་དམ་འབུལ་མཛད་སྒོ་ཕེབས་པ་དང་པོ་ཡིན་ཞེས་ས་སྒྲོག་གནམ་སྒྲོག་བྱས་པ་རེད།
ཉེ་ལམ་ཨ་རིའི་གྲོས་ཚོགས་ཀྱི་གྲོས་འཆར་ཡིག་ཆའི་ནང་བོད་མིའི་སྒྲིག་འཛུགས་ཞེས་བྲིས་པའང་ཐེངས་དང་པོ་རེད། ཡིན་ནའང་། ༡༩༧༢ ལོའི་ཡར་སྔོན་ལ་ཨ་རིའི་སྲིད་འཛིན་ནེ་སོན་(Richard M. Nixon)རྒྱ་ནག་ནང་གཞུང་འབྲེལ་གཟིགས་སྐོར་ཕེབས་ཏེ་ཨ་རྒྱ་གཉིས་གྲོས་ཆོལ་མ་བཞག་པ་དང་དེ་སྔོན་དུ་ཨ་རིའི་གསང་བའི་ལས་ཁུངས་ཀྱི་གཞུང་འབྲེལ་ཡིག་ཆའི་ནང་བོད་ཅེས་ཡོད་པ་འབུམ་རམས་པས་བརྗེད་ནས་འུར་སྒྲོག་བྱས་པ་རེད། ( སྲིད་འཛིན་ནེ་སོན་དང་མའོ་ཙེ་ཏུང་གཉིས་ཀྱིས་གྲོས་བསྡུར་བྱས་མཐར།དེ་སྔོན་ཐའེ་ཝན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་བཟུང་བའི་རྒྱ་ནག་གི་ཞབས་སྟེགས་རྒྱ་ནག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་སྤྲད་པ་དང་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བོད་ལ་གསང་བའི་རོགས་སྐྱོར་བྱེད་པའང་མཚམས་འཇོག་བྱས་ཡོད)།
ལོ་འགའི་གོང་ཨ་རིའི་གཞུང་གིས་ཨ་སྒོར་ས་ཡ་གཉིས་པ་སྤྲད་པ་སྲིད་སྐྱོང་མཆོག་གིས་ཐད་ཀར་དབུས་མིའི་སྒྲིག་འཛུགས་ཀྱི་བང་མཛོད་ནང་ལེན་མ་ཐུབ་པར་རྒྱ་གར་གྲོང་ཁྱེར་སྤང་བྷེ་(Mumbai)ནང་རྟེན་གཞི་བྱས་པའི་རང་དབང་ཚོགས་སྡེ་(ཚོགས་པ་དེའི་མིང་དྲན་མ་སོང་) བརྒྱུད་ནས་ལེན་པའི་གནས་སྟངས་ཤིག་བྱུང་སྟབས། དཔའ་འབྱོར་ལས་ཁུངས་དང་ནང་སྲིད་ལས་ཁུངས་གཉིས་ཀྱིས་ཤེས་རིག་དང་འབྲེལ་བའི་ལས་འཆར་དང་འགྲོ་གྲོན་གྱི་སྔོན་རྩིས་སྙན་ཞུ་རྒྱ་གར་གྱི་རང་དབང་ཚོགས་སྡེ་ལ་ཕུལ་རྗེས།་ཚོགས་སྡེ་དེ་ཡིས་འགྲོ་གྲོན་གཏོང་མིན་ཐག་གཅོད་གནང་བར་བརྟེན། ནང་སྲིད་ལས་ཁུངས་དང་དཔལ་འབྱོར་ལས་ཁུངས་གཉིས་ཀྱིས་ལས་འཆར་གང་མང་ཞིག་བརྩམས་ཀྱང་བརྒྱ་ཆ་དྲུག་ཅུ་ཙམ་ལེགས་འགྲུབ་བྱུང་མེད། ཡིན་ནའང་། སྲིད་སྐྱོང་མཆོག་གིས་ཨ་རིའི་གཞུང་འབྲེལ་གྱི་དངུལ་འབོར་ཆེན་རག་པའང་དང་པོ་ཡིན་ཚུལ་བརྗོད་པ་རེད། དེ་འབྲེལ་ད་ལོར་ཁེ་ཎ་ཊའི་ཤེས་ཡོན་རོགས་དངུལ་ཁེ་སྒོར་ས་ཡ་གསུམ་དེ་ཇི་ལྟར་ལེན་གྱི་ཡོད་མེད་ཤེས་མ་སོང་།སྲིད་སྐྱོང་མཆོག་གིས་འདིའང་དང་པོ་རྩིས་ཡོད་པ་རེད།
མདོར་བསྡུར་ན།སྲིད་སྐྱོང་མཆོག་གིས་དང་པོ་དང་ཐོག་མ་ལ་དགའ་བོ་ཞེ་དྲག་ཡོད་པ་རེད་ཅེས་བཤད་ན་མ་ཆོག་པ་གང་ཡང་མི་འདུག
ཞང་བློན་གྱིས། དཔལ་འབྱོར་ལས་ཁུངས། མདོར་བསྡུས་ན།ནོར་བཅོས་ཡོད་པར་མཁྱེན།
ཆ་ཚང་ཀློག་རྒྱུའི་གོ་སྐབས་བྱུང་དངོས་བདེན་ལན་ཚ་པོ་ཚ་པོ་རེད་འདུག་
རྒྱ་གར་སྲིད་བློན་གྱི་དམ་འབུལ་མཛད་སྒོའི་ཐོག་སྲིད་སྐྱོང་མཉམ་ཞུགས་ཐུབ་པ་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མོའུ་ཏི་ལ་སྙན་ཞུ་བཏང་སྟེ་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཉིས་མཉམ་ཞུགས་བྱ་བར་རེ་སྐུལ་བྱས་པ་ལ་བརྟེན་ནས་བྱུང་བ་གྲོས་ཚོགས་ཤིག་གི་སྐབས་སུ་གསལ་པོ་གསུངས་སོང་། སྤྱིར་ན་གཟི་བརྗིད་ཀྱི་ཆེད་དུ་རྒྱབ་ལྗོངས་འདི་བུ་བཤད་པའི་དགོས་པ་མེད་མོད། སྲིད་སྐྱོང་གིས་ཀྱིས་༧གོང་ས་མཆོག་གིས་ནོར་བྷེ་ཞི་བདེ་གཟེངས་རྟགས་བཞེས་ནས་ལོ་ཤུ་འཁོར་བའི་དྲན་གསོའི་ཉིན་མོ་ནོ་བྷེལ་ཞི་བདེའི་ཚོགས་ཆུང་གི་༧གོང་ས་མཆོག་ལ་ཉིན་དེར་དགའ་བསུ་དང་གདན་ཞུས་ཀྱིས་ཉིན་གུང་ལྗགས་སྨན་ལྷན་བཞེས་གནང་བ་སྲིད་སྐྱོང་གིས་རེ་སྐུལ་ཞུས་ཏེ་བྱུང་བ་དང་། དེ་ནི་བཀའ་དྲིན་རྗེས་དྲན་གྱི་ཆ་ཤས་ཤིག་ཡིན་པར་བཤད་ཡོད། མཚམས་ལན་རེར་རང་ངོ་རང་གིས་མ་ཤེས་པའི་ལས་ཀ་ཧ་ཅང་མང་པོ་འདུག་ཨང་།
ཁ་བྲོ། བོད་ལ་ཕན་པའི་དོན་དག་གལ་ཆེན་ཞིག་བསྒྲུབས་འདུག
དོན་ཚན་རེ་རེ་བཞིན་ཁ་གསལ་བ་དང་གནད་ལ་འཁེལ་བའི་ངང་བྲིས་འདུག་པར་ཐུགས་རྗེ་ཆེ་ཞུ་བ་དང་། རྒྱུ་མཚན་འདི་དག་ཤེས་པའི་ཐོག་ནས་ང་ཚོས་མི་ངོ་ཆོད་རྒྱུ་དེ་གལ་ཆེན་པོ་རེད།
དངོས་གནས་ཚ་པོ་ཚ་པོ་རང་རེད་འདུག རྩོམ་ཡིག་གི་འགྲོས་དང་རྗོད་བྱེད་ཀྱི་ཚིག བརྗོད་བྱའི་ནང་དོན་སོགས་གང་གི་ཆ་ནས་ཀྱང་དེང་སྐབས་སྨྱུག་ཐོགས་པ་ཡིན་ཟེར་མཁན་གྱི་རྩོམ་ཡིག་ཐེབས་ཆགས་རེ་འབྲི་མཁན་ཚོས་སློབ་སྦྱོང་བྱེད་ན་ལེགས། རྗོད་བྱེད་ཚིག་དང་བརྗོད་བྱ་ནང་དོན་གང་གི་ཆ་ནས་ཀྱང་བལྟ་རིན་མེད་པའི་རྩོམ་ཡིག་སྤེལ་གྱི་རྩོམ་པ་པོ་དང་སྨྱུག་ཐོགས་པ་ནི་ཇེ་མང་རེད། ཡིན་ནའང་དོན་དམ་གྱི་སྤྱི་ཚོགས་ལ་སྨན་པའི་རྩོམ་ཡིག་འབྲི་མཁན་ཁ་ཤས་རང་རེད།
དཔེར་ན། ཁང་གསར་རྡོ་རྗེ། ཞང་བློན། སྐལ་བཟང་རྣམ་རྒྱལ། ཆུང་ཚེ་རིང།
དངོས་གནས་ཞང་བློན་ཞེས་མིང་དོན་མཚུངས་པ་རང་རེད། གངས་ཅན་སྐྱིད་གཤོངས་ཀྱི་ཆབ་སྲིད་སྐྱོང་སྟངས་ལ་རྒྱུས་མངའ་མཐའ་གསལ་མཐིལ་མཐོང་ཡོད་མཁན་གཅིག་ཡིན་ས་རེད། ད་ལྟའི་སྲིད་སྐྱོང་ཕྱོགས་གཏོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྲིད་སྐྱོང་གི་འབུར་དུ་ཐོན་པའི་གྲུབ་འབྲས་བཅུ་པོ་རེ་རེ་བཞིན་ས་རིས་ཐང་གསལ་དུ་བཀོད་པར་བཀའ་དྲིན་ཆེ། དུས་འདིར་ང་ཚོར་དགོས་པ་ནི་བོད་མི་རིགས་ཀྱི་རེ་བའི་མིག་འབུར་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཐལ་རྡུལ་མི་གཏོར་བའི་སྲིད་སྐྱོང་རྣལ་མ་ཞིག་དགོས་པ་ལས། ཁ་ཕོ་སྒྲོགས་ཏེ་སྐབས་འཚོལ་རིང་ལུགས་ལ་ཞེན་མཁན་ཞིག་བརྟན་ནས་མི་དགོས། ང་ཚོས་ཀྱང་མགོ་ཕྱོགས་དཔུང་ཉེའི་ཚུལ་དུ་མི་བལྟ་བར་ཆོས་ལུགས་དང་ཆོལ་ཁའི་ཞེན་ཁོག་གི་ནད་ངན་དེ་རིགས་ལས་ཐར་བར་བྱས་ཏེ་ང་ཚོ་དང་ཁྱོད་ཚོ་ཞེས་གཅིག་གིས་གཅིག་ལ་མཐའ་ངན་སྡང་ཟུག་གིས་སྔར་སོང་ད་འགྲོའི་ལམ་ངན་མུ་འཇམ་དུ་གཏོང་མི་རུང་།
དོན་དང་མཐུན་པའི་ལན་ཚ་བོ་ཚ་བོ་ཞིག་རེད།བློ་སེང་གི་ཁ་ཤོམ་དེ་ཚོར་ད་ངོ་མ་ཟིན་སོང་།
ཕྱི་རྒྱལ་ལ་དངུལ་སློང་མོ་བརྒྱབས་ཏུ་ཕྱིན་པ་དེར། རང་ཁ་རང་གསོ་ཟེར་གྱི་ཡོད་ན། བཙན་བྱོལ་གཞུང་དེ་སློང་མོ་བའི་སྲིད་གཞུང་ཡིན་གྱི་རེད། སྲིད་སྐྱོང་ཁོ་རང་སློང་མོ་བའི་སྲིད་སྐྱོང་དང་། ང་ཚོ་ཚང་མ་སློང་མོ་བ་རེད། ཧཧཧཧཧཧ ད་དགོད་བྲོ བློ་སེང་བྱབ་ཆུང་།
‘ལན་ཚ་པོ་ཚ་པོ།’སྐབས་དང་དུས་ལ་འབབ་པའི་དཔྱད་ཞིབ་རྩོམ་ཡིག་རང་རེད། དེའི་མིང་ལ་བྱ་རྒོད་པོ་ཟེར། ད་གཅིག་མ་བྱས་ན། བོད་མི་རིགས་ཀྱི་ཕུགས་འདུན་རེ་སའི་གཙན་བྱོལ་སྒྲིག་འཛུགས་ནས་ལེན་རྒྱུ་དང་བརྟན་རྒྱུ་གང་ཡང་མེད་པར། ལས་ཁུངས་ཁོག་སྟོང་ཁྱུ་ཞིག་ལས་ལྷག་པ་མིན་འདུག གནས་གལ་འདི་ཉིན་ལྟར་མི་རིགས་ལ་ལྟ་བཞིན་མི་རིགས་སླད་འབད་མཁན་གྱི་རྒྱལ་གཅེས་པ་མང་དག་གིས་མཁྱེན་གྱི་མེད། དེར་བརྟེན། དེར་རྒྱབ་སྐྱོར་བས། ཁ་ཙམ་གྱིས་སྔགས་པ་ཙམ་མིན་པར། དྲི་ཀློག་མ་མཁྱེན་པའམ། དྲ་བ་འདི་རིགས་ལ་དོ་སྣང་ངམ་མཁོ་སྤྱོད་མམེད་རིགས་སོགས་ལ་ཁྱེན་རྟོགས་སྐྲན་དགོས་ནི་ང་ཅག་ཚང་མའི་ལས་འགན་རེད་བསམ། མཐར་དོན། ཞང་བློན་ལགས་ཀྱི་བསམ་ཕོད་པ་དང་།དཔྱད་ཤེས། དྲང་བདེན་གྱི་རྒྱབ་ཏུ་བཞེངས་ཏེ་བཤད་ཕོད་པར།སྙིང་ནས་ཐུགས་རྗེ་ཞུ།