བོད ལྷ་ཀླུ་གཉན་གསུམ།
ང་རང་རྒྱལ་ཁབ་འདིའི་དམིགས་བསལ་གྱི་བདུན་ཕྲག་གཅིག་རིང་གི་གུང་གསེང་དང་བསྟུན་ནས། ཉིན་འགའི་སྔོན་དུ་རང་གི་དགའ་རོགས་མ་དང་ལྷན་དུ་གྲོས་མོལ་བྱས་པ་ལྟར། རྒྱབ་ཁབ་འདིའི་ནུབ་ཕྱོགས་ཀྱི་རང་བྱུང་གི་ཁོར་ཡུག་འགར་སྤྲོ་གསེང་དུ་འགྲོ་རྒྱུ་བྱས་པ་དང་། རྒྱབ་ཁབ་འདིར་ཡོད་པའི་རང་རིགས་སྤུན་ཟླ་ཁ་ཤས་ཤིག་ཡོད་པ་དེ་དག་ལ་ཡང་སུ་ཁོམ་ན་ངེད་གཉིས་དང་འགྲོག་ནས་རས་གུར་ཕུབ་ནས་སྤྲོ་གསེང་བྱེད་དུ་སྐད་བཏང་བ་ཡིན།
ངེད་གཉིས་མ་གཏོགས་བདུན་ཕྲག་གཅིག་གི་རིང་ལ་ཁོམ་ནས་བསྡད་ཡོད་མཁན་མི་འདུག ཕལ་ཆེ་བ་ལ་གཟའ་མཇུག་མ་གཏོགས་གུང་གསེང་མེད་པ་དང་། ཁ་ཤས་ཤིག་རང་རང་གི་ལས་བྲེལ་གྱི་དབང་གིས་ངེད་གཉིས་དང་ལྷན་དུ་སྤྲོ་གསེང་དུ་བསྐྱོད་ཐུབ་མེད་པའི་སྐོར་སོགས་གླེང་གི་འདུག གང་ལྟར། ཡོང་མཁན་དག་ངེད་གཉིས་ཀྱིས་ཁ་པར་བཏང་ནས་ཕེབས་རོགས་ཞུ། ངེད་གཉིས་དེ་རིང་ལམ་དུ་ཆས་ཀྱི་ཡོད་ཟེར་ནས་ཅ་དངོས་མི་ཉུང་བ་ཞིག་བསྡུ་གསོག་བརྒྱབ་དེ་ངེད་གཉིས་རླངས་འཁོར་ནང་ལམ་དུ་མ་ཆས་གོང་། ངེད་གཉིས་ཀྱི་རླངས་འཁོར་སྒང་དུ་དུས་རྒྱུན་དུ་བོད་སྐྱོབས་རོགས་ཟེར་བའི་དབྱིན་ཡིག་གི་སྤྱར་བྱང་དེ་འདྲ་ཞིག་ཡོད་ཀྱང་། དེ་རིང་ངས་བོད་ཀྱི་རྒྱལ་དར་ཞིག་རླངས་འཁོར་གྱི་ཟུར་དེར་བཏགས་ནས་ངེད་གཉིས་ནུབ་ཕྱོགས་སུ་ལམ་ལ་བུད་པ་ཡིན།
ལམ་བར་དུ་ང་རང་གིས་རླངས་འཁོར་གྱི་སྒེའུ་ཁུངས་ལས་བོད་ཀྱི་རྒྱལ་དར་དེ་རླུང་ཤུགས་ཀྱིས་ལྷབ་ལྷབ་གཡོ་བཞིན་པ་དེར་བལྟ་ཞོར་དུ་རང་ཉིད་ལ་རྒྱབ་ཁབ་ཞིག་ཡོད་ན་རང་གི་རྒྱལ་དར་དེ་གང་སར་བཙུགས་ཆོག་མོད། རེད་དེ། དེ་རིང་ང་རང་རྒྱལ་ཁབ་གཞན་ཞིག་དུ་བོད་ཀྱི་རྒྱལ་དར་མཐོང་མྱོང་མེད་པའི་ས་ཞིག་ནས་རང་གི་རྒྱལ་ཁབ་ཀྱི་དར་ཆ་རང་གི་རླངས་འཁོར་སྟེང་ནས་རླུང་གི་བསྐྱོད་པ་མཐོང་དུས་ཀྱང་། སེམས་ལ་སྤྲོ་སྣང་ཞིག་སྐྱེ་ཞོར་དུ་འཁྲིས་ཀྱི་རང་གི་བུ་མོ་བལྟ་ཞོར་དུ་བསམ་གཞིགས་མང་བོས་དུ་དགའ་རོགས་མར་ཁ་བརྡ་རེ་བྱེད་ཞོར་དུ་སྣུམ་ནག་གི་གཞུང་ལམ་སྟེང་ནས་མུ་མཐུད་དུ་ཕྱིན་པ་ཡིན།
ལམ་བར་དུ་ཁོ་མོའི་ཉེ་འབྲེལ་ཞིག་གི་ཁྱིམ་དུ་སོང་ནས་དེ་རུ་ངལ་གསོ་ཞིག་བྱེད་ཀྱིན་མངར་ཟས་ཀྱི་རིགས་ཁ་ཤས་ཤིག་ཟ་ཞོར་དུ་ང་ཚོས་ཁ་བརྡ་བྱས་པ་ཡིན། རྒན་པོ་དེ་ནི་ལོ་ན་དྲུག་བཅུ་ལས་བརྒལ་ཡོད་པ་དང་། ཁོ་རང་གི་ཆེད་ལས་ནི་རྒྱལ་ཁབ་འདིའི་གཞུང་འབྲེལ་གྱིས་སོ་ནམ་སློབ་སྤྱོང་གི་སྐོར་ལ་ཁོ་རང་ལོ་ངོ་གཉིས་ཀྱི་གོང་བར་དུ་ཤར་ཏུ་ཀི་སི་ཐན་ལ་ལས་ཀ་བྱེད་དུ་སོང་བ་ཞིག་རེད་འདུག་པ་དང་། ཁོ་རང་གི་རྒན་མོས་ཀྱང་དེ་མཚུངས་དེ་ནས་རྒན་པོའི་དྲིན་ལ་ཞོར་དུ་དེ་ནས་སྐྱིད་རྒྱབ་དེ་བསྡད་པ་ཞིག་རེད་འདུག རྒན་མོས་དེས་རྒྱ་སྐད་ཀྱི་སྟེང་ནས་ཁྱོད་བདེ་མོ་ཟེར་བ་དང་རྒྱ་སྐད་ཁ་ཤས་ཤིག་ཤེས་ཀྱི་འདུག
རྒན་མོས་ང་རང་ལ་ཁྱེད་རང་གིས་རང་གི་བུ་མོ་རང་གི་སྐད་བཤད་ཀྱི་ཡོད་དམ་ཟེར་ནས་དྲིས་སོང་། ངས་ཡིན་ང་རང་གི་སྐད་རྒྱུན་དུ་བཤད་ཀྱི་ཡོད། ཁོ་རང་གི་ཨ་མས་རྒྱུན་དུ་ཧེས་པོས་བཤད་ཀྱི་ཡོད་པ་རེད། ངེད་གཉིས་ཀྱི་བར་ནས་དབྱིན་སྐད་ཀྱི་ཁ་བརྡ་བྱེད་ཀྱི་ཡོད་པ་རེད། ཡང་བསྐྱར་ཁོ་མོས་དེས་ན་ཁྱེད་རང་གི་སྐད་དེ་ནི་རྒྱ་སྐད་རེད་མོད་ཟེར།
སྐབས་དེར་ངས་ཁོ་མོ་བོད་ནི་རྒྱ་དང་སྐད་ཡིག་གོམ་གཤིས་གང་ཕྱོགས་ནས་ཐ་དད་ཡིན་པ་དང་རྒྱལ་ཁབ་ཀྱང་གཅིག་པ་མ་རེད། དེང་དུས་སུ་ཁྱེད་ཅག་གིས་དུས་རྒྱུན་དུ་ཐོས་བཞིན་པ་དེ་ནི་རྒྱ་ནག་གི་ཆབ་བསྒྲགས་བྱས་པ་དེ་དག་རེད། དེ་དག་ལ་གལ་སྲིད་ཡིད་ཆེས་བྱས་པ་ཡིན་ན་ནི། ང་རང་ཡང་བོད་མ་ཡིན་པ་ཆགས་པ་རེད་ཅེས་ཞུས་པ་ཡིན། དེ་དུས་ཁོ་མོས་ངས་ཁྱེད་རང་ལ་དེ་ལྟར་བཤད་པ་དེས་ཁྱེད་རང་ཁོང་ཁྲོ་སྐྱེ་སོང་ངམ་ཟེར། ངས་དཔེ་མི་སྲིད། དེ་འདྲ་ཙམ་གྱིས་ང་རང་ཁོང་ཁྲོ་ཞིག་གཏན་ནས་སྐྱེ་མི་སྲིད། ཁྱེད་རང་གིས་མ་ཤེས་པ་རེད། ངས་དེ་ལ་འགྲེལ་བཤད་ཙམ་ཞུས་པ་ཡིན།
དེ་དུས་རྒན་པོ་དེས་ང་རང་ལ་ངའི་ནང་མིའི་སྐོར་དྲིས་སོང་། ངས་རང་གི་ནང་མིའི་སྐོར་ཞིབ་དུ་ཞུས་པ་ཡིན། དེ་དུས་ཁོས་ང་རང་ལ་ས་ཁྲ་ཞིག་ཁུར་ཡོང་ནས་ཁྱེད་རང་གི་ཕ་མ་ཚོ་གང་ནས་ཡོང་བ་རེད་ཟེར། ངས་ས་ཁྲའི་སྟེང་གི་བོད་ཟེར་བ་དེ་ཡི་སྐོར་ལ་ཞིབ་དུ་བལྟས་ཀྱང་། སྟོད་ཕྱོགས་ཙམ་ལ་རྒྱ་ནག་གི་ཞིས་ཙང་{ནུབ་ཕྱོགས་ཀྱི་བོད།}མ་གཏོགས་རྙེད་ཀྱི་མི་འདུག་སྟབས། ངས་རྒྱ་ནག་གི་གྲོང་ཁྱེར་ལན་ཀྲུག་ཟེར་བ་དེ་རྙེད་སོང་བས། ང་རང་དེ་ཡི་ཐག་ཉེ་ནས་ཡོང་བ་རེད་ཅེས་བཤད་དུས། ཁོས་མགོ་བོ་ཐད་དུ་གཡུགས་ནས། དེ་ནི་རྒྱ་ནག་གི་ས་དཀྱིལ་ཞིག་རེད་ཟེར། ངས་དེ་འདྲ་གཏན་ནས་མིན་ཚུལ་དང་གལ་སྲིད་དེ་འདྲ་ཞིག་ཡིན་དགོས་བྱུང་བ་ཡིན་ན་ནི་ང་རང་ཡང་བོད་མིན་པ་ཆགས་པ་རེད་ལ། ང་རང་གི་ཕ་མ་དེ་ཚོ་ཡང་བོད་མ་རེད། དེ་འདྲ་ཡིན་དུས་ངས་རྒྱ་སྐད་བཤད་པ་དང་རྒྱ་ཡིག་འབྲི་བ་སོགས་བྱེད་དགོས་ཀྱི་ཡོད་མོད། དེ་འདྲ་ཞིག་གཏན་ནས་མིན། ལྷག་པར་དུ་ཁྱེད་རང་གི་ད་ལྟ་གསུངས་བས་ཞ་ཧོ་ཞན་{བསང་ཆུ་རྫོང་། བླ་བྲང་། }ཟེར་བ་དེ་ནི་རྒྱ་མིང་ཡིན་པ་དང་། ང་རང་གི་སྐྱེ་ཡུལ་ཡང་རེད། དེ་རུ་དགོན་པ་ཆེན་པོ་ཞིག་འདུག་ཟེར་བ་དེ་ནི་བོད་ཡུལ་རེད་ལ། དེ་ནས་མར་ས་ལེ་བར་དྲུག་བཅུ་བདུན་བཅུ་མཚམས་སུ་རྒྱ་བོད་ཀྱི་ས་མཚམས་ཡོད་པ་རེད། འོན་ཀྱང་། རྒྱ་ནག་སྲིད་གཞུང་གིས་དུས་ནམ་ཡང་དེ་རུང་རྒྱ་བོད་ཀྱི་ས་མཚམས་སུ་འཁེལ་ཡོད་པ་གཏན་ནས་གླེང་གི་ཡོད་པ་མ་རེད།
རྒན་པོ་དེས། དེས་ན་ཁྱེད་ཅག་ད་ལྟ་རྒྱ་ནག་གི་ཆ་ཤས་རེད་མོད། ངས་དེ་ནི་ད་ལྟ་ཁྱེད་ཅག་གི་རྒྱ་ནག་མི་མང་གི་གཏམ་དཔེ་ལ་སྐྱག་རྫུན་ཞིག་བདེན་པར་གཏོང་དགོས་པ་ཡིན་ན་ཐེངས་བརྒྱ་ལ་ཤོད་ཟེར་སྲོལ་ཡོད་པ་ལྟར། ཁོང་ཚོས་དུས་རྒྱུན་དུ་ཆབ་བསྒྲགས་འདྲ་མིན་བྱས་པ་དེར་ཡིད་ཆེས་བྱས་པས་རེད་ལ། ལྷག་པར་དུ་ཁྱེད་ཅག་གིས་དུས་རྒྱུན་དུ་ཚོང་དང་ཁེ་ཕོག་མ་གཏོགས་འགྲོ་བ་མིའི་སྐྱིད་སྡུག་ལ་བསམ་བློ་མ་བཏང་བས་སྐད་ཆ་རེད། ལོ་རྒྱུས་སྟེང་ནས་བོད་འདི་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པ་དེ་ནི་སུས་ཀྱང་འགྱུར་བ་གཏོང་ཐུབ་ཀྱི་མ་རེད། དེ་ཡིན་དུས་དེང་སང་ང་ཚོའི་མི་དམངས་བཙན་གནོན་འོག་ཡོད་པ་དེར་བོད་བཙན་བྱོལ་གཞུང་དང་རྒྱ་གཞུང་བར་ཐེངས་མང་གྲོས་མོལ་བྱས་ཀྱང་། ད་ལྟ་རྒྱ་ནག་སྲིད་གཞུང་གིས་སྐད་ཆ་ཡག་པོ་ཞིག་གཏན་ནས་བཤད་མེད་པ་རེད། ང་ཚོས་དངོས་ནས་༧གོང་ས་མཆོག་གི་ལམ་སྟོན་འོག་བདུན་བཅུ་དོན་དགུ་ལོ་ནས་གཉིས་ཕན་གྱི་ལམ་ལ་ཞུགས་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་དེ་ལ་ཡང་ཡིད་ཆེས་གཏན་ནས་གནང་གི་ཡོད་པ་མ་རེད་ཅེས་བཤད་པ་ཡིན།
སྐབས་དེར། རྒན་མོས་དེ་ནི་བདེན་པ་རེད་དམ་ཟེར་ནས་ཁོས་རྒན་པོ་ལ་དྲིས་སོང་། རྒན་པོས་རེད་རེད། ལོ་རྒྱུས་ཀྱི་སྟེང་ནས་རྒྱ་བོད་གཉིས་གཏན་ནས་རིག་གཞུང་དང་གོམ་གཤིས་གང་ཡིན་ཡང་མི་འདྲ་བ་རེད་ཅེས་བཤད་སོང་། དེ་དུས་ངས་ཀྱང་རང་གི་ཁུར་རོ་ཞིག་རྒྱབ་ནས་བླངས་པ་ལྟར། ཁ་རོག་གེར་རང་གི་བུ་མོ་ལ་རྩེད་རོགས་འདྲ་བྱས་དེ་ཁོང་ཚོས་སྐད་ཆ་དོན་དག་མེད་པ་འགའ་ལ་རྣ་བ་གཏད་དེ་བསྡད་པ་ཡིན།
ས་རུབ་ཁར་ངེད་གཉིས་སླར་ཡང་ནུབ་ཕྱོགས་སུ་ལམ་ལ་ཆས་དགོས་སྟབས། མི་ཚང་དེ་ནས་སྒོ་རུ་བུད་དེ་ཡོང་དུས། ཨ་མ་རྒན་མོ་དེ་ངེད་གཉིས་བསྐྱེལ་དུ་ཡོང་ནས་ང་རང་ལ་བདེ་མོ་བྱོས། རྗེས་ཕྱོགས་ག་དུས་ཁོམ་ན་ངེད་ཚང་དུ་ཤོག དགའ་བསུ་ཡོད་ཟེར་བ་དང་ངའི་འགྲམ་ངོས་སུ་ཁོང་ཚོའི་ལུགས་སྲོལ་ལྟར་ཞོ་ཞིག་བྱས། དེ་དུས་ང་ཚོ་རླངས་འཁོར་གྱི་འགྲམ་དུ་སླེབས་ཡོད། ངས་ཁོ་མོ་རང་གི་རླངས་འཁོར་སྟེང་གི་རྒྱལ་དར་བསྟན་ནས། འདི་ང་ཚོ་བོད་ཀྱི་རྒྱལ་དར་རེད་ཅེས་བཤད་པ་ཡིན།
རྗེས་མར་ས་གང་ན་འགྲོ་ན་ཡང་སྒོའུ་སྒལ་ནང་དུ་ཡོད་པའི་བོད་དེ་རྒྱ་ནག་ལས་ལོགས་ཀ་ཅན་གྱི་ས་ཁྲ་ཚོན་ཁྲ་དེ་འདྲའི་འདྲ་བཤུས་ཏོག་ཙམ་ཆེན་པོ་རེ་འཁྱེར་རྒྱུ་རྗེད་དང་། བོད་དེ་གང་ན་ཡོད་དང་རྒྱ་ནག་དེ་གང་ན་ཡོད་འགྲེལ་བཤད་རྒྱག་བདེ་བོ་ཞེ་དྲགས་འདུག ངས་འདི་ནས་སློབ་གྲྭར་འགྲོ་དུས་དེ་འདྲ་རེ་འཁྱེར་བཞིན་ཡོད་ལ། འཛམ་གླིང་གང་ས་ནས་ཡོང་བའི་སློབ་ཕྲུག་སྤྱི་དང་ཁྱད་པར་དུ་རྒྱ་མིའི་སློབ་ཕྲུག་ཚོའི་མདུན་ནས་བོད་རྒྱའི་ས་མཚམས་དེ་སྟོན་གི་ཡོད། འཁྱེར་རྒྱུ་མ་རྗེད་དང་།
བཟང་གི་བཟང་གི མི་གཅིག་གིས་བོད་དོན་འདི་མི་བཅུ་ལ་བཤད་ན། མི་བཅུས་མི་བརྒྱ་ལ་བཤད་སྲིད། མི་བརྒྱས་མི་སྟོང་ལ་བཤད་སྲིད། མི་སྟོང་གིས་མི་ཁྲི་ལ་བཤད་སྲིད། དེས་ན་ཁྱབ་སྒྲོག་ལེགས་པོ་ཞིག་ཡོང་སྲིད་དོ། །
ལྷ་ཀླུ་གཉན་གསུམ་ལ་ནི་མངོན་པར་བསྟོད།།
ལྷ་ཀླུ་གཉན་གསུམ་ལགས། སྐུ་བདེ། ཉིད་ནས་འདི་ལྟར་མ་སྐུལ་དང་བླང་གི་རང་རིགས་ལ་ཞེན་པའི་བོད་དོན་སྤེལ་ང་ཚོ་ཚང་མར་སྐུལ་འདེད་ཞིག་གམ།
ཚང་མས་དེ་ལྟར་བྱེད་དགོས་པའི་ཀུན་སློང་ཞིག ང་ལ་ངང་ངམ་གྱིས་སྐྱེ་འོང་ཤིན་ཏུ་ལེགས་ད་དུང་ཚང་མར་འདི་ལྟ་བུའི་ལམ་སྟོན་གནང་རོགས།
ཆབ་བསྒྲགས་ཟེར་བ་དེ་ཁྱབ་བསྒྲགས་ལ་ནོར་བ་ཡིན་ཚུལ་འདུག་ཀྱང་། ཆབ་སྲིད་དྲིལ་བསྒྲགས་ཀྱི་བསྡུས་ཚིག་ལྟ་བུར་གྱུར་འདུག དེང་སྐབས་བཙན་བྱོལ་ན་བསྡུས་ཚིག་འདིའི་རིགས་རྒྱུན་དུ་མཐོང་རྒྱུ་ཡོད།
བྲིས་པ་ལེགས་པོ་འདུག
ཚོར་སྣང་མིན་པར་དོན་དངོས་ཡིན་ན་ཧ་ཅང་ཡག་པོ་འདུག
ལྷ་ཀླུ་གཉན་གསུམ་ལགས་། ཁྱོད་ཀྱི་རྩོམས་ཡིག་དེ་མགོ་ནས་ཀློག་སྐབས་དོན་དག་འདི་འདྲ་ཞིག་ཏུ་བློར་ཡང་བྱུང་མེད། འོན་ཀྱང་རྒན་མོ་དེས་དྲི་བ་ཡང་ལྠིད་མོ་ཞིག་དྲིས་འདུལ་ལ་། ཁྱོད་ཀྱིས་ཀྱང་ལན་མཐུག་པོ་ཞིག་རྒྱབ་འདུག།
བུ་རྒོད་པོ་འབྲོང་གི་སྐེ་ཚིགས་ཅན་། སྟར་ཤ་ར་སོང་ན་དོན་ཞིག་བསྒྲུབ་།
འདི་ནི་དོན་དངོས་ཤིག་ལས། ཚོར་སྣང་མིན། ངས་དེང་སང་དོན་དངོས་ལ་ཤུགས་ཆེན་པོ་བཟུང་དེ་འབྲི་བཞིན་ཡོད་ལ། ལྷག་པར་དུ་རང་ཉིད་ཀྱི་རྐང་ལམ་འོག་གི་སྐྱིད་སྡུག་དངོས་དེ་གླེང་བཞིན་འགྲོ་བཞིན་ཡོད་ལགས། དེ་རིང་གཞི་ནས་གུང་གསེང་ལ་ཕྱི་རོལ་གྱི་རང་བྱུང་ཁོར་ཡུག་གི་ཁྲོད་དུ་གློག་དང་ཁ་པར། གློག་ཀླད། བརྙན་འཕྲིན་སོགས་གང་ཡང་སྟབས་མི་བདེ་ས་ཞིག་ལ་ཕྱིན་ནས་གནའ་བོའི་འཚོ་བ་ཞིག་ལ་རོལ་ནས་བོད་རིགས་གྲོགས་པོ་འགའ་དང་ལྷན་དུ་བསྡད་པ་ཡིན། དོ་ནུབ་ཕྱིར་ནང་དུ་འབྱོར་མ་ཐག སྤུན་ཟླ་དག་གིས་ཉིན་མ་འདི་དག་གི་རིང་ལ་ག་རེ་གསུངས་ཡོད་དམ་སྙམ་ནས་རང་གི་ཁྱིམ་དུ་སྐོར་ཉུལ་ཞིག་བྱས་པ་ཡིན།