གཙང་ཞོལ་བདེ་གསལ།
ལུང་པ་བྱང་ལ་འཁོར་བའི་དུར་ཁྲོད་ན།།
སྙིང་སྡུག་གཟན་ལ་བྱིན་པའི་སྐྱོ་གདུང་འཐིབས།།
འཇག་རླུང་ཤུར་ཤུར་རེ་རེའི་འཕང་ཐང་ན།།
མི་ཚེའི་ལས་དབང་གཉོམ་པོའི་ངུ་སྐད་གྲགས།།
སྟོད་ཀྱི་རྫ་རོང་རྩུབ་མོའི་རི་རྒྱུད་ན།།
འབྲོང་ཁྱུའི་གཤར་ལམ་སྐྱ་མོ་སྨིག་པས་བཟུངས།།
འདབ་ཀྱི་དགྲ་བོའི་སྒྱོགས་མདེལ་སོ་བར་ན།།
བྲེ་སེར་སྲོག་ལ་རྔམ་པའི་སྡང་མིག་ཅེར།།
ལུ་གུའི་མེ་ཏོག་བཞད་པའི་ཆུ་འགྲམ་ན།།
ཆུང་གྲོགས་སྙིང་ཆུང་འདྲེས་པའི་ཞེ་འདང་ཆེ།།
མི་ཁའི་རླུང་འཚུབ་བཙན་པོའི་དབང་འོག་ན།།
བརྩེ་བའི་མེ་ཏོག་གཏོར་བས་སྙིང་རླུང་ལྡང་།།
མཐོང་སྨོན་གླིང་ས་དཀར་པོའི་ཁུག་པ་ན།།
དཔའ་བའི་གཏམ་རྒྱུད་ཅིག་གིས་རང་སེམས་བསྟད།།
མཱ་ཇག་དམག་ལ་རྒོལ་བའི་གཡུལ་ས་ན།།
རྨ་ཆུ་ཁྲག་གིས་བཞུར་བའི་ཤ་འཁོན་གཟེད།།
བཞུགས་སྒར་རྡ་རམ་ས་ལའི་རི་གྲོང་ན།།
སེམས་ཁ་ནུབ་ལ་ཤོར་བའི་དངངས་འཚབ་ལངས།།
འདོད་པའི་རྨི་ལམ་དེ་ཡི་ཕ་མཐའ་ན།།
ལུས་སེམས་གཞན་ལ་འགྱུར་བའི་སྤྲུལ་པ་མང་།།
བྱིས་པའི་རྨི་ལམ་མཚར་པོའི་ར་བར་ན།།
རེ་བས་ཀི་ཆུང་བཏབ་སྟེ་སྣང་བ་སྤུར།།
དར་མའི་མིག་རྒྱང་གང་གི་ཁ་བར་ན།།
ཕོ་རུས་ཤེད་ཀྱིས་འཕར་ཏེ་ལོ་ཟླ་ཤོར།།
མི་ཚེ་མི་ཚེ་འདི་ལྟར་ཤོར་ནས་འགྲོ།།
རྒན་པ་ཡི་མུག་སྟོང་གི་མནར་ནས་འགྲོ།།
གཞོན་པ་ཞེ་སྡང་ཁྲག་གིས་རྨས་ནས་འགྲོ།།
ང་རང་ཁྱེད་ཚོའི་མདུན་དུ་ངུས་ནས་འགྲོ།།
༢༠༡༤/༦/༣༠ ཉིན་གཙང་ཞོལ་བདེ་གསལ་གྱིས་རྡ་རམ་ས་ལར་བྲིས།
ཁྱོད་ཀྱི་སྲོལ་རྒྱུན་སྙན་ངག་དེ་དག་བཀླགས་སྤྲོ་པོ་བྱུང་། ཁ་བརྡའི་དྲ་ཐོག་ཏུ་ཁམས་སྐད་ཀྱི་ཐོག་ནས་སྲོལ་རྒྱུན་སྙན་དག་འབྲི་མཁན་རྣམ་གྲོལ་གླིང་གི་གྲྭ་པ་ཞིག་དང་གཙང་སྐད་ཀྱི་ཐོག་ནས་འབྲི་མཁན་གཙང་པའི་ཨོ་ལོ་ཁྱོད་གཉིས་ཀྱི་སྙན་ངག་གི་དཔེར་བརྗོད་བརྒྱབ་སྟངས་ལ་སེམས་པ་ཏོག་ཙམ་ཤོར་གྱི་འདུག་པས་མཆན་ཞིག་བྲོས།
རྫས་སྟོད་བྲེ་སེར་འབྲོང་མོའི་ཧ་སྒྲ་ཡོད།
གངས་སྟོད་སེང་གེ་དཀར་མོའི་རྐང་རྗེས་ཡོད།
གཙང་འགྲམ་བཙན་པོའི་དམག་རྟའི་རྨིག་སྒྲ་ཡོད།
དེར་དུས་གཙང་པའི་ཨོ་ལོ་སྐྱིད་དུས་རེད།
རྫས་སྟོད་བྲེ་སེར་འབྲོང་གི་ཧ་སྒྲ་ཉམ།
གངས་སྟོད་སེང་གེ་དཀར་མོའི་རྐང་རྗེས་བོར།
གཙང་འགྲམ་ལྷ་རྟ་རྐྱང་པོའི་རྨིག་སྒྲ་ཡལ།
དེར་དུས་གཙང་པའི་རྒྱལ་སྲིད་ཤོར་དུས་རེད།།
ཧཧཧ། ཐུགས་རྗེ་ཆེ།