ཡོང་ཁུངས། བོད་ཀྱི་བང་ཆེན།
རྩོམ་པ་པོ། ལི་ཅང་ལིན། དྲུང་འཕར་ཀུན་དགའ་བཀྲ་ཤིས་ཀྱིས་བོད་བསྒྱུར་བྱས།
རྒྱ་ནག་གུང་བྲན་གྱིས་ཤུགས་ལྡན་གྱི་གནད་དོན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁ་བྲལ་གཏོང་རྒྱུར་བེད་སྤྱོད་བཏང་བ།
—— ཤུགས་ལྡན་གནད་དོན་ལ་བདག་གི་བལྟ་སྟངས།
༄༅། ཕྱི་ལོ་ ༡༩༧༠ ལོ་ནས་བཟུང་ “ཤུགས་ལྡན་” གྱི་གནད་དོན་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་རྩོད་གཞི་ཆེ་བའི་གནད་དོན་ཞིག་ཏུ་གྱུར་ཡོད། ལོ་རབས་ ༧༠ པའི་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་ “ཤུགས་ལྡན་” བསྟེན་གསོལ་བྱེད་མི་རུང་བའི་བསླབ་བྱ་གནང་བ་དེ་ཤུགས་ལྡན་ལ་དད་པ་བྱེད་མཁན་ཁག་ཅིག་གི་སྣང་བར་མ་ཕྱིན་པར་ཏཱ་ལའི་བླ་མས་ཁོང་ཚོའི་ཆོས་དད་རང་དབང་འཕྲོག་སོང་ཞེས་བཤད་ནས་གཞི་རྒྱ་ཆུང་བའི་ངོ་རྒོལ་བྱེད་འགོ་བཙུགས། ཕྱི་ལོ་ ༡༩༩༠ བཟུང་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེ་རུ་བཏང་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོའི་རྗེས་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཨ་རི་དང་། ཡོ་རོབ་སོགས་རྒྱལ་ཁབ་ཁག་ནང་བཀའ་ཆོས་གནང་སྐབས་དང་། མང་ཚོགས་ལ་གསུང་བཤད་གནང་སྐབས་ཤུགས་ལྡན་བསྟེན་མཁན་(དེའི་ནང་ནུབ་ཕྱོགས་པ་ཁ་ཤས་ཚུད་ཡོད།)གྱིས་ཚོགས་ཁང་གི་ཕྱི་རུ་ཏཱ་ལའི་བླ་མ་མཆོག་ལ་དམའ་འབེབས་ཀྱི་སྐད་འབོད་བྱེད་པ་དང་། ཉེ་བའི་ལོ་ཤས་ནང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་དེ་སྔོན་མ་ལས་ཤུགས་ཆེ་རུ་བཏང་ཡོད་པ་ངས་ཐེངས་ཁ་ཤས་དངོས་སུ་མཐོང་བ་མ་ཟད། ངོ་རྒོལ་གྱི་རྣམ་པར་ཡང་འགྱུར་བ་སོང་ཡོད་པའི་མཐོང་ཚུལ་བྱུང་།
ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༩ པར་ང་རང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་མན་ཧ་ཀྲིན་ཁུལ་དུ་ཡོད་པའི་ཚོགས་ཁང་ཞིག་ཏུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གསུང་ཆོས་ལ་བཅར་བ་ཡིན། སྐབས་དེར་ས་གནས་ཉེན་རྟོག་པས་ཚོགས་ཁང་ཕྱི་ལོགས་ཀྱི་ཟུར་ཅིག་ལ་རྭ་བ་ཆུང་ཆུང་ཞིག་བསྐོར་ནས་ཤུགས་ལྡན་བསྟེན་མཁན་ཁ་ཤས་ལ་ཟུར་བཅད་ས་ཆ་ཞིག་སྤྲད་འདུག ཁོང་ཚོས་འཕྲེད་དར་ཞིག་དཔྱང་ཞིང་། མི་དར་མ་ཞིག་གི་སྣེ་འཁྲིད་འོག་སྐད་འབོད་བྱེད་ཀྱི་འདུག ཉེ་བའི་ལོ་ཤས་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་དང་། གསུང་ཆོས་ག་དུས་གནང་ཡང་ཤུགས་ལྡན་བསྟེན་མཁན་གྱིས་ངོ་རྒོལ་སྐད་འབོད་བྱེད་ཀྱི་ཡོད་པ་དང་། མི་ཚོས་ཀྱང་ཡང་ཁོང་ཚོ་རེད་བསམ་ནས་ཡ་མཚན་བྱེད་ཀྱི་མེད། དེ་ཉིན་མི་གྲངས་སྟོང་ཚོ་ཁ་ཤས་ཀྱིས་ཚོགས་ཁང་གི་ཕྱི་ལ་རུ་བསྟར་སྒྲིག་བཞིན་ཚོགས་ཁང་ནང་འཛུལ་རྒྱུ་སྒུག་ནས་བསྡད་ཡོད་པ་དང་། དར་མ་དེས་ “ཏཱ་ལའི་བླ་མ་་་་ ” ཞེས་སྐད་འབོད་བྱེད་སྐབས། རུ་བསྟར་ནང་ཡོད་པའི་མི་གྲངས་བརྒྱ་ཕྲག་ཁ་ཤས་ཀྱིས་དེ་མ་ཐག་ “ཁྲི་ལོར་བརྟན་པར་ཤོག” ཅེས་སྐད་རྒྱག་གི་འདུག་པ་འདིས། ཤུགས་ལྡན་བསྟེན་མཁན་ཚོའི་ངོ་རྒོལ་དེ་བསྟན་བཤིག་ཚ་པོ་ཞིག་ཆགས་སོང་།
ཕྱི་ལོ་ ༢༠༡༤ ལོའི་ཟླ་བ་ ༨ ཟླ་མཇུག་ལ་ང་རང་འཇར་མན་གྱི་གྲོང་ཁྱེར་ཧན་སྦག་ཏུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་རྒྱལ་སྤྱིའི་རྒྱ་བོད་ཚོགས་འདུར་བཅར་ཞིང་། སྐབས་དེ་དུས་ཡང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་གསུང་བཤད་ཉན་པར་བཅར་རྒྱུའི་གོ་སྐབས་བྱུང་། ཤུགས་ལྡན་བསྟེན་མཁན་ཚོས་ཚོགས་ཁང་ཕྱི་ལོགས་ཀྱི་ལམ་སྟེང་དུ་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་ཀྱི་འདུག འོན་ཀྱང་དེའི་སྐབས་ཀྱི་གནས་སྟངས་དེ་དེ་སྔ་དང་བསྡུར་ན་ཏོག་ཙམ་མི་འདྲ་བ་ཞིག་འདུག་པ་ནི། ངོ་རྒོལ་བྱེད་མཁན་མི་གྲངས་བརྒྱ་སྐོར་ཞིག་འཛོམས་ཡོད་པའི་ཁོངས་གཙོ་བོ་ཕྱི་རྒྱལ་མི་རིགས་གཙོ་བོ་ཡིན་ཞིང་། ཁ་ཤས་ཀྱིས་ད་དུང་གྲྭ་ཆས་གྱོན་འདུག
ཁོང་ཚོས་འཕྲེད་དར་འཐེན་པ་དང་། ཚོས་གཞི་སྣ་ཚོགས་ཀྱི་སྦྱར་ཡིག་འཁྱེར་བ། སྒྲ་བསྐྱེད་རྒྱང་བསྒྲགས་ཁ་ཤས་འཁྱེར་ནས་སྐད་འབོད་ཀྱི་སྒྲ་ཤུགས་ཆེད་མངགས་ཆེན་པོ་བཟོ་ཐབས་བྱེད་པ་དང་། དེའི་ཁྲོད་ནས་ཁ་ཤས་ཀྱིས་སྐད་འབོད་ཀྱི་སྒྲ་དང་བསྟུན་ནས་རྐང་འཁྲབ་ལག་འཁྲབ་བྱེད་ཀྱི་འདུག་པ་དེས། ཁོང་ཚོ་ནི་དྲན་པ་གཟིར་བ་ནང་བཞིན་ཆགས་ཡོད་པ་གསལ་པོ་འདུག ལོ་དེའི་ཕྱི་ཟླ་༡༡ པར་ངས་ནིའུ་ཡོག་གྲོང་ཁྱེར་གྱི་མན་ཧ་ཀྲིན་ཁུལ་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་རྒྱ་རིགས་དད་ལྡན་ཁེར་གཙང་ལ་ཆོས་འབྲེལ་གནང་སར་བཅར་བ་ཡིན། དེའི་སྐབས་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་ཤུགས་ལྡན་བསྟེན་མཁན་དེ་ཚོ་སྔར་བས་སྐད་ཅོར་ཆེ་བ་དང་། མི་གྲངས་མང་ཉུང་ཐད་གསུང་ཆོས་ལ་བཅར་མཁན་གྱི་མི་གྲངས་དང་བསྡུར་ཐབས་གཏན་ནས་མེད་ཀྱང་། སྐད་སྒྲ་ཆེན་པོ་སྒྲོག་པ་དེས་སྟོབས་ཤུགས་ཆེ་མདོག་ཁ་པོ་མཐོང་གི་ཡོད།
ཤུགས་ལྡན་གྱི་སྔོན་མ་དང་ད་ལྟ།
ཤུགས་ལྡན་ནམ་དོལ་རྒྱལ། རྡོ་རྗེ་ཤུགས་ལྡན་སོགས་འབོད་སྟངས་མི་འདྲ་བ་ཁ་ཤས་ཡོད་པ་ལྟར་རྒྱ་ཡིག་ནང་དུའང་འབྲི་སྟངས་སྣ་ཚོགས་ཤིག་འདུག ཤུགས་ལྡན་བསྟེན་དང་མི་བསྟེན་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པ་ནང་ཁུལ་གྱི་མི་ལོ་བཞི་བརྒྱར་ཉེ་བའི་རྩོད་གཞི་ཅན་གྱི་གནད་དོན་ཞིག་ཡིན་པ་དང་། ཆོས་ལུགས་རིག་པའི་ཐད་ནས་བཤད་ན། དེ་ནི་དགེ་ལུགས་པའི་ཁྲོད་ཀྱི་ཆོས་ལོག་(Cult)བྱེད་མཁན་གྱི་རྗེས་འབྲངས་པ་རེད་ཅེས་བརྗོད་ཆོག ཤུགས་ལྡན་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་ནས་བྱུང་ཞིང་། བོད་ཡིག་གི་ལོ་རྒྱུས་ཡིག་ཆར་གཞིགས་ན། ཤུགས་ལྡན་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་མི་མཐུན་ཞིང་། དྭོགས་གཞི་སྣ་ཚོགས་འོག་འདས་གྲོངས་སུ་གྱུར་བའི་ལོ་རྒྱུས་མི་སྣ་ཞིག་གི་ཡང་སྤྲུལ་ཡིན་པ་དང་། ཤུགས་ལྡན་གྱི་འབྱུང་ཁུངས་གང་འདྲ་ཡིན་མིན་བོད་ཡིག་གི་ཡིག་ཆ་ཁ་ཤས་ནང་གསལ་ཡོད་ལ། དམངས་ཁྲོད་དུ་ཤོད་སྲོལ་ཡང་འདྲ་མིན་ཡོད་པ་ཞིག་རེད་འདུག དེའི་ཐོག་ནས་ཤུགས་ལྡན་གྱི་རྩོད་གཞི་ནི་དེང་སང་ཐོན་པའི་གནས་ཚུལ་གསར་པ་ཞིག་མིན་པར། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་ནས་དགེ་ལུགས་པ་ནང་ཁུལ་དུ་བྱུང་བའི་གནས་ཚུལ་རྙིང་པ་ཞིག་ད་བར་ལྷགས་བསྡད་པ་ཅིག་ཡིན་པ་མཐོང་ཐུབ།
ཤུགས་ལྡན་དང་། ཤུགས་ལྡན་བསྟེན་གསོལ་གྱི་བྱུང་རབས་ལོ་རྒྱུས་སྐོར་མཁས་པའི་ཞིབ་འཇུག་རྩོམ་ཡིག་མི་ཉུང་བ་ཞིག་བོད་ཡིག་དང་། དབྱིན་ཡིག་ནང་པར་སྐྲུན་བྱས་ཡོད་ལ། ཁག་ཅིག་རྒྱ་ཡིག་གི་ནང་དུ་ཡང་ཡོད། ཡིག་ཆ་དེ་ཚོའི་ཐོག་ནས་ཤུགས་ལྡན་བསྟེན་མཁན་བྱུང་ནས་བཟུང་ཤུགས་ལྡན་ནི་དགེ་ལུགས་པ་ཡོངས་ཀྱིས་བསྟེན་གསོལ་བྱེད་པའི་ལྷ་སྲུང་དུ་གྱུར་མེད་པར། ད་བར་རྩོད་གཞི་ཅན་དུ་གནས་ཡོད་པ་གསལ་པོ་ཡིན་ལ། ལོ་རྒྱུས་ཐོག་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་། བརྒྱད་པ། བཅུ་གསུམ་པ། དེ་བཞིན་ས་སྐྱ་དང་། དགེ་ལུགས། བཀའ་བརྒྱུད། རྙིང་མ་བཅས་ཀྱི་བླ་ཆེན་མང་པོས་མངོན་གསལ་གྱི་སྒོ་ནས་ཤུགས་ལྡན་བཀག་སྡོམ་མཛད་པའང་གསལ་པོ་ཡིན།
ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་ཀྱང་། ” ངོས་ནས་དེ་སྔ་ཤུགས་ལྡན་བསྟེན་པ་ཡིན། རང་ཉིད་ཀྱི་ཉམས་མྱོང་དངོས་དང་། ཤུགས་ལྡན་གྱི་བྱུང་རབས། དེའི་ངོ་བོ་བཅས་ལ་ཡུན་རིང་བརྟག་དཔྱད་ཞིབ་འཇུག་གཟབ་ནན་བྱས་རྗེས་ཤུགས་ལྡན་ནི་སྲུང་མ་མིན་པར། དོལ་ཞེས་པའི་ས་གནས་ཀྱི་དྲེགས་པ་ཞིག་ཡིན་པར་ངེས་པ་བརྙེད་གནང་པའི་སྐོར་དང་། ཤུགས་ལྡན་གྱིས་བོད་ཀྱི་ཆོས་བརྒྱུད་ནང་ཁུལ་མ་འཆམ་པ་བཟོ་གི་ཡོད་པ། ” སོགས་ཀྱི་གནས་ལུགས་ཐེངས་མང་འགྲེལ་བརྗོད་གནང་ཡོད། དེར་བརྟེན་༧གོང་ས་མཆོག་ནས་ཤུགས་ལྡན་བསྟེན་ན་ཕན་ལས་གནོད་ཆེ་བ་དང་། བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཕན་ཚུན་དབར་གྱི་མཐུན་སྒྲིལ་དམ་ཚིག་གོང་བུ་གཅིག་གྱུར་ལ་གནོད་པ་མ་ཟད། བོད་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ལའང་གནོད་ཀྱི་ཡོད་པའི་ངོས་འཛིན་གནང་ཡོད་པ་དང་། དེ་ལས་ཉེན་ཚབས་ཆེ་བ་ནི་ཤུགས་ལྡན་བསྟེན་ན་བོད་ཀྱི་ཆོས་དེ་ལྷ་གསོལ་ཀླུ་གསོལ་དུ་གྱུར་བའི་ཉེན་ཁ་ཡོད་པར་ངོས་འཛིན་གནང་ཡོད།
ནང་ཆོས་ཀྱི་ཐོག་ནས་བཤད་ན། ཤུགས་ལྡན་བསྟེན་གསོལ་བྱས་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་གྱི་ཡོད། ནང་པ་ཞིག་ཡིན་ཕྱིན་སྐྱབས་སུ་འགྲོ་ཡུལ་ནི་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་ཡིན་པ་ལས། ལྷ་དང་འདྲེ་ལ་སྐྱབས་སུ་འགྲོ་གི་མེད། བོད་ཀྱི་ནང་ཆོས་ཀྱི་དོན་སྙིང་ལ་ཆ་རྒྱུས་ཡོད་མཁན་ཅིག་གི་ངོས་ནས་བཤད་ན་གནས་ལུགས་དེ་རྟོགས་དཀའ་བ་ཞིག་མ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དགོངས་པ་གཏིང་ཟབ་བཞེས་པ་དང་། བརྟག་ཞིབ་ནན་མོ་གནང་རྗེས་ཤུགས་ལྡན་དམ་བསྒྲགས་གནང་རྒྱུའི་ཐག་གཅོད་གནང་བ་མ་ཟད། ཡོངས་བསྒྲགས་ཀྱི་ཐོག་ནས་ཤུགས་ལྡན་བསྟེན་ན་ཕན་ལས་གནོད་ཆེ་བའི་གནས་ལུགས་གསལ་དཀྲོལ་གྱི་ཁ་ཏ་བསླབ་བྱ་གནང་གི་ཡོད།
ཆོས་ཕྱོགས་ཀྱི་ཐོག་ནས་བཤད་ན། ཤུགས་ལྡན་གྱི་རྩོད་གཞི་ནི་དགེ་ལུགས་ནང་ཁུལ་དུ་རྗེ་རིན་པོ་ཆེའི་བསྟན་པ་ཁོ་ན་ལས་མ་འདོད་མཁན་གྱི་ཕྱོགས་དང་། གྲུབ་མཐའ་རིས་མེད་འདོད་མཁན་གྱི་ཕྱོགས་དབར་གྱི་རྩོད་པ་ཞིག་རེད། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་། བཅུ་གསུམ་པ། བཅུ་བཞི་པས་ཆོས་བརྒྱུད་ཕན་ཚུན་གུ་ཡངས་པོ་དང་། ཕན་ཚུན་སློབ་སྦྱོང་བྱེད་དགོས་པའི་འདོད་ཚུལ་བཟུང་གནང་གི་ཡོད་པ་དང་། ཤུགས་ལྡན་བསྟེན་མཁན་གྱིས་དགེ་ལུགས་པས་ཆོས་བརྒྱུད་གཞན་དང་། ལྷག་པར་དུ་རྙིང་ཆོས་ཉམས་ལེན་དང་། སློབ་སྦྱོང་བྱེད་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད།
དེང་སང་གི་ཤུགས་ལྡན་རྙོག་གྲའི་ངོ་བོ།
དེང་སང་གི་ཤུགས་ལྡན་རྙོག་གྲའི་ངོ་བོ་དང་། ལོ་རྒྱུས་ཐོག་གི་ཤུགས་ལྡན་རྙོག་གྲའི་ངོ་བོའི་དབར་ཁྱད་པར་ཡོད། གལ་སྲིད་ལོ་རྒྱུས་ཐོག་གི་ཤུགས་ལྡན་གྱི་རྙོག་གྲ་དེ་ཆོས་ལུགས་ཀྱི་གནད་དོན་ཡིན་ཟེར་གྱི་ཡོད་ན། དེང་སང་གི་ཤུགས་ལྡན་གྱི་རྙོག་གྲ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ནས་བཟུང་གི་ཤུགས་ལྡན་གྱི་རྩོད་རྙོག་དེ་ཡོངས་སུ་ཆབ་སྲིད་ཀྱི་ངོ་བོར་གྱུར་ཡོད། དེང་སང་ཤུགས་ལྡན་བསྟེན་མཁན་གྱིས་ངོ་རྒོལ་བྱེད་སྐབས་ཀྱི་དམིགས་འབེན་གཙོ་བོ་༧གོང་ས་ཏཱ་ལའི་བླ་མ་སྐུ་སྒེར་ཡིན་པ་དང་། ངོ་རྒོལ་བྱེད་ཐབས་ལ་བལྟས་པ་ཡིན་ན་ཡང་། མང་ཚོགས་འདུ་འཛོམས་ཆེ་ས་དང་། གསར་འགོད་པ་མང་པོ་འཛོམས་སར་ཕྱིན་ནས་ཏཱ་ལའི་བླ་མ་མཆོག་ལ་དམའ་འབེབས་ངོ་རྒོལ་བྱས་ནས་ཁོ་རང་ཚོའི་ཤུགས་རྐྱེན་ཆེ་རུ་གཏོང་ཐབས་བྱེད་པ་དང་། ཕྱི་ཕྱོགས་ལ་བོད་མི་དང་། ནང་པས་ཏཱ་ལའི་བླ་མ་མཆོག་ལ་ངོ་རྒོལ་བྱེད་ཀྱི་ཡོད་འདྲའི་བག་ཆགས་ཤིག་སྐྲུན་ཐབས་བྱེད་ཀྱི་ཡོད། བྱེད་སྟངས་དེ་ལ་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོ་རང་བཞིན་གྱིས་མི་དགའ་བ་ཡོང་གི་ཡོད་པ་དང་། དེ་འདྲའི་རྐྱེན་བྱས་ཏེ་བོད་པའི་སྤྱི་ཚོགས་ནང་ཟང་ཟིང་དང་། རྙོག་གྲ་སྣ་ཚོགས་བཟོ་གི་ཡོད།
ཕྱི་ལོ་ ༢༠༠༧ ལོར་གུས་མོ་ཐེངས་དང་པོར་རྡ་རམ་ས་ལར་བསྐྱོད་སྐབས་ཤུགས་ལྡན་བསྟེན་མཁན་ཁག་ཅིག་གི་རྒྱབ་ལ་རྒྱ་ནག་དམར་པོའི་ཐེ་བྱུས་དང་ཤུགས་རྐྱེན་ཡོད་ཚུལ་གོ་ཐོས་བྱུང་ཡང་། ངའི་སེམས་ནང་ཡ་མཚན་ཅི་ཡང་མ་བྱུང་། གང་ཡིན་ཟེར་ན། རྒྱ་ནག་གུང་བྲན་ཚོགས་པའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མྱོང་མཁན་ཞིག་ཡིན་ཕྱིན། རྒྱ་ནག་གུང་བྲན་གྱི་ངན་བྱུས་ཡོད་རྒུ་བཏོན་ནས་ལས་ཀ་བྱེད་པའི་ཐབས་དང་ཁྱད་ཆོས་མི་ཤེས་མཁན་ཧ་ལམ་མེད། དགྲ་བོའི་ནང་དུ་འཛུལ་བ་དང་། དགྲ་བོའི་ནང་ཁུལ་གྱི་འགལ་བ་བེད་སྤྱད་ནས་འགལ་བ་ཆེ་རུ་བཏང་སྟེ་ཆིག་སྒྲིལ་མེད་པ་བཟོ་ཐབས་བྱེད་པ་དེ་ལ་ཁ་བྲལ་ཟེར་ཞིང་། དེ་ནས་རིམ་བཞིན་གནས་ཚུལ་ཆེན་པོ་བཟོ་ཐབས་བྱེད་པ་དང་། གནས་ཚུལ་གྱི་ངོ་བོ་བསྒྱུར་ནས་ནང་ཁུལ་ཕན་ཚུན་འཐབ་རྩོད་འཁོན་འཛིན་བཟོ་ཐབས་བྱས་ནས་ཆིག་སྒྲིལ་མི་ཡོང་བའི་འབད་བརྩོན་བྱེད་པ་དེ་ལ་འཐོར་ཞིག་ཟེར་གྱི་ཡོད། དེར་བརྟེན་ཁ་བྲལ་དང་འཐོར་ཞིག་གཏོང་རྒྱུ་དེ་ནི་རྒྱ་ནག་གུང་བྲན་གྱིས་དགྲ་བོར་འཐབ་རྩོད་བྱེད་སྐབས་ཀྱི་རྩ་བའི་ཐབས་ཤེས་ཤིག་རེད།
ལོ་རྒྱུས་ཐོག་གི་གོ་མིན་ཏང་ལོག་སྤྱོད་ཤོག་ཁག་ཡིན་ནའང་འདྲ། ཡང་ན་ལོ་རབས་ལྔ་བཅུའི་སྐབས་ཀྱི་རྒྱ་རིགས་མ་ཡིན་པའི་མི་རིགས་ས་ཁུལ་དུ་བཙན་ཤེད་ཀྱིས་ལག་བསྟར་བྱས་པའི་བཅོས་སྒྱུར་ཡིན་ནའང་འདྲ། ཡང་མིན་ན་དེང་སྐབས་ཀྱི་རྒྱལ་སྤྱིའི་སྤྱི་ཚོགས་ཡིན་ནའང་འདྲ་ཐབས་དང་བྱུས་དེ་ག་དུས་ཡིན་རུང་བེད་སྤྱོད་བྱེད་ཀྱི་ཡོད། དུས་སྐབས་མི་འདྲ་བ་དང་། ཁ་གཏད་མི་འདྲ་བའི་སྐབས་ལ་གོང་གི་ཐབས་དང་བྱུས་དེ་ཡང་སྐབས་རེ་འཐབ་ཕྱོགས་གཅིག་གྱུར་གྱི་གཡོ་བྱུས་ཐོག་ནས་ “འཇམ་པོ།” དང་། སྐབས་རེ་འཐབ་རྩོད་ཀྱི་གཡོ་བྱུས་ཐོག་ནས་ “རྩུབ་པོ།” ཡང་སྐབས་རེ་ “འཇམ་རྩུབ་གཉིས་ལྡན་” དང་། བླུ་བྲིད་དང་འཇིགས་སྐུལ་ཟུང་སྦྲེལ་གྱིས་བེད་སྤྱོད་གཏོང་གི་ཡོད་པ་དང་། དེ་དག་གི་མཐའ་མའི་དམིགས་ཡུལ་ནི་རང་ཉིད་ཀྱི་ཁ་གཏད་ནང་ཁུལ་ཁ་བྲལ་དང་ཐོར་ཞིག་གཏོང་རྒྱུ་དང་། ཁ་གཏད་ཀྱི་ཆིག་སྒྲིལ་གཏོར་བཤིག་བཏང་ནས་ཁ་གཏད་ཀྱི་སྟོབས་ཤུགས་ཞན་དུ་གཏོང་རྒྱུ་དེ་རེད།
རྒྱ་ནག་གུང་བྲན་གྱིས་བོད་བཙན་བཟུང་བྱས་རྗེས་བོད་མིའི་ཤུགས་ཆེའི་འགོག་རྒོལ་ལ་གདོང་ལེན་བྱེད་དགོས་བྱུང་སྐབས་དམག་བརྒྱབ་པ་ཕུད། གོང་གི་ཐབས་དང་བྱུས་བེད་སྤྱོད་བཏང་ཡོད། ངོ་ལོག་ཟིང་འཁྲུག་ཞོད་འཇགས་ཟེར་བའི་དམག་འཁྲུག་འགོ་འཛུགས་སྐབས་རྒྱ་ནག་གུང་བྲན་གྱིས་དཀར་མཛེས་ཁུལ་དུ་བོད་དམག་གིས་གཙོ་བོ་བྱས་པའི་བོད་པའི་ཐོན་ཞེས་པའི་དམག་དཔུང་རྒྱ་བསྐྱེད་བཏང་བ་མ་ཟད། དམག་དཔུང་དེ་དམག་སའི་མདུན་དུ་བཏང་ནས་བོད་མི་ནང་ཁུལ་དམག་རྒྱག་བཅུག་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཀྲང་ཤང་མིང་གིས་ནང་ཁུལ་དུ་གྲངས་ཚད་ཉུང་ཉུང་ཞིག་དཔར་སྐྲུན་བྱས་པའི་འདས་དོན་དྲན་གསོའི་དེབ་ཀྱི་ནང་། རྒྱ་ནག་གུང་བྲན་གྱིས་བལ་བོད་ས་མཚམས་འགྲམ་ཁུལ་དུ་གསང་ལས་ཚན་པའི་སྡེ་ཚན་བཙུགས་པའི་སྐོར་དང་། བོད་རིགས་གསང་ལས་པ་གློ་སྨོན་ཐང་དུ་བཏང་ནས་དེར་ཡོད་བོད་དམག་གི་འགོ་པ་དང་འབྲེལ་བ་བཙུགས་ནས་གསང་བའི་གནས་ཚུལ་མཁོ་སྒྲུབ་དང་། དེ་རྗེས་བོད་དམག་ནང་ཁུལ་ཁ་འཐོར་བཏང་ནས་མཐར་གློ་སྨོན་ཐང་གི་བོད་དམག་ཐོར་ཞིག་བཏང་བའི་སྔ་ཕྱིའི་བརྒྱུད་རིམ་ཆ་ཚང་ཞིབ་བཀོད་བྱས་ཡོད་པ་རེད།
འདས་དོན་དྲན་གསོའི་དེབ་དེའི་ནང་ད་དུང་། ཕྱི་ལོ་ ༡༩༨༢ ལོར་ཀྲང་ཤང་མིང་གིས་སྐབས་དེའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གཙོ་འཛིན་གཞོན་པ་བང་ཁྲུང་དང་། འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་ཡང་ཅིན་རན་གཉིས་ལ་བོད་ཀྱི་ལས་དོན་སྙན་སེང་ཞུ་སྐབས་བང་ཁྲུང་གིས་ཀྲང་ཤང་མིང་ལ། “བོད་ཀྱི་འཐབ་རྩོད་ཀྱི་གཙོ་བོ་ནི་ཏཱ་ལའི་རེད། ཏཱ་ལའི་ཉེ་འཁོར་མཐོ་རིམ་མི་སྣའི་ནང་ཁྱེད་རང་ཚོའི་མི་ཡོད་དམ། མེད་ན། འཛུགས་ཐབས་བྱེད།” ཅེས་ལམ་སྟོན་བྱས་ཡོད་པའི་སྐོར་འཁོད་ཡོད་པ་རེད། དོན་དངོས་ཐོག་༧གོང་ས་ཏཱ་ལའི་བླ་མ་མཆོག་བཙན་བྱོལ་དུ་ཕེབས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་གསར་བཙུགས་གནང་ནས་དུས་ད་ལྟ་བར་རྒྱ་ནག་གུང་བྲན་གྱིས་ “ཏཱ་ལའི་རུ་ཚོགས་” ནང་ཁུལ་དུ་འཛུལ་ནས་མངོན་གསལ་དང་མངོན་མེད་ཀྱི་ཐོག་ནས་གཏོར་བཤིག་གཏོང་རྒྱུའི་འབད་བརྩོན་མཚམས་འཇོག་གཏན་ནས་བྱེད་མྱོང་མེད།
རྒྱ་ནག་གུང་བྲན་གྱིས་ “རང་འགུལ་གྱིས་ལས་ཀ་བྱེད་པ།” ཞེས་པའི་ཐབས་ཤེས་སྤྱད་ཀྱི་ཡོད།
དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་རྒྱ་ནག་གུང་བྲན་གྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཤུགས་ལྡན་གྱི་རྙོག་གྲ་དེ་བེད་སྤྱོད་མ་བཏང་བར་གཏན་ནས་བཞག་གི་མ་རེད། ཕྱི་ལོ་ ༢༠༡༥ ལོའི་ཟླ་བ་བཞི་པར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་ཡིག་ཆ་ཞིག་གི་ནང་དོན་ཕྱི་བསྒྲགས་བྱས་འདུག ཡིག་ཆ་དེའི་མིང་ལ་རྒྱལ་ཆེན་ཤུགས་ལྡན་གྱི་གནད་དོན་ཐག་གཅོད་ཡང་དག་པ་བྱ་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་ཟེར་གྱི་ཡོད་པ་དང་། ཡིག་ཆ་བཏོན་སྐབས་ཀྱི་དུས་ཚོད་ནི་ ༢༠༡༤ ཟླ་བ་ ༢ ཚེས་ ༢༠ རེད་འདུག
ཡིག་ཆ་དེ་འགོ་བཙུགས་མ་ཐག་འཁོད་དོན། རྒྱལ་ཆེན་ཤུགས་ལྡན་གྱི་གནད་དོན་ནི་ང་ཚོས་ཏཱ་ལའི་སྐྱེ་ཕྲེང་ ༡༤ པའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་ཕྱོགས་གལ་ཆེན་པོ་ཞིག་ཡིན་པ་དང་། ཡིག་ཆ་འདི་འདོན་སྤེལ་བྱེད་དགོས་དོན་ནི་རྒྱལ་ཆེན་ཤུགས་ལྡན་གྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་རྩ་དོན་དང་། བྱ་ཐབས་ཁོང་དུ་ཆུད་པ་བྱས་ཏེ་ལངས་ཕྱོགས་བརྟན་པོ་དང་། དར་ཆ་གསལ་སྟོན། ཐབས་བྱུས་མཁས་པོ། རང་འགུལ་ཐུབ་པ། འཚབ་འཚུབ་མེད་པར་ཁ་གཏད་གཅོག་རྒྱུའི་ཆེད་དུ་ཡིན། ཅེས་བྲིས་འདུག་པ་མ་ཟད། རྒྱལ་ཆེན་ཤུགས་ལྡན་གྱི་གནད་དོན་ཐག་གཅོད་ཡང་དག་པ་བྱེད་རྒྱུ་དེ་ནི་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་ཕྱོགས་གལ་ཆེན་པོ་ཞིག་ལ་བརྩིས་ཏེ་ངོས་འཛིན་གཅིག་གྱུར་དང་། རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ།ཡིད་སེམས་རྣལ་དུ་ཕབ་སྟེ་ལྟ་ཞིབ་བྱེད་པ། རང་འགུལ་གྱིས་ཁ་གཏད་གཅོག་པ་བཅས་བྱེད་དགོས་ཞེས་བྲིས་འདུག
དེར་བརྟེན་ཡིག་ཆ་འདིས་གནས་ཚུལ་གཅིག་གསལ་བཏོན་བྱེད་ཀྱི་ཡོད་པ་ནི། རྒྱ་ནག་གུང་བྲན་གྱིས་ཤུགས་ལྡན་གྱི་གནད་དོན་ལ་དོ་སྣང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་དེ་ཡིན་ཞིང་། “རང་འགུལ་བྱེད་པ་” ཞེས་པའི་ཡིག་འབྲུ་བཞི་པོ་དེ་ནི་གོ་དོན་སྣ་ཚོགས་ཡོད་པ་ཞིག་ཡིན། ཡིག་ཆ་འདི་ནས་རྒྱ་ནག་གུང་བྲན་ལ་ཡོངས་བསྒྲགས་མིན་པའི་འཆར་གཞིའི་ཐོག་ནས་ “རང་འགུལ་བྱེད་རྒྱུའི་” བསམ་བློ་ཡོད་པ་གསལ་པོ་མཚོན་གྱི་ཡོད།
ལོ་འདིའི་ཟླ་བ་ ༦ ཚེས་ ༢༣ ཉིན་ཏེ། ༧གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་སྐུའི་འཁྲུངས་མ་ཟིན་སྔོན་གྱི་བདུན་ཕྲན་གཉིས་གོང་ཨ་རིའི་གྲོང་ཁྱེར་སྦོ་སི་ཀྲོན་དུ་ཡོད་པའི་གཞུང་འབྲེལ་མིན་པའི་བརྙན་འཕྲིན་ལེ་ཚན་ཞིག་གིས། དེ་སྔ་ཤུགས་ལྡན་ཚོགས་པའི་འགོ་བྱེད་གྲས་ཡིན་པ་ཚེ་བཀྲ་བླ་མས་བཤད་པའི་བརྙན་འཕྲིན་ཞིག་རྒྱང་བསྲིངས་བྱས་ཡོད། རིང་ཐུང་ཆུ་ཚོད་གཅིག་ཙམ་ཡོད་པའི་བརྙན་འཕྲིན་ལེ་ཚན་འདིའི་ནང་། ལི་ཐང་ནས་ཡིན་པའི་ཚེ་བཀྲ་བླ་མས་ཤུགས་ལྡན་ཚོགས་པའི་གཙོ་བོའི་འགོ་འབྱེད་ཁ་ཤས་ཀྱིས་ལོ་རབས་་༩༠ པའི་ལོ་དཀྱིལ་ནས་བཟུང་རྒྱ་ནག་གུང་བྲན་དང་མཉམ་ལས་བྱས་ནས་གུང་བྲན་གྱི་དངུལ་ལེན་པ་དང་། བཀའ་བཀོད་ཉན་པ། བོད་མིའི་སྤྱི་ཚོགས་ནང་དོན་རྐྱེན་བཟོས་ནས་བོད་མི་ནང་ཁུལ་གྱི་མཐུན་སྒྲིལ་གཏོར་བཤིག་གཏོང་གི་ཡོད་པ་སོགས་གནས་ཚུལ་མང་པོ་ཞིག་བཤད་འདུག་པ་མ་ཟད། ཤུགས་ལྡན་ཚོགས་པའི་འགོ་བྱེད་ཀྱིས་ཟམ་གདོང་རིན་པོ་ཆེ་ཐེ་བའི་མཐོ་རིམ་སྣ་ཁག་གཅིག་དཀྲོངས་རྒྱུའི་ངན་བྱུས་བཤམས་པ་དང་། ཐ་ན་༧གོང་ས་ཏཱ་ལའི་བླ་མ་མཆོག་ལྐོག་བསད་གཏོང་རྒྱུའི་འཆར་གཞི་ཡོད་པའང་བཤད་འདུག
ཚེ་བཀྲ་བླ་མས་བཤད་པའི་གནས་ཚུལ་དེ་ཚོ་དང་ཉེ་བའི་ལོ་ཤས་ནང་ཤུགས་ལྡན་ཚོགས་པའི་བྱ་སྤྱོད་ཀྱི་འཕེལ་ཕྱོགས་གཉིས་ཕན་ཚུན་བསྡུར་ནས་དབྱེ་ཞིབ་བྱས་ན། ངས་ཚེ་བཀྲ་བླ་མའི་བཤད་དོན་ལ་ཡིད་ཆེས་ཆོག་པའི་རང་བཞིན་ཆེན་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།
ཡང་ཕྱོགས་གཞན་ཞིག་ནས་བལྟས་ན། ཤུགས་ལྡན་བསྟེན་མཁན་གྱིས་༧གོང་ས་ཏཱ་ལའི་བླ་མ་ངོ་རྒོལ་གྱི་དམིགས་འབེན་དུ་བཞག་པའི་བྱེད་སྟངས་དེ་ཁོ་ན་དྭོགས་པ་ཟ་དགོས་པའི་གནད་ཞིག་ཡིན་པ་དང་། ཁུངས་ལུང་རྒྱུ་མཚན་དང་མི་མཐུན་པ་ཞིག་ཡིན། ཤུགས་ལྡན་བསྟེན་མཁན་གྱི་ཤོད་སྟངས་ལ་གཞིགས་ན། ཁོང་ཚོས་ཤུགས་ལྡན་ནི་བསྟན་སྲུང་ཡིན་ཟེར་གྱི་ཡོད། བྱས་ན་སྲུང་དགོས་པའི་བསྟན་པ་འདི་ག་རེ་ཡིན་ནམ། ཤུགས་ལྡན་བསྟེན་མཁན་གྱིས་ཁོང་ཚོས་ཙོང་ཁ་པའི་དགེ་ལུགས་པའི་བསྟན་པ་སྲུང་གི་ཡོད་ཟེར་གྱི་ཡོད། རྗེས་ཙོང་ཁ་པ་ནི་དགེ་ལུགས་པ་སྲོལ་གཏོད་མཁན་ཡིན་པ་དང་། དགེ་ལུགས་པས་ཉམས་ལེན་བྱེད་པའི་ཆོས་ནི་ནང་ཆོས་ལོས་ཡིན། བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞིས་ཉམས་བཞེས་གནང་བཞིན་པ་ནི་བཅོམ་ལྡན་འདས་ཀྱི་སྟོན་གནང་མཛད་པའི་སངས་རྒྱས་ཆོས་ཡིན་པ་སྨོས་མ་དགོས་པ་རེད། ཆོས་བརྒྱུད་དེ་དག་དབར་ཉམས་ལེན་གནང་སྲོལ་ཕྲན་བུ་མི་འདྲ་བ་ཡོད་ཀྱང་། ཕན་ཚུན་ཁ་གཏད་གཏན་ནས་མ་རེད།
བསྟན་སྲུང་ཞིག་གིས་རྩ་མེད་བཟོ་དགོས་པ་ནི་བསྟན་དགྲ་རེད། ལོ་རབས་ལྔ་བཅུ་ནས་བཟུང་རྒྱ་ནག་གུང་བྲན་གྱིས་དེང་དུས་ཀྱི་གོ་ཚོན་དང་། དྲག་ཤུགས་ལ་བརྟེན་ནས་ཆོས་དང་དགོན་སྡེ་རྩ་མེད་དང་། དཔེ་ཆ་བསྲེགས་པ་དང་། གྲྭ་བཙུན་བསད་པའི་དབང་གིས་བོད་བརྒྱུད་ནང་བསྟན་དང་། བོད་མི་རིགས་ཀྱི་ཆེས་མཐོའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་བཙན་བྱོལ་དུ་མ་ཕེབས་ཀ་མེད་བྱུང་པ་དང་། དུས་དེང་སང་ཡང་རྒྱ་ནག་གུང་བྲན་གྱིས་བོད་མིའི་ཐོག་གཉའ་གནོན་དྲག་པོ་གཏོང་བཞིན་པའི་རྒྱུ་མཚན་ལ་བརྟེན་ནས་སེར་སྐྱ་མི་གྲངས་ ༡༤༠ ལྷག་གིས་རང་ལུས་རང་གིས་སྲེག་པའི་ལམ་ནས་གཉའ་གནོན་ལ་ངོ་རྒོལ་བྱེད་དགོས་བྱུང་ཡོད།
རྒྱ་ནག་གུང་བྲན་གྱིས་བོད་ནང་ནང་ཆོས་རྒྱུན་ལྡན་གོང་སྤེལ་གཏོང་རྒྱུར་སྟངས་འཛིན་དམ་བསྒྲགས་ནན་པོ་བྱེད་བཞིན་ཡོད་སྟབས་དགོན་སྡེ་གྲྭ་ཚང་ཁག་ནང་རྒྱུན་ལྡན་གྱི་ཆོས་ཕྱོགས་བྱེད་སྒོ་སྤེལ་མི་ཐུབ་པར། དགོན་པ་རྣམས་དད་ལྡན་མང་ཚོགས་དང་། ཡུལ་སྐོར་སྤྲོ་འཆམ་པའི་ལག་ནས་དཔལ་འབྱོར་བསྡུ་གསོག་བྱེད་པའི་སྤྲོ་འཆམ་བྱེད་ཡུལ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ལག་ཆར་གྱུར་ཡོད། རྩོད་པ་མེད་པའི་དངོས་དོན་དེ་དག་གི་ཐོག་ནས་གསལ་བཤད་བྱུང་བ་ནི། དེང་སང་གི་བསྟན་དགྲ་ནི་བོད་ནང་ནང་ཆོས་མེད་པ་བཟོ་མཁན་རྒྱ་ནག་གུང་བྲན་ཡིན་ཀྱང་། ཤུགས་ལྡན་བསྟེན་མཁན་གྱིས་རྒྱ་ནག་གུང་བྲན་དང་མཉམ་དུ་མངོན་ལྐོག་གཉིས་ནས་མཐུན་ལམ་བྱས་ཏེ་བོད་མི་མང་དང་། བོད་བརྒྱུད་ནང་བསྟན་གྱི་རིས་མེད་ཆོས་བརྒྱུད་ཁག་ཚང་མས་གཅིག་གྱུར་ངོས་ལེན་ཡོད་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཆེད་དུ་དམིགས་ནས་ངོ་རྒོལ་བྱེད་ཀྱི་ཡོད་པ་དེ་རེད།
ཆིག་སྒྲིལ་ཡོང་དང་། ཡང་ན་ཁ་ཐོར་དུ་འགྲོ་ཞེས་པའི་གནད་དོན་དེ་ནི་བོད་མིའི་མདུན་ལམ་དང་འབྲེལ་བ་ཡོད་པ་ཞིག་ཡིན།
ཚང་མས་མཁྱེན་གསལ་ལྟར། ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་རྒྱུ་རྐྱེན་སྣང་ཚོགས་དབང་གིས་བོད་བརྒྱུད་ནང་བསྟན་དེ་ཆོས་བརྒྱུད་ཁ་ཤས་ལ་དབྱེ་བ་ཕྱེ་གི་ཡོད་ཅིང་། སྤྱིར་བཏང་བྱས་ན་ཆོས་བརྒྱུད་བཞི་ཟེར་གྱི་ཡོད་པ་དང་། ཆོས་བརྒྱུད་དེ་དག་ཚང་མས་སངས་རྒྱས་ཀྱི་ཆོས་ལ་བརྩི་འཇོག་ཉམས་བཞེས་གནང་གི་ཡོད། ཆོས་བརྒྱུད་ཕན་ཚུན་དབར་འབྲེལ་བ་ཡོད་ལ། འདྲ་ས་དང་མ་འདྲ་ས་ཡང་མང་པོ་ཡོད། ལོ་རྒྱུས་ལ་བལྟས་ན། ཆོས་ལུགས་དང་ཡུལ་ལུང་དབར་རྣོ་ངར་ཆེ་བའི་འགལ་ཟླ་དང་རྙོག་གྲ་ཡང་བྱུང་མྱོང་ཡོད་པ་མ་ཟད། ཐ་ན་མི་བསད་ཁྲག་སྦྱོར་གྱི་གནས་ཚུལ་ཡང་བྱུང་མྱོང་ཡོད་པ་རེད། ཆོས་བརྒྱུད་ཕན་ཚུན་མ་མཐུན་པའི་གནས་ཚུལ་བྱུང་མྱོང་ཡོད་པ་འདིས་བོད་བརྒྱུད་ནང་བསྟན་གྱི་ནུས་པ་ཞན་དུ་གཏོང་གི་ཡོད་པ་དང་། བོད་མི་རིགས་ནང་ཁུལ་དུ་ལུང་ཚན་དང་། རིག་གཞུང་གི་འབྲེལ་བར་སྐྱོན་རྒྱག་རྒྱུ་དང་། ཕན་ཚུན་གུ་དོག་པོ་དང་། ཁ་བྲལ་འགྲོ་རྒྱུའི་ཉེན་ཁ་ཆེ་རུ་བཏང་གི་ཡོད། བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་ཁ་ཤས་ནས་སྐྱོན་གནད་འདི་གཟིགས་ཏེ་དུས་རབས་བཅུ་དགུ་ཙམ་ནས་བོད་ཀྱི་ས་ཁུལ་དུ་གྲུབ་མཐའ་རིས་མེད་ཀྱི་གལ་ཆེའི་རང་བཞིན་དར་སྤེལ་གནང་འགོ་བཙུགས་ཡོད།
ཐོག་མའི་སྐབས་སུ་གྲུབ་མཐའ་རིས་མེད་ལ་ཤུགས་སྣོན་རྒྱག་མཁན་རྙིང་མ་དང་། ས་སྐྱའི་བླ་ཆེན་ཡིན་པ་དང་། གྲུབ་མཐའ་རིས་མེད་དར་སྤེལ་གནང་བའི་དགོངས་པ་གཙོ་བོ་ནི། ཆོས་བརྒྱུད་ཕན་ཚུན་མི་མཐུན་པ་ཡོད་པ་མེད་པ་བཟོ་བ་དང་། གྲུབ་མཐའ་སོ་སོའི་བཞེད་ཚུལ་ལ་ཉེ་རིང་བྱེད་རྒྱུ་མེད་པ། ཚང་མས་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུང་པའི་དམ་པའི་ཆོས་ཀྱི་དགོངས་དོན་ཐོག་འགྲོ་དགོས་པའི་སྐུལ་མ་གནང་རྒྱུ་དེ་རེད། གྲུབ་མཐའ་རིས་མེད་དར་སྤེལ་གནང་བ་དེ་ནི་བོད་བརྒྱུད་ནང་བསྟན་གྱི་ཉེ་རབས་ལོ་རྒྱུས་ནང་རིག་གཞུང་བསྐྱར་དར་གྱི་ལས་འགུལ་གལ་ཆེ་ཤོས་ཤིག་ཡིན་པ་དང་། བོད་མི་རིགས་དེང་རབས་ཅན་གྱི་འགྲོ་ལམ་དུ་བསྐྱོད་པའི་གོམ་སྟབས་གལ་ཆེན་པོ་ཞིག་རེད།
གྲུབ་མཐའ་རིས་མེད་དར་སྤེལ་གནང་བའི་ལས་འགུལ་འདི་ལ་ཆོས་བརྒྱུད་ཁག་གི་དབུ་ཁྲིད་ཚོས་མོས་མཐུན་རྒྱབ་སྐྱོར་གནང་ཡོད། ངས་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ པའི་དྲུང་ནས་གསུང་ཆོས་ཞུ་བའི་སྐབས། ༧གོང་ས་མཆོག་ནས་དེ་རིང་བཤད་རྒྱུའི་ཆོས་དེ་ངས་ཐོག་མར་རྙིང་མའི་རིན་པོ་ཆེ་ག་གེ་མོ་དང་། ཡང་ན་ས་སྐྱའི་བླ་མ་ག་གེ་མོའི་ས་ནས་ཞུས་པ་ཡིན་ཅེས་གསུང་པ་ཐོས་མྱོང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་ཁོང་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་ཡིན་པའི་ཆ་ནས་སློབ་སྦྱོང་གནང་བའི་བརྒྱུད་རིམ་ནང་ཆོས་བརྒྱུད་གཞན་གྱི་དབང་ལུང་མང་པོ་གསན་བཞེས་གནང་ཡོད་པ་འདིས་ཆོས་བརྒྱུད་ཁག་འཆམ་མཐུན་འདྲེས་མཐུད་དང་། ཕན་ཚུན་སློབ་སྦྱོང་བྱེད་ཐུབ་པ་བྱུང་ཡོད།
༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་དུས་རབས་ཕྱེད་ལྷག་ཙམ་རིང་འཛམ་གླིང་ཐོག་གི་ཆོས་ལུགས་ཁག་འཆམ་མཐུན་དང་། འགྲོ་བ་མིའི་རིགས་ཀྱི་དཔལ་ཡོན་གོང་སྤེལ་གཏོང་རྒྱུར་ཕན་ཚུན་འབྲེལ་ལམ་གོ་བསྡུར་བྱེད་དགོས་པ་དང་། མིའི་རིགས་ཐུན་མོང་གི་རིན་ཐང་དང་། ཐུན་མོང་གི་བསམ་བློ་ཞིག་བཙལ་དགོས་པའི་དགོངས་བཞེད་གསར་གཏོད་གནང་བ་དེ་ལ་འཛམ་གླིང་སྐྱེ་རྒུ་ཀུན་གྱིས་གོང་བཀུར་བསྔགས་བརྗོད་ཐོབ་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དགོངས་བཞེད་འདི་ནི་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་བསམ་བློའི་ཤུགས་རྐྱེན་དབང་གིས་བྱུང་བ་ཞིག་ཡིན་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད།
འོན་ཀྱང་བསམ་བློ་བུག་ཟུག་དོག་པའི་ནང་པ་ཉུང་ཤས་ཀྱིས་གྲུབ་མཐའ་རིས་མེད་དར་སྤེལ་གཏོང་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། སོ་སོ་རང་ཉིད་ཀྱི་སྲོལ་རྒྱུན་གྲུབ་མཐའ་གཅིག་པུ་དམ་སྲུང་བྱེད་པའི་གུ་དོགས་ཀྱི་བསམ་བློ་བཅངས་ཏེ་འདི་ཡོང་པའི་དབང་གིས་ཆོས་བརྒྱུད་གཞན་ལ་ལོག་ལྟ་བྱེད་ཀྱི་ཡོད། དེ་འདྲའི་གུ་དོག་གི་བསམ་བློ་བཟུང་མཁན་ཉུང་ཤས་དེ་ཚོས་དེང་སྐབས་ཤུགས་ལྡན་བསྟེན་གསོལ་ལ་མདུད་པ་ཐེབས་ནས་བསྡད་ཡོད།
ཕྱི་ལོ་ ༡༩༥༩ ལོར་༧གོང་ས་ཏཱ་ལའི་བླ་མ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་རྗེས་བོད་ཀྱིས་ཆོས་བརྒྱུད་ཁག་གི་བླ་ཆེན་མང་ཆེ་བ་ཕལ་ཆེར་བཙན་བྱོལ་དུ་ཕེབས་ཡོད་ཅིང་། བོད་མི་རིགས་ཁྱོན་ཡོངས་འཚོ་གནས་ཐུབ་རྒྱུར་ཉེན་ཁ་འཕྲད་པའི་རྐྱེན་གྱིས་ཆོས་བརྒྱུད་ཚང་མས་ནང་ཁུལ་ཐུགས་མཐུན་དམ་གཙང་དང་། བོད་མི་རིགས་ཆིག་སྒྲིལ་དགོས་པའི་གལ་ཆེའི་རང་བཞིན་ངོས་འཛིན་ཐུབ་སྟེ། གྲུབ་མཐའ་རིས་མེད་གནང་རྒྱུ་དེ་རྩོད་པ་མེད་པའི་ཐུན་མོང་གི་རྩ་དོན་ཆགས་ཡོད། ཉེན་ཁའི་ཁྲོད་དུ་གནས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་གོང་བུ་ཆིག་སྒྲིལ་བྱུང་ན། གཞི་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་འཚོ་གནས་ཐུབ་རྒྱུ་དང་། ཆིག་སྒྲིལ་མ་བྱུང་ན་བཙན་བྱོལ་བོད་མི་རྣམས་དང་། བོད་བརྒྱུད་ནང་བསྟན་རྩ་མེད་ཀྱི་ལམ་དུ་འགྲོ་རྒྱུ་རེད། ལོ་རྒྱུས་ཐོག་ཆོས་བརྒྱུད་ནང་ཁུལ་དབར་འགལ་བ་དང་། འཁོན་འཛིན་ཡོད་པ་རྣམས་བཙན་བྱོལ་ནང་མེད་པ་ཆགས་ཟིན་པ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་རིས་སུ་མ་ཆད་པའི་ཆོས་སྡེ་ཁག་ཚང་མས་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཆེས་མཐོའི་དབུ་ཁྲིད་ལ་མགྲིན་གཅིག་ཏུ་བཀུར་བའི་ཐོག ཁོང་གི་དབུ་ཁྲིད་འོག་ནང་ཆོས་ཉམས་ལེན་གྱིས་གཞན་ཕན་གྱི་ལས་ལ་འབད་བརྩོན་གནང་བཞིན་ཡོད།
ངས་ས་གནས་ས་ཐོག་ལ་བསྐྱོད་ནས་ཉམས་ཞིབ་བྱེད་སྐབས་ཆོས་བརྒྱུད་འདྲ་མིན་གྱི་དགོན་སྡེ་གྲྭ་ཚང་ཁག་ལ་བཅར་རྒྱུའི་གོ་སྐབས་བྱུང་། དེ་དག་ཚང་མའི་འདུ་ཁང་དང་། ཡིག་ཚང་གི་གནས་གལ་ཆེ་ས་ཚང་མར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུར་པར་བཀལ་འདུག བཙན་བྱོལ་སྤྱི་ཚོགས་ནང་ནང་ཆོས་དར་ཁྱབ་ཕྱིན་པ་དང་། ནུབ་ཕྱོགས་སྤྱི་ཚོགས་སུ་ནང་ཆོས་ཀྱི་ཤུགས་རྐྱེན་ཐེབས་པ། བོད་ཀྱི་གནད་དོན་འདི་རྒྱལ་སྤྱིའི་སྡིངས་ཆའི་སྟེང་དུ་མ་ཡལ་བར་གནས་ཐུབ་པ། བཙན་བྱོལ་སྤྱི་ཚོགས་འཚོ་གནས་ཐུབ་པ་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་མ་འོངས་པའི་གནས་བབ་བཅས་ལ་བལྟ་དུས་གྲུབ་མཐའ་རིས་མེད་ཀྱི་དགོངས་བཞེད་དར་སྤེལ་དང་། ཆོས་བརྒྱུད་ནང་ཁུལ་ཐུགས་མཐུན་དམ་གཙང་། བོད་མིའི་སྤྱི་ཚོགས་གྱི་གོང་བུའི་ནུས་པ་བཅས་ཀྱིས་ཕན་ནུས་ཧ་ཅང་ཆེན་པོ་ཐོན་ཡོད་པ་རེད་ཅེས་བཤད་ཆོག དེར་བརྟེན་བཙན་བྱོལ་བོད་མིའི་ངོས་ནས་བཤད་ན། གོང་བུ་ཆིག་སྒྲིལ་མེད་ན། འཚོ་ཞིང་གནས་རྒྱུ་ཁག་པོ་རེད་ཅེས་བརྗོད་ཆོག
དེ་ལྟ་བུའི་འགག་རྩའི་དུས་འདིར་ཤུགས་ལྡན་གྱི་རྩོད་གཞི་དེ་སླར་ཡང་མངོན་གསལ་དོད་པོས་ཕྱིར་མངོན་པ་དེར་དྭོགས་ཟོན་མི་བྱེད་ཀ་མེད་རེད། ཤུགས་ལྡན་བསྟེན་མཁན་གྱིས་བཏོན་པའི་དགོས་འདུན་རྒྱུ་མཚན་ལ་རྒྱ་ནག་གུང་བྲན་གྱི་དྲིལ་བསྒྲགས་ཀྱི་ཁྱད་ཆོས་ལྡན་ཡོད་པ་སྟེ། སྔོན་ལ་ཕར་ཕྱོགས་ལ་འཁྱོད་བཤད་དང་། ཚིག་དུམ་ལོག་སྤྱད་ཀྱིས་ཕར་ཕྱོགས་ཁོང་ཁྲོ་བསླངས་རྗེས། ཉམས་ཆུང་ཡིན་མདོག་གིས་སོ་སོའི་དགོས་འདུན་བཏོན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གདུང་སེམས་མཉམ་སྐྱེད་ཐོབ་ཐབས་བྱེད་ཀྱི་ཡོད།
ཤུགས་ལྡན་བསྟེན་མཁན་གྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་ཆོས་དད་རང་དབང་འཕྲོག་གི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད། ༧གོང་ས་མཆོག་གིས་ངོས་ནས་ཤུགས་ལྡན་བསྟེན་ན་ཕན་ལས་གནོད་ཆེ་བ་ཡོད་སྟབས། ཤུགས་ལྡན་མ་བསྟེན་ན་ལེགས་པའི་གནས་ལུགས་འགྲེལ་བརྗོད་བྱེད་ཀྱི་ཡོད། མཐའ་མའི་ཐག་གཅོད་སོ་སོས་བྱེད་རྒྱུ་རེད་ཅེས་ཡང་ཡང་བཀའ་གནང་གི་ཡོད་པ་རེད།
ཕྱི་རྒྱལ་ལུང་པར་སྐྱེ་བོ་སུ་ཞིག་གིས་ཁྲིམས་མཐུན་གྱི་ལས་བརྩམས་པར་༧གོང་ས་མཆོག་ལ་བཀག་སྡོམ་བྱེད་པའི་སྐུ་དབང་མེད་པ་ནི་དངོས་ཡོད་ཀྱི་གནས་སྟངས་རེད། དཔེར་ན། རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་དགེ་ལུགས་པའི་གྲྭ་ཚང་གཉིས་ཀྱི་གྲྭ་པ་ཁག་གཅིག་ཟུར་དུ་ཐོན་ནས་གྲྭ་ཚང་ལོགས་སུ་བཙུགས་ཏེ་མུ་མཐུད་ཤུགས་ལྡན་བསྟེན་གྱི་ཡོད་པ་འདི་ནི་ཁོང་ཚོར་དེ་འདྲ་བྱེད་པའི་རང་དབང་ཡོད་པའི་རྟགས་རེད། བཙན་བྱོལ་སྤྱི་ཚོགས་ནང་སྔར་བཞིན་ཤུགས་ལྡན་བསྟེན་མཁན་ཡོད་ལ། ཏཱ་ལའི་བླ་མ་མཆོག་གི་བཞེངས་ཕྱོགས་ཀྱང་ཧ་ཅང་གསལ་པོ་རེད།
༧གོང་ས་མཆོག་ནས་ཤུགས་ལྡན་དམ་བསྒྲགས་གནང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ཤུགས་ལྡན་བསྟེན་མཁན་གྱིས་མངོན་གསལ་དོད་པོས་རྙིང་མའི་ཆོས་བྱས་ན་འགྲིག་གི་མེད་ལུགས་ཤོད་པ་སོགས་ཆོས་བརྒྱུད་ནང་ཁུལ་འཐེན་འཁྱེར་དང་། ཆགས་སྡང་ཕྱོགས་རིས་བྱེད་ཀྱི་ཡོད་པ་དེ་བཀག་འགོག་གནང་རྒྱུའི་ཆེད་དུ་ཡིན། ཤུགས་ལྡན་བསྟེན་མཁན་གྱིས་བཙན་བྱོལ་ད་མིའི་སྤྱི་ཚོགས་ཀྱི་ཆིག་སྒྲིལ་གནོད་འཚེ་གཏོང་གི་ཡོད་པ་ནི་དངོས་ཡོད་ཀྱི་གནས་ཚུལ་ཆགས་ཡོད།
༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ལམ་སྟོན་འོག་བཙན་བྱོལ་དུ་བོད་མི་རྣམས་ནང་ཁུལ་མཐུན་སྒྲིལ་གོང་བུ་གཅིག་གྱུར་དུ་གནས་ཐུབ་པ་བྱེད་རྒྱུ་ནི་བོད་མི་རིགས་ཀྱི་མ་འོངས་པ་དང་འབྲེལ་བ་ཡོད་ལ། དེ་ནི་བོད་མི་རིགས་ཆིག་སྒྲིལ་ཡོང་དང་ཁ་འཐོར་འགྲོ། འཚོ་གནས་ཐུབ་དང་རྩ་མེད་དུ་འགྲོ་བའི་གནད་འགག་ལ་ཐུག་ཡོད་པས། གནད་དོན་འགག་འདི་བོད་མི་ཚོས་ཤེས་པ་བྱེད་རྒྱུ་གལ་ཆེན་པོ་ཆགས་ཡོད།
རྩོམ་ཡིག་འདི་ཐོག་མར་བཀོད་ས་ནི་ Dong Xiang ཞེས་པའི་ཧོང་ཀོང་ནས་ཐོན་པའི་རྒྱ་ཡིག་གི་ཟླ་རེའི་དུས་དེབ་༢༠༡༥ ལོའི་ཟླ་བ་༨ པའི་འདོན་ཐེངས་ཐོག་རེད་འདུག
རྒྱ་ཡིག་གི་མ་རྩོམ་དྲྭ་བྱང་འདི་རེད།
http://www.chinesepen.org/blog/archives/33434
http://bloodundersnow.blogspot.in/2015/08/blog-post.html
རྩོམ་པ་པོ་དང་ལོ་ཙཱ་བ་གཉིས་ལ་ཐུགས་རྗེ་ཆེ་ཞུ། བྲིས་དང་འགྱུར་གཉིས་ཀ་ཤིན་ཏུ་ལེགས། འདི་ལྟ་བུ་མང་དུ་བསྒྱུར་ཐུབ་ན། ཕྲན་ལྟ་བུ་བོད་ཡིག་རྐྱང་་པར་བརྟེན་པ་དག་གི་བློ་སྒོ་འབྱེད་པར་ཕན་ཆེ། སླར་ཡང་བཀའ་དྲིན་ཆེ་ཞུ།
དྲ་གྲོགས་ཚོས་འདི་ཀློག་རྒྱུ་གལ་ཆེན་རེད།སྔོན་མའི་གནས་ཚུལ་སྐོར་ཞིག་གི་དོན་རྐྱེན་བྱུང་རྐྱེན་ཡང་གསལ་ཁ་བཏོན་འདུག
རྩོམ་ཡིག་འདི་འབུམ་རམས་པ་སྲིད་སྐྱོང་མཆོག་གམ་ཁོང་གི་སྒེར་དྲུང་གང་རུང་གིས་དབྱིན་སྐད་ནང་བསྒྱུར་ཐུབ་ཚེ་སྲིད་སྐྱོང་མཆོག་གིས་ནམ་རྒྱུན་དོལ་ཚོགས་སྐོར་ལ་གཏམ་བཤད་སྐར་མ་ལྔ་དྲུགབཅུ་གྲངས་སྤེལ་བ་ལས་ཡག་གི་རེད།
གཞན་སྐུ་ངོ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་དོན་བསྒྱུར་གནང་བར་དཀའ་དྲིན་ཆེ།
རྣམ་པ་གཉིས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།་་་་་་ཆིག་སྒྲིལ་ནི་ང་ཚོའི་སྟོབས་ཤུགས་གཅིག་པུ་དེ་ཡིན་པ་རེད་