ཨེ་མ་ཧོ།
ཆོས་རིག་ནོར་བུའི་གཏེར་མཛོད་གངས་ཅན་ལྗོངས།།
བྱམས་བརྩེ་དྲང་བདེན་ཕྱུག་པའི་ཁ་བ་ཅན།།
འཛམ་གླིང་སྣོད་བཅུད་སྲོག་ཤིང་རིན་པོ་ཆེ།།
དཔལ་ཡོན་ཆོས་ལྡན་རྒྱལ་ཁམས་རྒྱལ་གྱུར་ཅིག།།
ཆོས་འབྱུང་ལོ་རྒྱུས་རིང་མོའི་བདེན་གཏམ་གསལ།།
སྐད་ཡིག་གདོང་གཤིས་དྲང་པོའི་མི་རིགས་རྒྱུད།།
ཤ་ཞེན་བཅོས་མིན་བོད་ཁམས་སེམས་དཔའི་ཚོགས།།
རིང་མིན་རྒྱལ་ཁབ་དབང་བའི་རྟེན་འབྲེལ་གསོལ།།
ཆོས་ལུགས་ཕྱོགས་ཞེན་ངན་པའི་དྲི་མ་དབེན།།
བཅུ་ཕྲག་རིག་གནས་དཔལ་གཡང་སྒོ་གསུམ་གཏམས།།
ཕྱི་ནང་སྐད་རིགས་ཀུན་ལ་སྨྲ་མཁས་དཔལ།།
ལྷག་བསམ་མཐུ་སྟོབས་གཞན་ལ་བསྟན་ནུས་དགོས།།
མཐུན་སྒྲིལ་ལྕགས་རི་ཟབ་མོའི་དཔའ་མཁར་བརྟན།
སྒེར་སྤྱོད་དུག་བྲལ་སངས་པས་འཁོར་ཡུག་གཙང་།།
ཀུན་ཕན་དཔའ་མཛངས་ཡབ་མེས་སྣང་སྲིད་དབང་།།
མེས་དབོན་ནང་བཞིན་ཕ་ཆོས་འཛིན་ནུས་དགོས།།
མཁྱེན་རབ་རྗེ་བཙུན་འཇམ་དཔལ་གཞོན་ནུས་ཐུགས།།
བརྩེ་ཆེན་འཕགས་མཆོག་སྤྱན་རས་གཟིགས་དབང་གར།།
མཐུ་སྟོབས་ནུས་པ་ཕྱག་ནས་རྡོ་རྗེ་དངོས།།
རིགས་གསུམ་ཀུན་འདུས་སྲིད་སྐྱོང་མགོན་པོ་དགོས།།
དེ་མིན་མཆོད་འོས་བསླུ་ཞིང་ལས་འབྲས་བྲལ།།
དམ་པ་སྐུར་འདེབས་འགྲོ་ལ་གཡོ་སྒྱུ་མཁན།།
ཁ་ཁོག་མི་མཚུངས་ཏང་དང་ཕྱོགས་འདྲ་རྣམས།།
སྲིད་འཛིན་བྱས་ཀྱང་གནས་སྐབས་དབུ་བཙན་ཙམ།།
མདོར་ན་བསྟན་སྲིད་ཡིད་བཞིན་ནོར་བུ་ཉིད།།
འཛམ་གླིང་སྤྱི་ནོར་དཔལ་དུ་འཛིན་སྐྱོང་སྤེལ།།
མཁས་གྲུབ་དམ་པའི་མཛད་བཟང་རྒྱས་གྱུར་ཅིག།
ཅེས་པ་འདི་ཡང་རབ་གནས་ཤིང་ལུག་དབྱར་ཐའི་ཉ་ལ་དྲ་ཐོག་ནས་སྲིད་སྐྱོང་ང་ཡིན་ཁོ་ཡིན་ཟེར་བའི་ལངས་ཕྱོགས་ངན་པའི་ཕྱོགས་རིས་ལ་མི་བཟོད་པའི་སྙིང་རྗེས་ཀུན་ནས་སློང་སྟེ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་གངས་ཅན་འགྲོ་བའི་བདེ་སྡུག་ལ་ཡག་ཉེས་དང་རེ་དྭོགས་ཅན་རྒྱལ་ཁམས་པ་ཤྲཱིས་གང་ཤར་བྲིས་པས་གངས་ཅན་བོད་པའི་བསྟན་སྲིད་ལ་ཕན་པའི་རྒྱུ་རུ་གྱུར་ཅིག་གུ།